བརྩམས་སྒྲུང《རྟ་གྲོ་ལུའི་སེམས་འདུན》ཞེས་པ།

65761

webwxgetmsgimg (2).jpg

 


        ཁང་གསར་ཚེ་དབང་རིག་འཛིན། པིར་མིང་ལ་གཡོག་པོར་འབོད།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།  ༢༠༡༥ལོར་སྐབས་ལྔ་བའི<<ཟླ་ཟེར>>རྩོམ་རིག་བྱ་དགའ་ཐོབ།   དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བའི་དཀྱིལ་དུ་མདོ་སྨད་མགོ་ལོག་གཅིག་སྒྲིལ་དུ་སྐྱེས།   ལས་ཞོར་དུ་བརྩམས་སྒྲུང་གཙོ་བོར་བྱས་ཏེ་སྙན་ངག་དང་ལྷུག་རྩོམ་དཔྱད་རྩོམ་སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་མང་པོར་བཀོད།   ༢༠༡༢ལོར་སྒྲུང་ཐུང་བསྡུས་དེབ་<<ཕ་ཡུལ་གྱི་འཁྲེང་སེམས>>དང་། ༡༠༡༥ལོར་སྒྲུང་ཐུང་བསྡུས་དེབ་གཉིས་པ་<<སྤྱང་ཀིའི་རྣ་ཚར>>པར་སྐྲུན་བྱས།  ཉེ་ཆར་རབ་རྟོག་བརྩམས་སྒྲུང་བསྡུས་དེབ<<འབྲི་མོ་རོག་རོག་གི་རྣམ་ཤེས>>ཞེས་པ་དང་།   སྒྲུང་འབྲིང་ཕྱོགས་བསྒྲིགས་ཀྱི་དེབ<<འབྲོག་སྡེ་དང་དབྱར་རྩ་དགུན་འབུ>>ཞེས་པ་དང་སྒྲུང་ཐུང་ཕྱོགས་བསྒྲིགས་<<ཚེ་སྐྱིད་ཀྱི་གནས་ཡུལ་གསུམ་པ>>ཞེས་པ་གསུམ་ཀྱང་པར་སྐྲུན་བྱེད་རྩིས་ཡིན།   ད་ལྟ་མགོ་ལོག་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲུབ་པའི<<ཤྭ་སྐྱ>>དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པའི་ལས་ཀ་གཉེར་ཞོར་མུ་མཐུད་དུ་དཔེ་ཀློག་དང་རྩོམ་འབྲིའི་ལས་ལ་འཇུག་གིན་ཡོད།  


 

 

                         རྟ་གྲོ་ལུའི་སེམས་འདུན།   

 

                                                ༡

        ངས་བདག་པོ་ཚང་གི་ཐད་ཀའི་སྲིབ་སྒང་ནས་མར་བལྟས་པ་ན།     ངའི་བདག་པོས་ན་ནིང་རྟ་གཉིས་སྦྱིན་ཏེ་ཉོས་པའི་ལྡིར་སྒྲ་གཟན་པོ་དང་།    དྲི་མ་བཙོག་པོ་ཅན་གྱི་རྐང་གཉིས་དེ་ཞོན་ནས་རྡུལ་ཤར་རེར་མར་ཕྱོགས་སུ་འགྲོ་བཞིན་འདུག      སྒང་ཁའི་རླུང་བུ་གྲང་ཤུར་ཤུར་དེ་ཤ་གསེང་རུས་གསེང་དུ་འཚངས་པ་བཞིན།     ངའི་སེམས་སུ་དབུགས་མེད་ཀྱི་བཞོན་པ་རྫོབ་པོ་དེ་ཉོ་བྱེད་དུ།   ང་ཚོའི་རྟ་ཁྱུའི་ནང་ནས་ཅུང་མིན་ན་རང་ཉིད་ཀྱང་གཞན་ལག་ཏུ་བཙོང་བའི་ནང་དུ་ཚུད་པའི་སྐབས་ཀྱི་འཇིགས་དངངས་དང་སེམས་ཁུར་གྱིས་མནན་པའི་དོན་དེ་ཝ་ལེར་དྲན་འོང་།    

              སྤྱིར་ང་ནི་བདག་པོ་ལ་མཚོན་ན་རྟ་གཞན་ལས་རྩིས་ཐང་ཤིན་ཏུ་ཆེ་ལ་དྲིན་ཡང་ཆེ་བ་ཡིན་ཞེས་སྨྲ་སྤོབས་ཏེ།     ང་ལ་གོམ་ལག་བདེ་བས་ངའི་བདག་པོ་ལོ་རེའི་སྡེ་མང་ལྷན་དུ་འདུས་པའི་རི་བསང་ཆེན་མོ་ལྟ་བུའི་མི་ཚོགས་འདུས་པའི་གྲས་སུ་འགྲོ་ཐེངས་རེ་རེར།     “ཇི་འདྲའི་རྟ་སྐྱིད་པོ་ཞིག་རེད།    གཡང་ལ་བོ།”  “མྱི་དྭངས་རྟ་ཚོང་རྒྱག་ཨེ་རེད་”ཅེས་སོགས་འགྲོ་གྲོགས་ཚོས་ང་ལ་ཡིད་སྨོན་ཤོར་བའི་ཁ་བརྡའམ་སྐད་ཆ་རྒྱུན་དུ་ཐོས་རྒྱུ་ཡོད།     དེ་བས།    ངས་ཀྱང་རང་ཉིད་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་རེད་འདོད་ནས་སྣང་བ་ཨ་སྔོན་དགུང་ལས་མཐོ་མྱོང་ལ།     སྤང་ཐང་ལ་རླུང་ལས་མྱུར་བའི་གོམ་འགྲོས་ཀྱིས་རི་མོ་ཕབ་བཞིན་མགོ་འཕངས་གནམ་དུ་བཏེགས་ཏེ་སྲབ་སིལ་མར་སིལ་སྒྲ་གྲགས་པའི་མགོ་མཆོད་ཇ་ཕུད་འཕེན་འཕེན་བྱེད་མྱོང་།    བདག་པོའི་སྣང་བ་དྭངས་ཆེད་སྲབ་ལྕགས་སོ་ཡིས་དམ་པོར་བཟུང་ནས་སྲབ་འཐེན་ལག་འོབ་ཟ་ཟ་ཡང་བྱེད་མྱོང་།    དེ་དུས་མི་ཚོགས་ཀྱི་ཁྲོད་ནས་བདག་པོ་ནི་ཁོ་ཚོའི་བཤད་སྒྲོས་ལྟར་གྱི་“རོ་སྟོད་ཇ་སྒམ་དུ་ལོག    སེམས་པུ་སིལ་ཏོག་ཏུ་ལོག”ཅེས་པར་གྱུར་ཡོད་པར་ཐེ་ཚོམ་མེད་དེ།     ཁོའི་སྣང་བ་གཏིང་ནས་དྭངས་པའི་སིང་སིང་གི་དགོད་སྒྲ་རེ་རེ་ངའི་རྣ་བར་བླུགས་པ་གྲངས་ཀྱིས་ག་ལ་ཟིན།   

           ཡིན་ནའང་དབུགས་མེད་ཀྱི་འགྲོ་སྤྱད་རྐང་གཉིས་མ་དེ་ཉོ་རྩིས་བྱེད་སྐབས་སུ།     མི་ཚོས་“རྒྱ་ལྭ་”ཟེར་བའི་ལྭ་བ་གྱོན་ཞིང་།   ངའི་བདག་པོ་སོགས་ཀྱིས་དབྱར་ཁའི་ཆར་ཆུའི་ཁྲོད་དུ་གྱོན་རྒྱུའི་ཞྭ་མོ་དེ་རིགས་གྱོན་པའི་མི་ཞིག་ང་ཚོའི་རྟ་རའི་ནང་དུ་འོང་ནས།    ཡར་ཉུལ་མར་ཉུལ་དང་།    གཡས་བལྟ་གཡོན་བལྟ་གང་མང་བྱས་མཐར་ང་ལ་མཛུབ་མོ་བཙུགས་ནས་འདི་དང་།     ངའི་ཨ་མའི་ནུ་མོའི་བུ་དེ་རྟ་ཕོ་རྐྱང་ནག་ལ་མཛུབ་མོ་བཙུགས་སྟེ་“འདི་གཉིས་སྦྱིན་ན་འཚོང་ཆོག”ཅེས་སྐད་ཆ་ད་མ་དིག་ཅིག་བཤད་སོང་།     དེ་ལ་ངའི་བདག་པོའི་གདོང་མདོག་འགྱུར་གྱིན་“འདི་གཉིས་ནི་ངེད་ཚང་གི་རྟ་ཁྱུའི་གྲལ་ན་དེའི་སྟོབས་མེད་པ་གཉིས་ཡིན་པས་སྦྱིན་མི་ཐུབ།     ལྷག་པར་དུ་འདི་ནི་ངའི་གཉེན་ཉེ་ཞིག་ལ་བཙོང་འཆར་ཡང་བྱས་ཡོད་པས་ཁོ་ལ་རྫུན་བཤད་མི་ཉན།”ཞེས་ང་ལ་མཛུབ་མོས་སྟོན་ཞོར་རྫུན་ཞིག་ལབ་སོང་།    ངས་བདག་པོ་ལ་སེམས་གཏིང་ནས་བཀའ་དྲིན་ཡང་ཡང་ཞུས།    

