ཁ་བ་ཡི་བརྩམས་སྒྲུང་བདམས་བཀོད།

62296

19397784_1450524395005056_1132986179_n.jpg


    ___ཁ་བ། དངོས་མིང་ལ་འཛོམས་པ་དར་རྒྱས་ཟེར། ཕ་ཡུལ་སི་ཁྲོན་དཀར་མཛེས་གསེར་རྟ། ཆེད་ལས་སློབ་སྦྱོང་གི་ཁ་ཕྱོགས་གཙོ་བོ་སྙན་ངག་དང་སྒྲུང་གཏམ་འབྲི་བའི་ལམ་ལ་ཞུགས།  《མི་རིགས་ཀྱི་རྩོམ་རིག 》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་དཀར་རི་བོ》《གངས་རྒྱན་མེ་ཏོག》《སྤངས་རྒྱན་མེ་ཏོག》ནུབ་བྱང་མི་རིགས་སློབ་ཆེན་གྱི་སྙན་ངག་དུས་དེབ《གངས་ཀྱི་རོལ་དབྱངསསོགས་གཞུང་སྒེར་གྱི་དུས་དེབ་དུ་མ་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་བཅས་ཀྱི་སྟེང་དུ་སྙན་ངག་དང་སྒྲུང་གཏམ་མང་པོ་སྤེལ་མྱོང་། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་གཉེར་བྱེད་ཀྱིན་ཡོད།


 

                           སྐུ་པར།

 

                                                             1

 

           ལོ་དེར། ངེད་ཚང་གི་སྒོ་ཕྱི་ནང་གི་མི་ནོར་ཚོའི་བདེ་འཇགས་ཀྱི་ཆེད་དུ། ཨ་ཕ་མོ་པ་མ་འོང་མཁྱེན་ཚང་ལ་གཞི་མོ་འདེབས་པར་སོང་། མོ་འབྲས་ནི་རྒྱུན་ལྡན་ཞིག་སྟེ།བླ་མ་ཞིག་ཁྱིམ་དུ་གདན་འདྲེན་བྱེད་རྒྱུ་དེ་རེད།

          ད་ལྟ་ད་དུང་ངའི་མིག་ལམ་ནས་ཡལ་མི་ཐུབ་པ་ནི། ཤིང་གི་ཆ་སྒམ་གཉིས་བསྒྲིགས་པའི་སྟེང་ན་གོ་རིམ་བཞིན་བཀྲམ་པའི་ཟངས་རག་གི་མཆོད་ཆས་དག་དང་།  མེས་པོ་ནས་བརྒྱུད་པའི《འཕགས་པ་བརྒྱད་སྟོང་པ》དང《མདོ་ཏིང་འཛིན》གྱི་ཆོས་དཔེ་སྣེ་རིང་མ་གཉིས། ད་དུང་དེ་བས་ཀྱང་གསལ་བོར་དྲན་པ་ནི། ཆེ་མི་ཆེ་དང་ཆུང་མི་ཆུང་བོད་ཁང་ཞིག་གི་སྒེའུ་ཁུང་ཙམ་ཡོད་པའི་པར་ཁང་གྲུ་བཞི་མའི་ནང་གི་དམར་སེར་ཉི་མ་འཆར་ཀའི་རང་མདངས་ཅན་གྱི་བླ་མ་མང་པོའི་སྐུ་པར་དག་རེད། དེ་དག་ལས་མི་ཉུང་བ་ནི་ངེད་ཚང་གི་ཁྱིམ་དུ་གདན་འདྲེན་བྱས་མྱོང་བའི་བླ་མ་དག་གིས་ཁྱིམ་རྟེན་དུ་བཞག་པ་ཡིན། གང་ལྟར་པར་ཁང་ནང་གི་སྐུ་པར་ཚང་མར་ཐུན་མོང་མ་ཡིན་རང་རང་གི་ཁྱད་ཆོས་སྣ་ཚོགས་ཡོད་དེ། ལ་ལ་ནི་བདུན་སྲིན་འདུལ་བའི་སྟངས་སྟབས་ཅན་དང་། ལ་ལ་ནི་ཐུགས་མཉམ་པར་བཞག་ནས་ཏིང་ངེ་འཛིན་ལ་བཞུགས་སྟངས། ལ་ལ་ནི་སྤྱན་བཙུམས་ཐལ་སྦྱར་གྱིས་གངྒའི་བྱེ་མ་ལྟ་བུའི་རིགས་དྲུག་གི་སེམས་ཅན་མ་རུ་གཟིགས་ནས། དེ་དག་ཐར་བའི་དྲུང་ནས་འབྱིན་པར་སྙིང་རྗེ་ཚད་མེད་སྐྱེད་པའི་ཕལ་བའི་རྟོགས་ཐབས་བྲལ་བའི་ཉམས་སྣ་ཚོགས་ཀྱིས་ཕྱུག་ཡོད། ཨ་ཕས་སྐུ་པར་དེ་དག་ལ་ཧ་ཅང་གཅེས་སྤྲས་བྱེད།  རུ་འགེལ་བ་དང་།     ཆར་འབབ་པ་སོགས་གང་གི་སྐབས་སུའང་། ཁོས་ཐོག་མར་དྲན་པ་ནི་སྐུ་པར་དག་ཡིན། གལ་ཏེ།སྐུ་པར་དེ་དག་གི་ཆེད་དུ་ཨ་ཕས་རང་གི་དམར་པོ་སྲོག་ཀྱང་གཏོང་ཐུབ་ཟེར་ན་ཐལ་ཆེ་སོང་ཡང་། ཉི་འོད་དང་ས་རྡུལ། ཙག་རླུང་སོགས་གང་ལའང་གཡོལ་མ་མྱོང་བའི་རང་གི་ངོ་གདོང་དང་བསྡུར་ན། སྐུ་པར་དེ་དག་གི་འདང་ཆེ་བ་བཤད་མ་དགོས།