        རྒྱ་མ་བོད་ལྟ་བུ་དེས་མགོ་བོ་འཕྲེད་དུ་གཡུག་བཞིན་སྐད་ཆ་ད་མ་དིག་མང་པོ་ཞིག་བཤད་ཞོར་རྟ་ར་ནས་བུད་སོང་།     ངས་ཁོས་བཤད་པའི་སྐད་ཆ་རྗེས་མ་དེ་དག་མ་གོ་ནའང་།     རྟ་འདི་གཉིས་མ་སྦྱིན་ན་ངེད་གཉིས་ལ་ཚོང་འགྲིག་ཐབས་མི་འདུག་ཚུལ་སྣ་ཚོགས་ལབ་པ་ཡིན་ངེས།    ངའི་བདག་པོ་ཁོའི་རྗེས་སུ་རྒྱུག་ནས་མང་པོ་ཞིག་ལབ་ཀྱིན་འདུག་མོད་མི་དེ་ཕྱིར་རྟ་རའི་ནང་དུ་མ་ཡོང་བར་རུ་སྐོར་ཞོལ་མའི་ནང་དུ་བུད་སོང་།     ཡིན་ནའང་ངས་ཉིན་འདི་འགར་བཟའ་མི་ཚོའི་ཁ་བརྡ་ལས་བདག་པོས་འགྲིམ་འགྲུལ་ཅ་ལག་དེ་ཡིན་གཅིག་མིན་གཉིས་ཉོ་དགོས་ཚུལ་ལབ་ཀྱིན་པ་ཐོས་ལ།     བདག་པོའི་ཨ་མ་ལོ་ལོན་གྱིས་“ངའི་གོ་ཐོས་ལྟར་ན་འཕྲུལ་ཆས་འདིས་ནི་མིའི་ཚེ་སྲོག་སྐད་ཅིག་ཉིད་དུ་མེད་པར་གཏོང་འགྲོ་རབས་ཐོས་པས།    གནའ་ནས་ད་ལ་ཐུག་གི་བར་དུ་སྟོད་ཉི་མ་ལྷ་སའི་བར་དུ་རྟ་གཡག་ཞོན་ནས་སོང་བས་ཐོན་སོང་།    རྟ་གཡང་གིས་བསྲུང་རྒྱུ་འདི་ཚོས་མི་ཆོག་རྒྱུ་ཞིག་མི་འདུག་པས་ངས་བལྟས་ན་དེ་ནི་དགོས་པའི་རྒྱུ་རྫས་ཤིག་མིན་ཁ་རེད་”ཅེས་སོགས་བཀག་འགོག་མང་པོ་བྱེད་ཀྱིན་འདུག་པ་ཐོས་མོད།     ངས་བདག་པོས་དེ་འབྲེལ་གྱི་གནས་ལུགས་རི་བརྩེགས་བརྩེགས་ཀྱིས་བཤད་དེ་མ་རྒན་སྨྲ་བ་མེད་པར་བཏང་འགྲོ་ཚུལ་ལ་བལྟས་ན།     ངའི་བདག་པོའི་ཅ་ལག་དེ་ཉོ་འདོད་ཀྱི་འདུན་པ་ནི་རི་གཟར་གྱི་རྦབ་ཆུ་ལྟར་འགོག་ཏུ་མེད་པ་ཞིག་ཡིན་པ་ཤེས་ཐུབ།     དེ་བས།    སང་ནང་མོ་ཡང་བསྐྱར་རྒྱ་མ་བོད་དེ་ང་ཚོའི་རྟ་རའི་ནང་དུ་འོང་ནས་ང་ལ་མཛུབ་མོ་འཛུགས་ཨེ་ཡོང་སྙམ་ནས་སེམས་པ་ལྷོད་ལ་མ་བབས།   

        སྤྱིར་ང་ཚོ་དུད་འགྲོ་རྟའི་རིགས་ནི་སྐྱེ་བ་རྟ་ལུས་བླངས་ཚུན་ཆད་ནས་མིའི་བཞོན་པ་ཡིན་པས་ས་དང་ཡུལ་གང་དུ་སོང་ཡང་ཁྱད་པར་ཆེན་པོ་མེད་པ་ལྟ་བུར་སྣང་མོད།     ང་ནི་དེ་ལྟ་བུ་ཞིག་ཡེ་མིན་པར་ཆུང་ནས་འདྲེས་པའི་བདག་པོ་དང་འབྲལ་མི་འདོད་ལ།    རང་གི་ཨ་མ་གཙོའི་གཉེན་ཉེ་ཚོར་དེ་བས་ཀྱང་འབྲལ་ག་ལ་འདོད།    ད་དུང་རྩྭ་ཆུ་འབེལ་བོ་ཡོད་པའི་ཡུལ་ལྗོངས་སྐྱིད་པོ་འདི་ལའང་འབྲལ་མི་འདོད།    ངས་ན་ནིང་གི་དོན་དག་དེར་ཕྱིར་དྲན་བྱས་ནས་མཚམས་དེར་སླེབས་པ་ན།    གསེབ་ནག་རས་འདོད་པའི་འཚེར་སྐད་མཐོན་པོ་འདོན་བཞིན་ངའི་ཨ་ཅེ་སྟེ་རྒོད་མ་རྐྱང་རིལ་མར་ཆགས་པ་སྤྱད་བྱུང་།     ང་རང་འཚེར་སྐད་མཐོན་པོ་དེས་ད་ཅིའི་ཕྱིར་དྲན་ལས་དྲངས་པ་མ་གཏོགས།    གསེབ་ནག་རས་འདོད་པ་སྤྱད་པས་ཤ་འཐེན་ལྟ་ཅི་སྐྱི་འཐེན་ཙམ་ཡང་རྒྱུག་རྒྱུ་མི་འདུག་སྟེ།    ང་རང་ལོ་གསུམ་པ་“རྒྱ”ཡི་སྟེང་དུ་རྫོང་ཐོག་ཅེས་འཛེར་སྒྲ་ཤིན་ཏུ་ཆེ་བ།    ཁང་བ་ཧ་ཅང་མང་ལ་དྲི་བཙོག་སྣས་བཟོད་མི་ཐུབ་པའི་གད་སྙིགས་དེ་བཞིན་མང་ས་ཞིག་ཏུ་ཁྲིད་ནས།    རྒྱ་མི་མཚོན་རྣོན་འཇིགས་སུ་རུང་བ་ཐོགས་མཁན་ཞིག་གིས་སྒོང་འབྲས་གཉིས་བཏོན་པ་ནས་བཟུང་གསེབ་དང་རྒོད་མའི་གཡུལ་འཁྲུགས་ལྟ་བུའི་འདོད་སྤྱོད་ལ་ཚོར་བ་ལྷག་མ་ཅི་ཡང་སྐྱེ་རྒྱུ་མེད་པར་བྱས་སོང་།   

            ལོ་ངོ་གཉིས་གསུམ་ཞིག་གི་རིང་ལ་སྡེ་བ་འདིའི་ཁྱིམ་ཚང་ཕལ་མོ་ཆེས་རྐང་གཉིས་ཅན་གྱི་དྲི་བཙོག་འགྲོ་སྤྱད་དེར།    རྟ་དང་ནོར།   ལུག་སོགས་གང་མང་ཞིག་སྦྱིན་པ་དང་གཞན་ལ་བཙོང་ནས་དེའི་རིན་ཉོས་སོང་།     དྲི་བཙོག་ཅན་དེ་མང་པོ་ཉོས་པས་ལྷིང་འཇགས་ཀྱི་འབྲོག་ཐང་སྐྱིད་པོ་དེའང་འཛེར་སྒྲས་ཡང་ཡང་གཙེས་འོང་།     དབུགས་མེད་ཀྱི་འགྲོ་སྤྱད་དེ་ཇེ་མང་དུ་སོང་བས་ང་ཚོ་འདོ་བ་རྟའི་རིགས་ལ་ཕྱོགས་གཅིག་ནས་སྔོན་ལྟར་ཐག་རིང་གི་གཉེན་ཉེའི་ཐུག་ཕྲད་དང་།    ཇག་རྐུན་རྩད་གཅོད།    རྫོང་དང་དགོན་པ་སོགས་ལ་འགྲོ་ཐེངས་ཤིན་ཏུ་ཉུང་བར་བྱས་པས་སོས་དལ་མོ་བྱུང་།    འོན་ཏེ་ཕྱོགས་གཞན་ཞིག་ནས་ཁྱིམ་བདག་ཚོའི་སེམས་ཀྱི་ང་ཚོའི་རྩིས་ཚོད་གློ་བུར་དུ་ལྷུང་དྲགས་པའི་ཚོར་བ་ཞིག་གིས་སྐྱིད་པོ་དེ་འདྲ་མ་བྱུང་།    ལྷག་པར་དུ་ང་ལ་མཚོན་ན།   སྔོན་ཆད་སང་ཉིན་བདག་པོས་ང་བཞོན་ནས་གནས་གང་ཞིག་ཏུ་འགྲོ་དགོས་ཚེ་དོ་ནུབ་ཡང་མིན་ན་འོ་མ་ལྡུད་པ་དང་ཡང་མིན་ན་ཇ་རྒོད་དང་བྱེ་ཁུ་སོགས་ཧ་ཅང་ཞིམ་ཞིང་ལུས་ཕུང་གསོ་བའི་བཏུང་བ་ཡག་པོ་ལྡུད་སྲོལ་ཡོད་མོད།     དྲི་བཙོག་གི་འགྲོ་སྤྱད་དེ་ཉོས་པ་ནས་བཟུང་ང་ལ་བཏུང་བ་ཞིམ་པོ་དེ་རིགས་གང་ན་ཡོད།     ངའི་རྣམ་རྟོག་མིན་ན་དགུང་མོ་ང་ཚོ་འདོག་སྐབས་དང་།     ཞོགས་པར་ལྷས་ནས་འཕུད་སྐབས་སོགས་སུ་སྔར་བཞིན་གྱི་བརྩེ་བའི་མིག་མདངས་ཤིག་ཀྱང་མི་འདུག་པར་སྙམ་ལ།     འབྲོག་པ་ཚོའི་མི་རབས་ནས་མི་རབས་སུ་འགྲིམ་འགྲུལ་གྱི་གནད་རྩའི་འགན་ཁུར་ནས་འོང་བའི་སྒོ་ཕྱུགས་རྟ་ཡི་རིགས་ང་ཚོའི་རིན་ཐང་གློ་བུར་དུ་མར་ཆགས་སོང་བའི་སྣང་བ་ཡང་ཡང་བྱུང་།   

            ད་ལྟ་ང་རང་སྔར་དང་མི་འདྲ་བར་ཉིན་བཞིན་རང་རིགས་ཀྱི་ཁྱུ་རུ་མཉམ་གཅིག་ཏུ་བསྡད་དེ།     རི་གསུམ་གྱི་རྩྭ་དང་ལུང་གསུམ་གྱི་ཆུ་འཐུང་ནས་ཤིན་ཏུ་ལྷོད་པོར་སྡོད་ཆོག་པས་ཧ་ཅང་སྐྱིད་ཆོག་མོད།     དེའི་ཚོད་ཀྱི་སྐྱིད་སྣང་ཞིག་འབྱུང་མི་ཐུབ་པར།     སེམས་ཀྱི་ག་ཤེད་ཅིག་ནས་ཅི་ཞིག་གིས་མནན་འདུག་པ་ལྟ་བུའི་ཚོར་བ་ཞིག་གིས་མི་གཏོང་།     ངའི་ཕུ་ནུ་གཉེན་ཉེ་ཚོས་ནི་དོན་དག་འདིར་མཉམ་འཇོག་གིན་མེད་ཚོད་རེད་དེ།     སོ་སོ་མཉམ་གཅིག་ཏུ་འཛོམས་ནས་རྩྭ་ཆུར་རོལ་རྒྱུ་བྱུང་ན་དེས་ཡིད་ཚིམ་ནས་འདུག    ལྷག་པར་དུ་ངའི་ནུ་མོའི་རྟེའུ་ནག་ཆུང་དང་།     ངའི་ཨ་ནེའི་རྟེའུ་སུག་དཀར།    ཁྱིམ་མཚེས་ཚང་གིས་ན་ནིང་སོས་ཀར་གསེབ་ནག་རར་རྒྱུད་འཇོག་པར་བཅོལ་རྗེས་ནས་ཕྱིར་མ་ཁྲིད་ལ།    གསེབ་ནག་རས་ཀྱང་རང་རྟ་ལྟ་བུར་རྩིས་ནས་ཕྱིར་གཏོང་འདོད་མི་བྱེད་པའི་རྒོད་མ་རྐྱང་ལུ་མའི་རྟེའུ་ཁམ་ཆུང་སོགས་ཀྱིས་ནི་རྟ་ཁྱུའི་སྔོན་དང་རྗེས་སུ་མགོ་རྔ་ཐོ་གཏུགས་བཞིན་རྩེད་མོ་རྩེས་ནས་རྒྱུག་མདུར་གློད་ཀྱིན་འདུག     ངས་རྣམ་པ་འདི་དག་མཐོང་ཐེངས་རེ་རེར་འདང་རྒྱག་ཅིག་གི་ནང་དུ་ལྷུང་ནས་རྩྭ་ཟ་རྒྱུའང་བརྗེད་འགྲོ་བས།     ངའི་ཨ་མ་ལོ་ལོན་གྱིས་ང་ལ་རྩྭ་ཟ་བར་དྲན་སྐུལ་བྱེད་དགོས་ཐུག་པའང་ཐེངས་གཅིག་མིན།   

                                             ༢

         མི་ཚོས་“སྟོན་ནམ་རྟ་བོས་མི་ཆོད་”ཅེས་ནམ་ཟླ་སྟོན་གྱི་མཚན་མོ་རེ་རེ་ཤིན་ཏུ་རིང་བར་འདོད་པ་ཁ་བརྡ་ལས་གོ་མྱོང་མོད།     ང་ན་སོ་དགུ་བར་ཐོན་རག་བར་ཏེ།     ངའི་བདག་པོས་འཛེར་སྒྲ་དམེ་བོ་དང་།    དྲི་མ་བཙོག་པོ།    རྐང་བ་གཉིས་ཅན་གྱི་འགྲོ་སྤྱད་དེ་ཉོས་པའི་བར་དུ་ངས་སྟོན་ནམ་མ་ཆོད་པར་རིང་བོ་འདུག་སྙམ་པ་ཞག་གཅིག་ཙམ་ཡང་ཡོད་མ་མྱོང་མོད།     བདག་པོས་ཅ་ལག་དམེ་བོ་དེ་ཉོ་སྤྱད་དུ་ངའི་སྤུན་ཚོགས་ཀྱི་གྲས་ནས་ཕང་མེད་དུ་གཉིས་སྦྱིན་པ་ནས་བཟུང་སྟེ།       ཁྱིམ་ཚང་གི་གཡང་གི་རྟེན་གཞི་ངེད་འདོ་རིགས་རྟ་ཁྱུ་ལ་གོད་ཆག་ཅིག་འབྱུང་བའི་སྔ་ལྟས་བྱུང་བའི་མགོ་བརྩམས།      སྔོན་ཆད་ཡིན་ན་ནམ་ཟླ་དུས་ཚིགས་བཞི་གར་ང་ཚོ་རྩྭ་གང་བཟང་དང་ཆུ་གར་ཡོད་དུ་འཚོ་ལ།    ལོ་རེའི་དཔྱིད་ཐོག་རྒོད་མར་རྟེའུ་བཙའ་སྐབས་སུ་ཁྱིམ་མི་ཚོས་ལྷག་ཏུ་གཅེས་སྐྱོང་གང་ལེགས་བྱེད་པ་སྟེ།    རྒོད་མར་ཁེབས་མ་འགེབས་པ།    བྱེ་ཁུ་དང་ཇ་རྒོད་སོགས་ལྡུད་ནས་མ་བུ་གཉིས་བདེ་བླགས་ངང་འཚོ་བར་འབད་པ་བྱེད།   

             ད་དུང་རྟེའུར་སྤྱང་ཀིའི་གནོད་པ་མི་འབྱུང་བའི་ཆེད་དུ་བླ་མ་གང་རུང་གི་ཕྱག་ནས་སྤྱང་སྲུང་མདུད་པ་བླངས་ནས་རྔོག་ཆུང་དུ་འདོགས་པ།    ཁྱིམ་ལ་ཆེད་དུ་བླ་མ་དང་གྲྭ་བ་གདན་དྲངས་ནས་སྒོ་ཕྱུགས་ཀྱི་འཕེལ་ཁ་རྒྱས་བྱེད་དུ་རིམ་གྲོ་སྒྲུབ་པ།     དགོན་པའི་གྲྭ་དམངས་འདུས་སྡེ་ལ་རྟ་གཟུངས་སོགས་འདོན་བཅོས་བྱས་ནས་རྟ་ཁྱུར་གོད་ཁ་མི་འབྱུང་བའི་བཟློག་པ་གང་ལེགས་བྱེད།    ན་ནིང་ད་ལོ་ནས་བཟུང་ངེད་ཚོ་གཙིགས་འཛིན་དང་གཅེས་སྐྱོང་དེ་རིགས་སོས་ཀའི་སྤྲིན་པ་རླུང་གིས་དེད་པ་བཞིན་གློ་བུར་དུ་ཆད་སོང་བས་མི་ཚད།     ངའི་ཨ་ཅེ་གཉིས་དང་ནུ་བོ་གཅིག་ཀྱང་ཕང་མེད་དུ་བཙོང་ཟིན་པས་དུས་ཡུན་ལོ་ངོ་གཉིས་ཀྱི་རིང་ལ་ངེད་ཀྱི་རྟ་ཁྱུ་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཟིན།    ངས་དེ་ལྟའི་ངེད་ཅག་གི་གནས་བབས་ལ་འདང་རྒྱག་གིན་རྒྱག་གིན་སྟོན་ནམ་ལོས་ཀྱང་ཡིན་ཏེ་མི་ཚོས་བཤད་པའི་“དཔྱིད་ནམ་ཤིག་གི་མཐོ་གང་”ཞེས་ཐུང་བའི་དཔེ་རུ་འཇོག་པ་དེའང་ཆོད་རྒྱུ་དཀའ་ཙམ་འདུག    

             ངའི་སེམས་པ་ནི་དབྱར་སྤྲིན་གྱི་འདུ་འགོད་བཞིན་སྡོད་དུ་མེད་པར་རྣམ་རྟོག་གི་ཕུང་བོ་གཏོས་ཆེན་པོ་ཞིག་གིས་ཡོངས་སུ་བཟུང་འོང་།     ལོ་ངོ་བཞི་ལྔ་ཞིག་གི་སྔོན་དུ་བདག་པོ་ཚང་གི་སྦྲ་ནག་གི་མཐའ་སྐོར་དུ་ངེད་ཅག་སྒོ་ཕྱུགས་རིགས་གསུམ་གྱིས་ཕྲ་ཕུང་བཏབ་པ་ལྟར་ཡོངས་སུ་བསྐོར་ནས་ཡོད་ལ།     ང་ཚོའི་མཚེར་སྐད་དང་།    ནོར་གནག་གི་ངུར་སྒྲ།    དཀར་མོ་ལུག་གི་འབའ་སྐད་སོགས་ཀྱིས་ཁོར་ཡུག་འདིར་སྙན་པའི་དབྱངས་རྟ་བྲག་ཅར་བསྐྱིལ་མྱོང་།     ཡིན་ནའང་ལོ་བཞི་ལྔ་ཞིག་གི་སྔོན་དུ་ངའི་བདག་པོ་དང་ཁོའི་ཁྱིམ་མཚེས་གྲོགས་པོ་སོགས་འགའ་རེའི་ཁ་ནས་“ལུག་འཚོ་རྒྱུ་འདིར་དཀའ་ཚེགས་ཤིན་ཏུ་ཆེ་བས།     ལུག་བཙོང་ནས་འབྲི་མོ་ཉོས་ཏེ་ནོར་ནག་ཇེ་མང་དུ་བཏང་ན་མི་ལེགས་སམ།”  “ལུག་ཡོད་ན་ཤ་ཡིས་ཁ་སྐྱིད་རྒྱག་པ་རེད་མོད།     དེ་དང་འབྲེལ་སྡིག་པའི་གྲངས་མང་པོ་བསགས་པས་གཤིན་རྗེ་ཆོས་རྒྱལ་ལ་སྐྲག་གི་འདུག”   “ཨ་རོགས་དེ་ནི་ཁྱོའི་ཐབས་ཤེས་བླ་ན་མེད་པ་ཞིག་རེད་དེ།     ལུག་རྫི་ནི་ཁྱིམ་ཚང་སུ་དང་སུ་ཡིན་རུང་སྐྱེས་པ་ཚོ་འགྲོ་བ་ལས་བུད་མེད་འགྲོ་བའི་སྲོལ་མེད་པས།     ལུག་མེད་ན་ང་ཚོ་སྐྱེས་པ་དག་གི་ཚེགས་ཧ་ཅང་ཇེ་དལ་དུ་སོང་བ་མིན་ནམ།    ཧ་ཧ་ཧ།”    “ཧ་ཧ་ཧ།   