           ཉིན་དེར། ང་རང་སྔ་རྫི་(སྔ་དྲོའི་དུས་ཡུན་ལ་རྫི་བོར་སོང་བ)ལ་སོང་ནས་ཁྱིམ་དུ་ལོག་སྐབས། ངེད་ཚང་གི་སྒོ་ན་གཟེ་གསུམ་རྟགས་ཅན་གྱི་རླངས་འཁོར་རྫིག་པོ་ཞིག་བཞག་འདུག ཕར་བལྟས་ན་ཐག་རིང་ནས་འོང་བ་ལྟར་འདམ་གྱིས་སྦག་ཅིང་རྡུལ་གྱིས་གཡོག་འདུག་ནའང་། ངེད་ཚང་གི་སྦྲ་ངན་སེར་ལྡང་ནི་བྱི་ལ་གླིང་ཆེན་ལ་འཕྲད་པ་བཞིན་ཟིལ་གྱིས་མནན་འདུག གལ་ཏེ་ངེད་ཚང་གི་སྦྲ་ངན་སེར་ལྡང་ལ་སུག་རྐང་ཞིག་ཡོད་པའི་དབང་དུ་བཏང་ན་བྱིན་པ་འདར་སིག་སིག་བྱེད་ཀྱིན་ཡོད་པ་གདོན་མི་ཟ།           

           ཁྱིམ་ཕུག་ན་ངེད་ཚང་གི་ལོ་རེར་ཐེངས་གཅིག་གཉིས་ཙམ་ལས་མི་སྤྱོད་པའི་ནེམ་འབོལ་མནན་ན་རང་འཕར་དང་ཕྱིང་གདན་གཡུང་ང་གྲུང་གཡས་འཁྱིལ་གཉིས་བརྩེགས་པའི་ཡང་སྟེང་ན། ཇ་མདོག་གི་མིག་ཤེལ་དང་། སྣུམ་མདོག་གི་གཟན་ཤམ། གསེར་མདོག་གི་སྟོད་འབོག་མནབ་པའི་ཤ་དར་ཁྲག་དར་གྱི་སྤྲུལ་སྐུ་ཆ་མེད་ཅིག་བཞུགས་འདུག ཁོང་གི་དབུ་སྐྲ་གཙང་བཞར་བྱས་པའི་སྤྱི་བོ་ནི་ཤེལ་ཏོག་བཞིན་འོད་ཀྲིག་ཀྲིག་བྱེད། གལ་ཏེ་འགྲམ་དུ་བཅར་ནས་ཞིབ་ལྟ་བྱས་ན་གཟུགས་བརྙན་ཡང་ཤར་ལོས་ཐུབ་འདོད་པ་ཞིག་རེད། དེ་བས་སྔར་མེད་པའི་སྣ་ཡི་དབང་བོ་བཟི་རུ་འཇུག་པའི་དྲི་ངད་ཟ་ཟི་ཞིག་ཁྱིམ་ནང་ཧྲིལ་བོར་ཁྱབ་ཅིང་། དེ་ནི་ཁོང་གི་དཀར་ཞིང་འཇམ་པའི་ཕྱག་དང་གཙང་ཞིང་དྭངས་བའི་བཞིན་ལས་འཐུལ་བ་ལྟ་བུའི་ཚོར་སྣང་སྟེར་འོང་།  དོན་དམ་པར།  ཤོག་དཀར་གྱི་ཁུད་ནས་གསར་དུ་བཏོན་པའི་གསེར་སྐུ་ཞིག་དང་འདྲ་བའི་མི་འདི་ངེད་ཚང་གི་སྦྲ་ངན་སེར་ལྡང་མའི་ནང་དུ་བཞུགས་ན་ཧ་ཅང་ཆ་མི་མཚུངས་པ་ཞིག་རེད། དངོས་གནས་དཔེ་བྱད་བརྒྱད་ཅུས་སྤྲས་འདྲའི་སྐུའི་གཟི་བྱིན་དེ། སེམས་ནང་ནས་ངང་ངམ་ཤུགས་ཀྱིས་འབར་བའི་སྟོབས་ཤུགས་ཤིག་ཏུ་གྱུར་དེ། དད་པ་དག་སྣང་རྒྱས་སུ་བཅུག་སྟེ་སེམས་རྒྱུད་ཡོངས་སུ་ཁ་ལོ་སྒྱུར་བའི་ནུས་མཐུའང་ཚོར་འོང་། སྐབས་དེར་ཨ་ཕས་ང་ལ་གྲུ་ཚུགས་བྱེད་ཀྱིན་སྐད་དམའ་མོས