            དེ་འདྲ་གླེང་མི་ཉན་མ་གཏོགས་ཁྱོད་ཀྱི་རྒན་མོས་ལུག་འཚོང་དུ་ཨེ་འཇུག་མི་ཤེས་ཨང་།”  “ཁྱོད་ཀྱིས་དེ་ལྟར་ཤོད་དང་ལུག་འཚོང་རྒྱུ་ཕར་ཞོག    དོ་ནུབ་རུམ་ལའང་བཏུད་དུ་འཇུག་དཀའ་བ་རེད།    ཧ་ཧ་ཧ།”      “ཧ་ཧ་ཧ།    ཧ་ཧ་ཧ།”འདི་ལྟར་མིས་མི་དྲན་རྒྱུ་འདྲེས་དྲན་ཞེས་པའི་དཔེ་ལྟར།     ཕ་མེས་ཡང་མེས་ཀྱི་མི་ཚེ་ནས་མི་ཚེར་མི་སྲིད་པ་ཞིག་གྲོས་བྱེད་ཀྱིན་ཡོད་པ་ངས་ཐོས་མྱོང་།     ངའི་སེམས་སུ་ཁོ་ཚོས་ཀུ་རེ་རྩེ་བའམ་གང་འདོད་ཀྱི་ལབ་གླེང་ཙམ་ཞིག་ཡིན་ངེས་སྙམ་བྱུང་མོད།     དེའི་རྗེས་ཀྱི་དབྱར་འདས་ནས་སྟོན་གྱི་རང་མདངས་མངོན་པའི་སྐབས་སུ།   ངའི་བདག་པོ་ཚང་གིས་སྐད་ཆ་མགྱོགས་པོ་མགྱོགས་པོ་བཤད་མཁན་གྱི་མི་འགའ་ལ་ལུག་ཡོངས་རྫོགས་བཙོང་སོང་།    བྱེད་སྟངས་འདི་ནི་ཁྱིམ་རྒྱུད་གོང་མའི་མེས་པོ་ཚོའི་རྨི་ལམ་དུའང་རྨི་ག་ལ་སྲིད། དོན་དག་དེས་ངེད་ཅག་རྟ་དང་ནོར་ཡོངས་རྫོགས་ཧད་པར་བཏང་།    དོན་དག་དེས་ས་སྲོད་རེ་རེར་ང་ཚོར་སྦྲ་ནག་གི་མཐའ་ནས་ཉུང་རུག་རུག་དང་རྐམ་ཐག་ཐག    ཡང་ན་འཇམ་ཐིང་ཐིང་ལྟ་བུའི་ཚོར་བ་སྐྱོ་བོ་སྟེར་བཞིན་ལོ་ཟླ་ཕར་ཕར་འདས།   

            ངས་བདག་པོ་ཚང་གི་ལུག་ཁྱུའི་མགོ་ལ་འོང་བའི་ལྟས་ངན་དེ་ནམ་ཉི་མ་ཞིག་ལ་ང་ཚོའི་མགོར་ཡང་མི་འབྱུང་བའི་ངེས་པ་ཨེ་འདུག་གམ་སྙམ་ནས་སེམས་པ་འདི་ལྷོད་ལ་མི་འབབ།     ལོ་འདི་འགར་ངའི་བེད་སྤྱོད་ཀྱི་རིན་ཐང་གློ་བུར་མར་ཆགས།     དཔྱིད་དང་དབྱར་གྱི་དུས་སུ་ང་ཚོ་རྟ་ཕོ་གསུམ་བཞི་ཞིག་ཡོད་པ་དེ་དག་རེས་བསྐོར་ནས་བདག་པོའི་བཟའ་ཟླ་དང་།    བུ་མོ་སོགས་ཀྱིས་བཞོན་ཏེ་ནོར་རྫི་བྱེད་པ་དང་དགོང་མོ་རྟ་ལྷས་ལ་ཕབ་བྱེད་དུ་གྱུར།    དེའི་ཕྱིར་ངས་ད་ལྟ་སྔོན་ཆད་བདག་པོ་མི་གྲལ་དུ་འགྲོ་བའི་སྐབས་ཀྱི་གནའ་སྒ་ཟངས་ཀྱི་ཡོབ་ཆེན་འོད་མདངས་སེར་ལམ་མེ་ཅན་དེ་དང་།     དངུལ་གྱི་ཕྲ་སྤྲས་པའི་སྲབ་ཁྲ།    ཆུ་མིག་དགུ་སྒྲིལ་གྱི་སྲབ་མདའ་སོགས་ཀྱང་མ་མཐོང་བར་དུས་ཡུན་རིང་ཙམ་འགོར།                 

              ཉིན་དེར་ང་བདག་པོའི་བཟའ་ཟླས་བཞོན་ནས་རྫི་བོར་ཆས།     རི་སྒང་ནས་སྡེ་བ་ཞོལ་མའི་བུད་མེད་ཅིག་དང་མཉམ་དུ་ནོར་འཚོས། “ཨ་མ་མ།    ཁྱོད་ཀྱིས་‘རྡོ་རྗེ་གོ་ཁར་ལྷུང་ན་འེ་ལུའི་(བྱིས་པ་ཆུང་ཆུང་གི་ཡུལ་སྐད)རྩེ་གདན་’ཞེས་པའི་དཔེ་ལྟར་རྟ་གྲོ་ལུ་རྫི་རྟར་བཀོལ་བ་འདི་སེམས་ཕངས་བ་ཞིག་མིན་ནམ།”  “དང་ཐོག་ངས་ཀྱང་གྲོ་ལུ་རྫི་རྟར་བཞོན་མི་ཕོད་པ་ལྟ་བུ་ཞིག་དང་མི་བྲ་བ་ལྟ་བུ་ཞིག་ཏུ་འདུག་ཀྱང་ཚེ་རིག་གིས་‘ད་ལྟ་ང་རང་གང་དུ་སོང་ཡང་འཕྲུལ་རྟ་ཡོད་པས་རྟ་ཡིས་དགོས་པ་ཆེར་མེད།     དེ་བས་རྫི་རྟར་བཀོལ་རྒྱུ་ལས་ཅི་བྱེད་’ཅེས་སྨྲས་བྱུང་བས་ངས་ཀྱང་ཁོའི་ཁར་ཉན་པ་ཡིན།    ཧུ་ཧུ།”    “སྔོན་ཆད་ཁྱེད་ཚང་གི་རྟ་གྲོ་ལུའི་གོམ་ལག་ཡག་པོ་དེས་ཁྱེད་ཀྱི་བཟའ་ཟླ་ལ་ཡིད་སྨོན་ཤོར་བའི་བུད་མེད་མང་པོ་ངས་མཐོང་མྱོང་།”    “ཁྱོད་ཀྱང་དེའི་ནང་གི་གཅིག་མིན་ནམ།”    “ཧ་ཧ་ཧ།”    “ཧ་ཧ་ཧ་་་་་་”   “གང་ལྟར་རྟ་གྲོ་ལུ་ཚེ་སྟོད་ངའི་བཟའ་ཟླར་དྲིན་ཆེན་རེད་དེ།     ཚེ་སྨད་ང་ལ་དྲིན་ཆེན་ཡིན་ངེས།”     “ད་ལྟ་ཁྱོས་རྟ་གྲོ་ལུ་བཞོན་ན་སྐྱེས་པ་གང་ཞིག་གིས་སེམས་ཤོར་མི་འགྲོའམ།”    “ཧ་ཧ་ཧ་འདྲེ་མོ་མ།”    “ཧ་ཧ་ཧ།”

            ཁོ་མོ་གཉིས་ཀྱིས་དགོད་ཀྱིན་དགོད་ཀྱིན་བཤད་པའི་ཁ་བརྡ་ཐུང་ངུ་འདི་ལས་ཀྱང་ང་རང་སྔོན་ཆད་བདག་པོ་ཚང་གི་གཅེས་ནོར་ཞིག་ཡིན་པ་རྟོགས་ལོས་ཐུབ།    ཁོ་མོ་གཉིས་ཀྱིས་རྩེ་རྩེ་དགོད་དགོད་ཀྱི་ཁ་བརྡ་སྣ་ཚོགས་བྱེད་ཞོར་དུ་ནོར་ཁྱུ་རྣམས་ཉིན་སྒང་ཐུར་དུ་བསྐོར་ཞིང་།     ཐོད་མཐོན་པོ་དེའི་སྟེང་ནས་རྟ་ལས་བབས་ཏེ་ངལ་གསོས།     ངའི་བདག་མོའི་རྫི་རོགས་ཀྱི་བཞོན་པ་དེ་ནི་བལྟས་ཚོད་ཀྱིས་སྔོན་ཞིག་ནས་རྫི་རྟར་བཀོལ་ཞིང་ལོབས་འདུག་པ་ཞིག་ཡིན་ས་རེད།     རྫི་བོ་གོང་ནས་བབས་མ་ཐག་ནས་མྱུར་བར་སྲབ་མདས་དོས་ཚོད་དུ་རྩྭ་ཟ་མགོ་བརྩམས།     ངས་རི་མཐོན་པོ་དེའི་སྒང་ནས་ཕྱོགས་བཞིར་རྒྱང་ལྟ་བྱས།     དེ་རིང་གནམ་ངོ་ཤིན་ཏུ་ཐང་པས་རྒྱང་རིང་ལ་ལྟད་མོ་ལྟ་བར་སྤྲིན་གྱི་གེགས་རྐྱེན་གང་ཡང་མི་འདུག     ལྷོ་ཕྱོགས་ཀྱི་རི་བོ་བརྒྱ་ཕྲག་འདས་པའི་ཕར་འགྲམ་དེ་ན་གངས་རི་དང་རྫ་རི་འདྲེས་མའི་རི་མཐོན་པོ་ཞིག་གིས་ར་བ་བཞིན་བསྐོར་ནས་འདུག     གཞན་གྱི་ཕྱོགས་དག་གི་རི་ཚོགས་ནི་ཆུ་ཆེན་གྱི་གཉེར་རིས་བཞིན་གཅིག་གི་རྒྱབ་ཏུ་གཅིག་ལངས་པ་ལྟར་མཐའ་མི་མངོན།     སྐབས་དེར་ངའི་ཐད་ཀའི་ཡར་གསེག་ཅིག་ན་རྒོད་ཐང་དཀར་ཞིག་གིས་གནམ་འཕང་གཅོད་ཀྱིན་པ་ངའི་མིག་ལམ་དུ་ཐོགས།     ངས་བྱ་རྒྱལ་རྒོད་པོ་དེར་ཡིད་སྨོན་ཤོར།    གལ་ཏེ་ང་རང་ཐང་དཀར་དེ་ཡིན་ན་མཐའ་མི་མངོན་པའི་རྒྱང་རིང་གི་རི་ཚོགས་ནི་དོན་ངོ་མའི་གང་དང་ཅི་ལྟ་བུའི་འཇིག་རྟེན་ཞིག་ཡིན་པར་ལྟད་མོར་ཐེངས་གཅིག་མི་འགྲོ་ཨང་སྙམ།   

           ལྷག་པར་དུ་ལྷོ་ཕྱོགས་ཀྱི་གངས་རི་དང་བྲག་རི་འདྲེས་མའི་རྩེ་མོ་གནམ་ལ་ཟུག་པ་དེའི་སྟེང་དུ་བབས་ནས་གནམ་ལ་རེག་རེག་བྱེད་ཅིང་།   ཕྱོགས་བཞིའི་འཇིག་རྟེན་ལ་རྒྱང་ལྟ་སྐྱིད་པོ་ཞིག་ཅིས་ཀྱང་བྱེད་ངེས།     ངས་དེ་དང་དེ་ལྟར་སྙམ་གྱིན་སྙམ་གྱིན་སེམས་པ་རྒོད་ཐང་དཀར་དེ་དང་མཉམ་དུ་རྒྱང་རིང་དུ་ཆས།    མཚམས་ཤིག་ཏུ་ངའི་བདག་མོས་ཀི་ཞིག་བཏབ་པས་ང་རང་གི་རྣམ་ཤེས་ཕྱིར་བཀུགས།     “བུད་མེད་ཀྱི་ཀི་ཡིས་གོ་ཅི་ཡང་མི་ཆོད་དེ།     སྤྱང་ཀིས་‘བྱིས་པ་ཕོ་ལོ་བརྒྱད་ཅན་ཞིག་གི་ཀི་སྒྲ་ཐོས་ན་ང་རང་ལ་དགུ་ལུང་དགུ་བརྒལ་ཡང་སྙིང་ཆུང་ལྟིག་ལྟིག་ཏུ་ལྡང་མོད།     བུད་མེད་ལོ་ཉི་ཤུ་ཅན་ཞིག་གི་ཀི་སྒྲ་ཐོས་ནའང་ངས་ལ་དགུ་ལུང་བརྒལ་ཡང་དགོད་ཁ་ཤོར་གི’ཞེས་ཟེར་སྲོལ་ཡོད་པ་མིན་ནམ།”    རྫི་གྲོགས་མས་དེ་ལྟར་བཤད་ཀྱིན་ཀུ་རེའི་ཉམས་བསྟན།    ངའི་བདག་མོ་ནི་ཀུ་རེ་ཁ་མཚར་ལ་ཤིན་ཏུ་དགའ་བོ་ཡོད་པ་ཞིག་ཡིན་པས་འཕྲལ་མར།   “དེ་ནི་རྫུན་རྐྱང་ཡིན་ངེས།     སྐྱེས་པ་དང་བུད་མེད་ནི་ཞབས་ཀྱི་དེ་ཕྱིར་འབུར་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་ཅི།      སྐྱེས་པའི་ཕྱིར་འབུར་བ་དེ་མེ་མདའ་ནི་མིན་པས་ཁོ་ཚོ་སྐྱེས་པར་ལྷག་ཏུ་སྐྲག་དོན་གང་ན་ཡོད།      ཧ་ཧ་ཧ།”   “ཧ་ཧ་ཧ་་་་་་ཤུ།”  “དེ་མེ་མདའ་ཞིག་ཡིན་པའི་དབང་དུ་བཏང་ཡང་བུད་མེད་ཀྱི་ཞབས་ལ་རྒྱག་པ་ལས་སྤྱང་ཀི་ལ་རྒྱག་མི་སྲིད།” “ཧ་ཧ་ཧ” “ཧ་ཧཧ་་་་་་” ཁོ་མོ་གཉིས་དགོད་ཁ་གཏིང་ནས་ཤོར་ཏེ་སར་འདྲེ་ལྡོག་བརྒྱབ།     རྫི་བོའི་ཨ་མཚར་གྱི་དགོད་སྒྲ་དེ་རི་མཐོན་པོའི་བསིལ་རླུང་དང་འགྲོགས་ནས་མཁའ་དབྱིངས་སུ་ཆས།   དེ་བཞིན་དུ་ད་ཅིའི་ཐང་དཀར་རྒོད་པ་དེའང་མཁའ་མཐའི་སྤྲིན་དཀར་དང་འདྲེས་ཏེ་གར་སོང་མ་ཤེས།

                                                ༣

            བདག་པོ་ཚང་གིས་འཛེར་སྒྲ་དང་དྲི་བཙོག་ཅན།    རྐང་གཉིས་ཅན་གྱི་འགྲོ་སྤྱད་དེ་ཉོས་པའི་ལོ་གསུམ་ཙམ་གྱི་རྗེས།     ང་རང་བདག་པོ་ཚང་གི་ཤོམ་རྟ་ནས་རྫི་རྟར་གྱུར་པའི་ལོ་གསུམ་ཙམ་གྱི་རྗེས་ཏེ།     ཁ་བ་སྟུག་པོ་ཞིག་གིས་རི་ཀླུང་ཀུན་ལ་དངུལ་དཀར་གྱི་ལྭ་བ་བསྐོན་ཞིང་།     ཙག་རླུང་སྡོམ་པོས་ཁ་བའི་སྟེང་གི་ཟེགས་མ་དག་སག་སག་གི་སྒྲ་དང་བཅས་ཕན་ཁྱེར་ཚུར་ཁྱེར་བྱེད་པ།     ང་ཚོའི་རྔ་རྔོག་དག་ཀྱང་རང་སར་དཔྱང་དུ་མི་འཇུག་པར་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་འཕྱོ་ཚུར་འཕྱོ་བྱེད་པའི་དགུན་གཞུང་གི་ཉིན་མོ་ཞིག་ཏུ།     ང་ཚོ་ཞུད་ཞོར་འགྱེལ་ཞོར་བདག་པོ་ཚང་གི་ཐད་ཀའི་ཉིན་སྒང་དུ་འགོས།      འབྲོག་སྡེའི་སྒོ་ཕྱུགས་དག་ལས་ང་ཚོ་ནི་ཁ་བ་བབས་སྐབས་སེམས་ཁུར་ཆེན་པོ་མེད་མཁན་ཡིན་ཏེ།      ཡ་མཆུ་ཡིས་ཁ་བ་ཕར་དེད་ཚུར་དེད་ཀྱིས་ཁངས་འོག་གི་རྩྭ་སྐྱ་ཁ་ལ་རེག་ཐུབ།     ང་ཚོས་ཉིན་སྒང་དེ་ནས་ཙག་རླུང་ལ་གདོང་གཏད་དེ་རྩྭ་ཟ་ཅི་ཐུབ་བྱེད་སྒང་དུ།     རྒྱང་རིང་གི་ག་ཤེད་ཅིག་ནས་ངའི་རྣ་ལམ་དུ་རྒྱུས་ཡོད་ཀྱི་མི་སྐད་ཅིག་ཐོས་འོང་བ་འདྲ།     ངས་མྱུར་དུ་མགོ་བཀྱགས་ནས་བདག་པོ་ཚང་གི་ཕྱོགས་སུ་བལྟས།     ཁ་བའི་འོད་མདངས་ཤིན་ཏུ་ཆེ་བས་གསལ་བོ་ཞིག་མི་མཐོང་མོད།     བདག་པོ་ཚང་གི་སྒོ་རུ་མི་འགས་རུབ་རུབ་བྱེད་ཀྱིན་འདུག་ལ།    སྐད་སྒྲ་དེ་ནི་རེས་འཇགས་རེས་ལངས་ཀྱིས་གྲགས་འོང་ལ།     བདག་མོའི་སྐད་རེད་འདུག     ད་ཐེངས་ཀྱི་སྐད་གདངས་ནི་བདག་མོའི་ནམ་རྒྱུན་གྱི་དགོད་སྒྲ་མ་ཡིན་པར་ངུ་སྐད་རེད།    

               ང་སྐྱེས་ནས་ད་ལྟའི་བར་དུ་བདག་པོ་ཚང་གི་བྱིས་པ་དག་གི་ངུ་སྐད་ལས་མི་ཆེ་བའི་ངུ་སྐད་ཅིག་ཐོས་མ་མྱོང་བས།     ངོ་མཚར་བར་གྱུར་ལ་སེམས་སུ་སྡུག་ལོང་ངེར་གྱུར།     ཡིན་ནའང་ངའི་གཉེན་ཉེ་ཚོས་ནི་བདག་པོ་ཚང་གི་གནས་ཚུལ་ལ་ཉམས་སྣང་ཙམ་འཇོག་གིན་མེད་པར།    ཁ་བའི་འོག་གི་རྩྭ་ནི་ཆེས་དཀོན་པའི་ཟས་མཆོག་རེད་ཨང་ཟེར་བ་ལྟར་སོ་སོས་ཟས་ལ་ཤུགས་རྒྱག་གིན་འདུག་ལ།     རི་ཇི་ལྟར་མཐོ་ན་རྩྭ་ཁ་དེ་ལྟར་བཟང་རེད་ཟེར་བ་ལྟར་མདུན་ནས་མདུན་དུ་འགྲོ་བཞིན་གདའ།     དེ་བས།    ངས་ཀྱང་རྩྭ་ཟ་བཞིན་ཁོ་ཚོའི་རྗེས་འབྲང་སྟེ་ཡར་ཡར་འགོས་ནས་གདོང་ཞིག་གི་ཕག་ཏུ་བུད་སོང་།     ང་ཇི་ལྟར་སྔོན་ལ་སོང་ན་སེམས་དེ་ལྟར་ཤུལ་ཏུ་ལྷག་འགྲོ།    ངའི་རྣ་ལམ་ནས་བདག་མོའི་ངུ་བཤད་ཀྱི་སྒྲ་དེ་ཤུར་ཤུར་རླུང་འཚུབ་ཀྱི་སྒྲ་དང་མཉམ་དུ་ཉིན་གང་བོར་མ་ཆད།   

        སྤྱིར་ང་ཚོའི་རྟ་ཁྱུ་འདི་ནི་བདག་པོ་ཚང་གིས་ནམ་རྒྱུན་དགོང་མོ་ཉི་མ་རི་རྩེར་མ་བཞུད་གོང་ནས་འདེད་དུ་འོང་།    ཡིན་ནའང་ད་ནི་ས་རུབ་ལ་ཉེ་མོད་རྫི་བོ་ཞིག་མིག་གིས་རིག་ས་དང་རྣ་བས་ཐོས་སར་འོང་རྒྱུ་མི་འདུག    ས་རུབ་ཐག་ཆོད་སོང་།     ང་ཚོ་འདེད་མི་ཞིག་ད་དུང་མ་ཡོང་།     ད་ནི་བདག་པོ་ཚང་ལ་དོན་རྐྱེན་ཆེན་པོ་ཞིག་བུད་པ་ཁོ་ཐག་ཡིན་ངེས་སྙམ་ནས་མཚན་གང་བོར་ཞེ་སེམས་དེ་བས་ཀྱང་ལྷོད་དུ་མ་བབས།    ངའི་གཉེན་ཉེ་ཚོ་ནི་བདག་པོ་ཚང་འདེད་དུ་མ་ཡོང་བར་དགའ་བ་དང་བཅས་མཚན་གང་བོར་རྩྭ་ཟོས།    ང་ཚོ་ལ་དངོས་གནས་ལྟོ་བར་འགྲངས་རྒྱུ་ཞིག་མི་འདུག   བསམ་བློ་ཞིག་བཏང་ན།  ད་ནི་ལྟོ་བ་དག་བདག་པོ་ཚང་གི་ཨོང་སྒྱེ་ཆེན་པོ་ཞིག་ཡིན་ནའང་གང་ཡོད་ངེས། 

               ནམ་གསལ་ནས་ཉི་མ་རི་རྩེར་ཤར་བའི་སྐབས་སུ་ང་ཚོ་ཕྱིར་ཉིན་སྒང་དུ་བུད་ཅིང་ད་གཟོད་ཚང་མས་ལུས་ཉི་མར་འདེ་ནས་བརྒྱགས་པའི་ཚུགས་ཀ་བསྟན།    ངས་ནི་སྨད་ཕྱོགས་ཀྱི་བདག་པོ་ཚང་ལ་ཡང་ཡང་བལྟས་མོད།    ཁ་སང་ཉིན་གང་བོར་ཁ་བས་མིག་གཙེས་པས་དེ་རིང་ནི་རྒྱང་རིང་བོ་ལྷག་ཏུ་མི་མཐོང་།    རྣ་བ་གཏད་དེ་སྨད་ཕྱོགས་སུ་ཇི་ལྟར་ཉན་ནའང་ཁ་སང་ལྟ་བུའི་བདག་མོའི་ངུ་སྐད་ཐོས་རྒྱུ་མི་འདུག    འོན་ཏེ།    འཛེར་སྒྲ་དྲི་བཙོག་ཅན་དེ་རིགས་ཀྱི་སྒྲ་ཤིན་ཏུ་མང་པོ་ཞིག་བདག་པོ་ཚང་ལ་འགྲོ་བའམ་ཕྱིར་ལ་ལོག་པ་རྒྱུན་མི་ཆད་པ་ཞིག་ཏུ་འདུག     དེ་དང་འགྲོགས་ནས་ཁྱི་སྟག་དམར་གྱི་ཟུག་སྐད་ལའང་འཇགས་པ་མེད་པར་གྱུར།      

         དགོང་མོ་ས་རུབ་ལ་ཉེ་སྐབས་སུ་ད་གཟོད་ཁྱིམ་མཚེས་ཚང་གི་བྱིས་པ་གཉིས་ང་ཚོ་དེད་དུ་ཐོན།     ང་ཚོ་བདག་པོ་ཚང་དང་ཉེ་བར་ཐོན་སྐབས་སུ་གྲྭ་བ་ཚོའི་ལག་ཏུ་ཡོད་པའི་སིལ་སིལ་གྱི་སྒྲ་ཅན་དེ་རིགས་གྲགས་ཀྱིན་འདུག་ལ།     རྣ་ལམ་དུ་བཞོན་པ་དྲི་བཙོག་གི་དྲི་མ་མ་ཡིན་པའི་གཞོབ་དྲི་ཞིག་ཀྱང་འཐུལ་འོང་།     ང་ཚོ་མཁོང་དུ་སླེབས་ཚེ་ཁྱིམ་ནང་དུ་སྔར་ལས་ལྡབ་འགྱུར་གྱི་འོད་ཅིག་འཆར་གྱིན་པ་དང་།    གྲྭ་བས་འདོན་པ་འདོན་པའི་སྒྲ།    མི་མང་པོས་ཀྱང་སྒོ་ཕྱི་ཁྱིམ་ཀུན་ཏུ་དགོད་སྒྲ་དང་སྐད་མཐོན་པོའི་འབོད་བརྡ་ལྟ་བུ་གཅིག་ཀྱང་གྲགས་རྒྱུ་མེད་པར།   འགྲོ་ཞོར་ལས་ཞོར་དུ་ཤུབ་ཤུབ་ངང་ཁ་ཏོན་གང་ཞིག་འདོན་པའི་སྒྲ་སོགས་གྲགས་ཀྱིན་འདུག་པ་སྟེ།    ཧ་ཅང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཞིག་གིས་སྒོ་ཕྱི་ཁྱིམ་ཐམས་ཅད་ཡོངས་སུ་བཟུང་འདུག     ངས་རྟ་མཁོང་ནས་མགོ་བོ་མཐོན་པོར་བཏེགས་སྟེ་བདག་པོ་ཨེ་མཐོང་བལྟས་ཤིང་།    ཁོའི་སྐད་སྒྲ་ཨེ་གོ་ལ་ཉན།    སྔོན་ཆད་ཡིན་ན་ངས་མཚན་མོ་རེ་རེར་རྟ་མཁོང་ནས་བདག་པོས་རང་གི་བཟའ་ཟླ་དང་བུ་ཕྲུག་ལ་འབོད་པའི་སྐད་སྒྲ་དང་།    ཁྱིམ་ནས་ནུབ་ཟས་ཟ་སྐབས་ཀྱི་ཁ་བརྡའི་ཁྲོད་ནས་ཁོའི་གླུ་སྐད་དང་།    དགོད་སྒྲ།    ཉལ་རན་ཁར་སྦྲ་སྒོ་ནས་ཀི་སྒྲ་གནམ་ལ་ཐུག་པ་འགའ་རེ་འདེབས་སྲིད་ལ།    ད་དུང་མཚན་གུང་ཙམ་རེར་ཡར་ལངས་ནས་ངེད་ཅག་གི་ནང་དུ་གློག་དཀར་བཀར་ཞོར་ཀི་རིང་རེ་འདེབས་སྲོལ་ཡོད།     ཡིན་ནའང་དོ་ནུབ་ཁོའི་ཀི་སྒྲ་ཕར་ཞོག་སྐད་ཆ་ཚིག་གཅིག་བཤད་པའི་སྒྲ་ཙམ་ཡང་ཐོས་རྒྱུ་མ་བྱུང་མོད།     མཚན་གང་བོར་སྦྲ་མྱིག་ལས་འོད་ཅིག་གི་རྒྱུན་མ་ཆད།     དེ་ནི་སྦྲ་ནག་ཕྱི་ཡི་མུན་ནག་དང་གྲང་རླུང་ལ་དོ་བསྡོ་བའི་བྱེད་པོ་ཞིག་གི་ཚུལ་ལས་མ་འདས།   

        ནམ་རྒྱུན་ཞོགས་སྔ་མོར་ངའི་བདག་པོས་“འུམ་འུམ”དང་“འུམ་འུམ”ཞེས་ཅི་ཞིག་འདོན་བཞིན་ང་ཚོ་རྟ་མཁོང་ནས་ཕུད་དཔེ་མོད།     དེ་རིང་ཁོའི་གྲིབ་མ་ཙམ་ཡང་མཐོང་དུ་མེད་པར་ངའི་བདག་མོ་འོང་ནས་ང་ཚོ་ཕུད་སོང་།     ངས་བདག་མོའི་སྐྲ་གཟེངས་ཤིང་གདོང་ནི་དབྱར་གྱི་ཆར་ཆེན་འབབ་ཁ་མའི་སྤྲིན་ནག་བཞིན་འཁྲིགས་འདུག    སྔོན་ཆད་མོ་རང་གླུ་ལེན་རྒྱུར་དགའ་བ་ལས་ཁ་ཏོན་འདོན་རྒྱུར་དེ་འདྲ་མི་དགའ་མོད།    དེ་རིང་སྣབས་རེ་འཇིབ་ཀྱིན་ཁ་མིག་མིག་གིས་ཁ་ཏོན་ཞིག་ཡང་ཡང་བཟློ་བཞིན་པས་མི་ཚད།    བལྟ་ཉེས་མིན་ན་མིག་གཉིས་ཀ་ཐེར་ཐེར་དུ་སྐྲང་ཡོད།  

          ང་རྟ་མཁོང་ནས་བུད་ཞོར་དང་ཡར་གཟས་སར་འགྲོ་ཞོར་ཕྱི་མིག་ཡང་ཡང་བལྟས་ནའང་བདག་པོའི་གཟུགས་མཐོང་དུ་མ་ཡོད་ལ།    སྐད་ཀྱང་གོ་རྒྱུ་མ་ཡོད།    དེ་ལས་ལྡོག་སྟེ་མི་ཚོས་གྲྭ་བ་རུ་འབོད་པ་དག་གིས་ལག་ཏུ་འཛིན་པའི་སིལ་སིལ་གྱི་སྒྲ་དང་མགྲིན་པའི་ལྷང་ལྷང་གི་དབྱངས་ཤིག་མདང་ནུབ་བཞིན་ཡང་བསྐྱར་གྲགས་དང་གྲགས་ཀྱིན་འདུག   

         དེ་རིང་ནི་ཉིན་གྱི་ཁ་བ་ཕལ་ཆེར་ཞུ་ཟིན་ཞིང་།    སྲིབ་ནི་ད་དུང་དཀར་དུང་ངེར་འདུག     ཆུ་བོའི་གཡས་གཡོན་གྱི་གཞུང་དག་ནི་ཕྱེད་ཞི་ལ་ཕྱེད་མ་ཞི་བར་ཁྲ་ཁྲ་སྟེ་བདག་པོ་ཚང་གི་ཞི་ལའི་རྒྱབ་ལྤགས་ལྟ་བུར་སྣང་།    ངའི་ཨ་མ་སོགས་ལོ་རྒས་པ་དག་གིས་སྣེ་ཁྲིད་བཞིན་ང་ཚོས་འགྲོ་ཞོར་དང་ཟ་ཞོར་ངང་ཁ་བ་ཞི་ཡོད་སའི་ཉིན་ཕྱོགས་སྙེག་ཏེ་སོང་།    ཉིན་སྒང་ནས་མར་བལྟས་ན་ཁ་སང་ལས་ཀྱང་མང་བའི་མི་ཚོགས་ཀྱིས་བདག་པོ་ཚང་ནས་ཡར་འགྲོ་མར་འགྲོ་བྱེད་ཀྱིན་འདུག    ཁ་སང་དང་མི་འདྲ་ས་ནི་ཁྱི་སྟག་དམར་གྱིས་མཚམས་དང་མཚམས་རེར་ཟུག་སྐད་རེ་ཟུང་འབྱིན་པ་ལས་ཁ་སང་ལྟར་གྱི་བསྟུད་མར་འབྱིན་པའི་ཟུག་སྐད་ཅིག་ཐོས་རྒྱུ་མི་འདུག    ངས་ནི་རང་གི་བདག་པོ་ལ་རྐྱེན་ངན་གང་ཞིག་བྱུང་སོང་བ་ལོས་ཡིན་སྙམ་ནས་ཉིན་གང་བོར་ཟོས་པའི་རྩྭའི་བྲོ་བ་གང་ཡང་མ་ཚོར་བར་ལྟོ་བར་བསྐྱིལ།    “ངའི་གོ་ཐོས་ལྟར་ན་འཕྲུལ་ཆས་འདིས་ནི་མིའི་ཚེ་སྲོག་སྐད་ཅིག་ཉིད་དུ་མེད་པར་གཏོང་འགྲོ་རབས་ཐོས་པས།    གནའ་ནས་ད་ལ་ཐུག་གི་བར་དུ་སྟོད་ཉི་མ་ལྷ་སའི་བར་དུ་རྟ་གཡག་ཞོན་ནས་སོང་བས་ཐོན་སོང་།        རྟ་གཡང་གིས་བསྲུང་རྒྱུ་འདི་ཚོས་མི་ཆོག་རྒྱུ་ཞིག་མི་འདུག་པས་ངས་བལྟས་ན་འདི་ནི་དགོས་པའི་རྒྱུ་རྫས་ཤིག་མིན་ཁ་རེད།”ཅེས་པའི་ལོ་འགའི་སྔོན་བཤད་པའི་བདག་པོའི་ཨ་མའི་སྐད་ཆ་དེ་དྲན་གྱིན་དངོས་གནས་འཕྲུལ་ཆས་དེས་ངའི་བདག་པོའི་ཚེ་སྲོག་སྐད་ཅིག་ཉིད་དུ་འཕྲོག་སོང་བ་མིན་ནམ་སྙམ།   

                                                  ༤

            ཉིན་འགའི་རྗེས་ཀྱི་ནངས་མོ་དེར།    བདག་མོས་ངུ་ཤུམ་བྱེད་ཀྱིན།   ངའི་མགོ་ལ་ལོ་འགར་བཞག་མ་མྱོང་བའི་དངུལ་སྲབ་ཆུ་མིག་དགུ་སྒྲིལ་གྱི་སྲབ་མདའ་ཅན་དེ་བསྐོན་ནས་རྟ་ཁྱུའི་རྗེས་སུ་མ་བཏང་།    ཅང་མ་འགོར་བར་མི་འགའ་འོང་ནས་སྔོན་ཆད་བདག་པོ་མི་གྲལ་དུ་འགྲོ་སྐབས་ང་ལ་བསྟད་རྒྱུའི་གནའ་སྒ་ཟངས་ཀྱི་ཡོབ་ཆེན་ཅན་དེ་བསྟད་བྱུང་ལ།    དེའི་སྟེང་དུ་ཏ་ལེན་དང་ཕྲུག་ལྭའི་ཤ་ཐག་སོགས་ཚགས་སུ་ཆུད་པར་བྱས།    ངས་རྣམ་པ་འདི་དག་མིག་གིས་མཐོང་བ་དང་ལུས་ཀྱིས་མྱོང་ཚེ་བདག་པོ་ལྷག་ཏུ་དྲན་ནས།    ཁོ་རང་གིས་གྱོན་པ་གྲལ་དག་ཅིག་གོན་ཏེ་སྦྲ་སྒོ་ནས་བུད་ལ་ཨེ་ཡོད་སྙམ་ནས་མིག་ཅེར་རེར་བལྟས།    སྦྲ་སྒོ་ནི་དེ་རིང་ཆེས་མི་ཁོམ་པའི་ཉིན་ཞིག་ཏུ་སྣང་སྟེ།    གྱོན་པ་དམར་པོ་གོན་པའི་གྲྭ་བ་དང་།    ངོ་མི་ཤེས་པའི་སྐྱེས་པ་བུད་མེད་སོགས་མང་པོ་མང་པོ་ཞིག་ཡར་འཛུལ་མར་འབུད་ཀྱིས་རྒྱུན་མི་ཆད་མོད།     ངའི་བདག་པོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་།    

              མཚམས་ཤིག་ནས་ཡང་མི་འགས་སྔོན་ཆད་བདག་པོས་བསང་ཕུད་སྐབས་ཁྱེར་བའི་“ཁ་བཏགས་”སུ་འབོད་པའི་རས་དཀར་པོ་ཤར་ཤར་ཞིག་བཟུང་སྟེ་ངའི་ཕྱོགས་སུ་འོང་།    དེ་དག་ལས་མི་ཞིག་གིས་ངའི་རྔ་མར་འབྱར་གྲབས་བྱས་པ་ན།    ངས་སྐྱེས་ནས་ད་ལྟའི་བར་བདག་པོ་ལས་མི་ཆ་མེད་ཅིག་ལ་རྔ་མར་འཛིན་དུ་འཇུག་མ་མྱོང་བས་རྐང་ཕྲ་ཡིས་རྒྱག་རྩིས་བྱས་པ་ན་ཁོ་ཚོ་སྐྲག་ནས་བཅར་མ་ཕོད།     “སོང་ནས་སྒྲོག་ཁྱེར་ཤོག    སྒྲོག་ཁྱེར་ཤོག”ཅེས་གཅིག་གིས་བཤད་སོང་།    ཁོ་ཚོས་ང་ལ་སྒྲོག་སུམ་ལག་བརྒྱབ་ཅིང་རེ་རེས་ཁ་རྩ་ནས་བཟུང་།    རེ་རེས་རྔ་མར་འཇུས་ཏེ་ཅི་ཞིག་ལས་ཀྱིན་འདུག     སྔོན་ཆད་བདག་པོས་རྔ་མདུད་རྒྱག་པ་ནི་རྔ་མ་ལག་ནང་དུ་ཐེངས་འགར་ཤད་དེ་མཆིལ་མ་འགའ་བཏབ་ནས་མདུད་པ་བརྒྱབ་ཏེ་ཤུགས་ཀྱིས་འཐེན་འཐེན་བྱེད་པ་ཙམ་ཏེ།    མགྱོགས་པོ་མགྱོགས་པོ་ཞིག་ལས་མི་དགོས་མོད།     དེ་རིང་རས་དཀར་པོ་དེ་རྔ་མའི་ནང་དུ་འདོགས་པའམ་ཅི་ཞིག་བྱས་ནས་དུས་ཡུན་རིང་ཙམ་འགོར།     ཁོ་ཚོ་ཕར་སོང་རྗེས་ངས་རྔ་ཚུབ་བྱས་ནས་བརྟགས་པ་ན།    ཁ་བཏགས་དཀར་པོ་དེ་རྔ་མའི་ནང་དུ་བཏགས་པའམ་བསླས་ནས་རྔ་མ་འགུལ་མི་བདེ་བ་ཞིག་ཏུ་བཏང་འདུག     ངས་ད་སྔ་མི་སྲིད་པའི་དེ་རིང་གི་བྱེད་སྟངས་འདི་ནི་བཟང་རྟགས་སམ་ངན་རྟགས་ཅི་ཞིག་ཡིན་པར་འདང་བརྒྱབ།     སྔོན་ཆད་བདག་པོས་ཁ་བརྡ་ལས་བཤད་པའི་གླིང་སྒྲུང་གི་“མི་སྲིད་སྲིད་པ་རྣམ་གསུམ་”ལྟར་གྱི་མི་སྲིད་པའི་སྲིད་པ་ཞིག་ཡིན་ནམ་ཡང་ན་ཅི་ཞིག་ཡིན།    

               དེ་རིང་ནི་བདག་པོ་ཚང་ལ་མི་ཚོགས་སྔར་བྱུང་མ་མྱོང་བ་ཞིག་མང་།    མང་ཕྱོགས་ནི་དྲི་བཙོག་ཅན་གྱི་བཞོན་པ་རྐང་གཉིས་ཅན་ཞོན་མཁན་དེ་རིགས་རེད་འདུག་ལ།     ད་དུང་རྟ་ཞོན་དང་གཡག་ཞོན།    རྐང་ཐང་སོགས་སྣ་ཚོགས་འདུག     དྲི་བཙོག་ཅན་གྱི་བཞོན་པ་རྐང་གཉིས་ཅན་མང་པོ་ཞིག་གིས་གྱོན་པ་དམར་པོ་གོན་པའི་གྲྭ་མང་པོ་ཞིག་འཕོངས་ལ་བསྐྱོན་ནས་ལྡིར་ལྡིར་གྱི་སྒྲ་གནམ་ས་འགད་སྙམ་བྱེད་པ་ལྟར་དུ་ཐོན།     དྲི་མ་བཙོག་པོ་དེ་ངའི་མགོ་ནང་དུ་རྒྱུག་ནས་ཞེ་མེར་བར་བཏང་།     དེར་མཐུད་ནས་སྦྲའི་མར་ཕྱོགས་སུ་དུ་བ་སྔོ་སློག་སློག་བྱེད་པའི་མེ་ཕུང་ཆེན་པོ་དེའི་ཐོག་ཏུ་ཟས་རིགས་མང་པོ་ཞིག་བླུགས་པས་ཁོར་ཡུག་ཡོངས་སུ་དྲི་བཙོག་ཅིག་གིས་ཁྱབ་པས།    ང་དེ་བས་ཀྱང་སྡོད་བཟོད་མི་བདེ་བར་བཏང་།    

              སྐྱ་སེར་ཡོངས་རྫོགས་འདུ་རུབ་ཀྱིས་ཅི་ཞིག་འདོན་པའི་སྒྲ་འུར་འུར་གྲགས།     དེ་ནི་སྔོན་ཆད་བདག་པོས་ང་ཁྲིད་དེ་རི་མགོ་ནས་བསངས་ཁྲིར་བསྐོར་བ་བྱེད་པའི་སྐབས་དང་ཅུང་འདྲ་བོ་འདུག     མི་འདྲ་ས་གཙོ་བོ་ནི་དེ་རིང་བུད་མེད་མང་པོ་འདུག་ཅིང་།    ཀི་སྒྲ་མེད་པ།    “རླུང་རྟ་”ཞེས་པའི་ཁ་བ་བབས་པ་ལྟ་བུའི་ཤོག་བུ་དཀར་པོ་གཏོར་རྒྱུ་མེད་པ་ཙམ་རེད།     ལྷག་པར་དུ་མི་ཚོའི་གདོང་ན་བསང་ཕུད་རྟ་རྒྱུག་གི་སྐབས་ལྟར་སྤྲོ་སྣང་མེད་ཅིང་།     དགོད་སྒྲ་ནི་དེ་བས་ཐོས་རྒྱུ་མི་འདུག     

             མི་ཚོགས་ཀྱིས་ཅི་ཞིག་འདོན་པའི་འུར་འུར་གྱི་སྒྲ་དེ་ཆར་རྗེས་ཀྱི་འབྲུག་སྐད་བཞིན་འཇགས་སོང་།    སྐབས་དེར་ཁྱིམ་མཚེས་ཀྱི་སྐྱེས་པ་སྟེ་ངའི་བདག་པོའི་ཕུ་བོས་ངའི་སྲབ་མདའ་ནས་བཟུང་སྟེ་ཐུང་ཁྲིད་ཀྱིས་སྦྲའི་སྒོ་ཐད་དུ་ཁྲིད།     སྟོད་གོས་སེར་བོ་གྱོན་པའི་གྲྭ་བ་ཞིག་ངའི་མིག་མདུན་དུ་མངོན་འོང་།     ཁོ་ནི་བླ་མ་ཆེན་པོ་ཞིག་ཡིན་ཚོད་གདའ་སྟེ།     མི་ཚོགས་ཀྱིས་མགོ་བོ་སྟོན་གྱི་སྙེ་མ་བཞིན་དུད་ནས་ལམ་ཧར་གྱིས་ཕྱེས།     ངའི་བདག་པོའི་ཕུ་བོས་སྟོད་གོས་སེར་བོ་གྱོན་པའི་བླ་མ་དེའི་ལག་ཏུ་སྲབ་མདའ་གཏད་ཀྱིན་“བླ་མ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་རྗེས་གཟིགས་རོགས།     ཤི་བོ་འདི་ནི་ངེད་ཚང་གི་མི་རབས་མི་རྒྱུད་ཀྱི་མཐོ་རིས་ཚོ་ཤི་བ་དང་ཡེ་མི་འདྲ་བར།     ‘ན་སོ་གསུམ་པ་བཞི་བ་རྟའི་ཐིག་ཐོག་དང་།     ཕོ་ལོ་སུམ་ཅུ་བཞི་བཅུ་མྱིའི་ཐིག་ཐོག་’ཅེས་པའི་དཔེ་ལྟར།     དར་མ་དར་ཐོག་འདི་ལྟ་བུ་ཞིག་ཏུ་ང་ཚོ་ལ་མ་དབང་བར་སྲི་ཤིར་(དུས་མ་ཡིན་པའི་འཆི་བའམ་རྐྱེན་ངན་གྱིས་སྲོག་ཤོར་བར་ཟེར)ཐེབས་སོང་བས།     ཤི་བོའི་རྣམ་ཤེས་ངན་སོང་དུ་མི་གཏོང་བར་མཁྱེན་མཁྱེན།     རྟ་འདི་ནི་ཤི་བོ་ཁོའི་ཆེས་རྩིས་ཆེན་པོ་དེ་ཡིན་པས་དེ་རིང་ཁྱེད་ལ་ཕུལ་བ་ཡིན།”ཞེས་ངུ་སྔངས་བྱེད་ཀྱིན་འདར་འདར་ངང་མགོ་བོ་དུད།      ངས་ད་གཟོད་བདག་པོ་འཇིག་རྟེན་ཕྱི་མར་བུད་སོང་བ་ཐག་གིས་ཆོད་པ་ཞིག་ཤེས་སོང་།    ཡིན་ནའང་ད་ཅི་ཁོས་བླ་མར་ཞུས་པའི་“སྲི་ཤིར་ཐེབས་”ཅེས་པའི་དོན་མ་གོ་བས་འཆི་རྐྱེན་གསལ་བོ་ཞིག་མ་ཤེས།    སྐབས་འདིར་རང་ལ་ཐོག་བརྒྱབ་པ་ལྟ་བུའི་གློ་བུར་བའི་སྐྱོ་བ་དྲག་པོ་ཞིག་ཐོན་པས་འགོག་ཏུ་མེད་པའི་མིག་ཆུ་ཞིག་གདོང་བར་འཁྱིལ་ཞིང་།   དེ་དང་བསྟུན་ནས་ལུས་ལ་ཚ་བ་རྒྱས།     བླ་མ་དེས་“ཡ་ཡ”ཟེར་གྱིན་སྲབ་མདའ་ལག་ཏུ་བླངས་ཏེ་མིག་བཙུམས་ནས་ཁ་མིག་མིག་གིས་ཅི་ཞིག་བཏོན་བྱུང་།     བཏོན་ཚར་རྗེས་སྲབ་མདའ་སླར་ཡང་ངའི་བདག་པོའི་ཕུ་བོའི་ལག་ཏུ་བཞག་སྟེ།     མི་ཚོགས་ཀྱི་མགོ་བོ་དུད་པའི་དཀྱིལ་ནས་ཡར་ཁྱིམ་དུ་ཕེབས་སོང་།   

               ཉིན་གུང་ཙམ་དུ་བླ་མ་འཁོར་བཅས་ཀྱིས་རྟ་ལ་བཞོན་ཞིང་།    ངའི་བདག་པོའི་ཕུ་བོས་ཀྱང་རྟ་གཞན་ཞིག་བཞོན་དེ་ང་ཁྲིད་ནས་བླ་མ་འཁོར་དང་བཅས་པ་གང་ཞིག་ཏུ་བསྐྱལ་བར་གཤར།    ང་ཁྲིད་པ་ནས་ཁྱིམ་བདག་ཚང་གི་ཕར་གའི་གདོང་གི་ཕག་ཏུ་བཞུད་རག་བར་ཕྱིར་མིག་ཡང་ཡང་བལྟས།     དེ་རིང་ནས་བཟུང་ང་ནི་བདག་པོ་ཚང་གིས་བླ་མ་ལ་ཕུལ་ཟིན་པས།     ད་ནི་ཚེ་སྨད་དུ་ཅི་ཞིག་མྱོང་དགོས་མི་ཤེས་ལ།     རང་གི་ཨ་མ་ལོ་ལོན་སོགས་གཉེན་ཉེས་གྲུབ་པའི་རྟ་ཁྱུ་དེའང་མིག་གིས་དུ་རིག་ལོས་ཡིན་སོགས་སྙམ་བཞིན་སྐྱོ་གདུང་དྲག་པོ་ཞིག་གིས་གོམ་པ་ཇི་ལྟར་ལེན་གྱིན་པའང་མ་ཚོར། 

            མཚམས་ཤིག་ཏུ་ངའི་བདག་པོའི་ཕུ་བོས་སྐད་ཆ་ཞིག་བཤད་ཞོར་དུ།    མིད་པ་རིང་བོ་ཞིག་བསལ་བ་ན་ངའི་བདག་པོ་དང་ཧ་ཅང་འདྲ་བོ་བྱུང་བས་ངའི་ལུས་ལ་ཚ་ཤད་ཅིག་རྒྱུག   ཁོ་ཚོའི་ཁ་བརྡའི་མཇུག་མུ་མཐུད་དུ་བསྐྱངས།     “མཐོ་རིས་པོ་ཉིན་དེར་འཕྲུལ་རྟས་བསད་པའི་སྐད་ངན་ཐོས་ཏེ་ང་ཚོ་བརྒྱུགས་ནས་གསད་སར་ཐོན་པ་ན།     དངོས་གནས་གླིང་སྒྲུང་དུ་བཤད་པའི་‘ལུས་པོ་ཚལ་བ་དགུ་རུ་བཏང་’ཞེས་པ་དེ་དྲན་འོང་བ་ཞིག་བཟོས་འདུག”     “དཀོན་མཆོག་མཁྱེན།    ཁྱོད་ཚོ་ཐོན་ཚེ་དབུགས་མི་འདུག་གམ།”    “དབུགས་ཤིག་གང་ནས་འདུག      ཀླད་པ་དཀར་ཆིལ་ལེར་རྡོ་ཞུན་གྱི་ཐོག་ཏུ་མཆོད་འདུག་ལ།     ལུས་ཡོངས་རྫོགས་ཁྲག་གིས་སྦགས་ནས་མིག་མི་ཐེབས་པ་ཞིག་ཏུ་འདུག”    “ཨོ་སྙིང་རེ་རྗེ་ཨང་།”   “ལག་པ་གཡས་པའི་མཛུབ་མོ་གཉིས་བཅད་སོང་བས་ང་ཚོས་རབ་ཅིག་ལ་འཚོལ་དགོས་ཐུག”      “དངོས་གནས་ཡ་ང་བ་རེད།     འཕྲུལ་རྟ་ཞེས་པ་དེས་དེང་སང་མི་སྲི་ཤིར་ཐེབས་པ་ཤིན་ཏུ་མང་པོ་འདུག    ང་ད་ལོ་གཅིག་པུར་འཕྲུལ་རྟས་བསད་པའི་མི་ཤི་བོ་ཚང་བདུན་བརྒྱད་ཅིག་ལ་བུད་སོང་།  ད་ནི་དུས་ངན་སྙིགས་མའི་རང་རྟགས་ངོ་མ་སྟོན་གྱིན་འདུག      ཨོཾམཎི་པདྨེཧཱོུཾ    ཨོཾམཎི་པདྨེཧཱོུཾ    ཨོཾམཎི་པདྨེཧཱོུཾ    དེ་དག་གི་བླ་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག”    ངས་ད་གཟོད་རང་གི་བདག་པོ་ཇི་ལྟར་ཤི་བ་གསལ་ཐག་ཆོད་པོ་ཞིག་ཤེས་སོང་བས་དྲི་བཙོག་ཅན་གྱི་རྐང་གཉིས་འགྲོ་སྤྱད་དེའི་སྟེང་ལ་ཁོང་ཁྲོ་ཆེན་པོ་ལངས།     ཁོང་ཁྲོ་དང་སྐྱོ་ངལ་གཉིས་མཉམ་དུ་འདྲེས་ནས་ལུས་ཡོངས་སུ་ཁྱབ།

               རླུང་འཚུབ་འཁྱག་པོ་ཞིག་གིས་བཞོན་རྟ་དག་གི་རྔ་རྔོག་རྒུལ་རྒུལ་བྱས་འོང་ཞིང་།     ང་ཚོས་ཉི་མའི་ལྡོག་ཕྱོགས་སུ་རང་རང་གི་གྲིབ་མ་རིང་བོ་རེ་རེ་ཁྲིད་ནས་འགྲོ་བཞིན་འདུག     མདུན་ཕྱོགས་ནས་ཆ་མེད་རྒྱུས་མེད་ཀྱི་རི་ལུང་ནག་ཟོར་རེ་བ་ཏག་ཏག་གིས་ཁྲོ་ཉམས་སྟོན་པ་ལྟར་དུ་སྣང་།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།    

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།