  “ཧད་ནས་ཅི་བྱེད། སྟག་ལུང་ར་སྤྲུལ་ཚང་རེད། ཕྱག་འཚོལ།ཕྱག་འཚོལ།”ཞེས་བཤད།

            སྤྲུལ་སྐུ་ཚང་གི་དམར་མདངས་རྒྱས་པའི་མཆུ་སྒྲོས་མུག་མུག་འགུལ་བཞིན་འདུག་ལ། ལྡབ་ལྡིབ་མང་པོ་ཞིག་རྣ་བའི་བུ་གར་ལྷུང་ནའང་དོན་འབྲས་གསལ་བོ་ཞིག་གོ་ཐབས་མི་འདུག  མར་གྱི་རྐང་འདྲ་བའི་ཕྱག་མཛུབ་ཀྱིས་གསར་དུ་དར་ཁྱབ་ཆེ་བའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཞིག་གི་འཆར་ཤེལ་སྟེང་ནས་ཅི་ཞིག་ཕར་འདེད་ཚུར་འདེད་བྱེད་བཞིན་ཡོད་ལ། དེ་དང་བསྟུན་ནས་སྤྱན་ཟུང་ཡང་སྐབས་སྐབས་སུ་དེ་ལ་ཤོར་བཞིན་འདུག སྐབས་དེར་མཆོད་ཁྲིའི་སྟེང་གི་སྐུ་པར་དག་དང་མི་འདྲ་ས་ཞིག་ཡོད་པ་ནི། ཁོང་དཀྱིལ་ཀྲུང་དུ་བཞུགས་ཡོད་ཀྱང་ལུས་ན་སྟངས་སྟབས་དམིགས་བསལ་བ་ཞིག་རང་ཞིག་ཏུ་སོང་འདུག་པའི་སྣང་ཚུལ་དེ་རེད། ཁོང་གིས་ཁ་པར་འཆར་ཤེལ་སྟེང་གི་ཕྱག་མཛུབ་ཀྱི་འགུལ་སྐྱོད་དང་བསྟུན་ནས་བཞེད་ཆུང་རེ་ཤོར་བཞིན་འདུག་ལ། དེ་འཕྲལ་ཕྱན་འོད་ཀྱིས་དད་པས་གཟིར་བའི་ང་ཚོའི་སྟེང་ནས་འཁྱུག་བསྐོར་ཙམ་བྱས་རྗེས། སྐུ་རི་རྒྱལ་འདྲ་བ་དེ་འགུལ་ཙམ་འགུལ་ཙམ་གྱིས་སྔོན་མའི་བཞུགས་སྟངས་ལྟར་བསྒམ་བརླིང་དུ་གྱུར་འགྲོ། མཇུག་ཏུ་ཁོང་གིས་བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ་སྐབས་གསུངས་སྐད་ཧ་ཅང་སྙན། སྙན་ངག་ལྟ་བུའི་ཚིག་འབྲུ་དག་ཀྱང་ཤིན་ཏུ་གསལ།བཞུགས་སྟངས་དེ་བས་བཤད་མ་དགོས། ངེད་བཟའ་མི་གང་བོ་དད་པའི་སྤུ་ལོང་གཡོས། མོས་པའི་མཆི་མ་འཁྲུགས། ཨ་ཕས་ཁ་བཏགས་དཀར་པོ་སྲིད་ན་རིང་བ་ཞིག་གི་སྟེང་དུ།ནག་ནོག་དང་ལྟེབ་གཉེར་ཅིའང་ཤོར་མེད་པའི་དམངས་སྒོར་སྟོང་གཅིག་བཞག་ནས་སྤྲུལ་སྐུ་ཚང་གི་མདུན་དུ་ལུས་པོ་གཞི་ལྟར་བཀུག་སྟེ་ཡར་འབུལ་བཞིན། ཡུན་རིང་ལ་གྲ་སྒྲིག་བྱས་པ་བཞིན་ཚིག་འབྲུ་དུམ་ཞིག་སྒྲ་དག་པའི་ངང་འདར་ལྷིང་ལྷིང་གིས་ཡར་ཞུ་བྱས་བྱས་བྱུང་། “མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་ཚུལ་དུ།འདི་ངེད་ཚང་གི་མི་ནོར་སོགས་ཁྱེད་ཀྱི་བསྐྱབ་འོག་ནས་འབོར་མི་ཉན་པའི་བསྐྱབ་ཡོན་མཚོན་བྱེད་ཙམ་ཡིན་ལགས།ཕྱིར་སྐལ་དམན་བདག་ལ་མཚོན་ན་་་་”

          ཨ་ཕས་དབུགས་ཧལ་ཧལ་གྱིས་སྐད་ཆ་རེ་རེ་ཆད་ལྷག་མེད་པར་ཧ་ཅང་འཐུས་ཚང་དང་ཧ་ཅང་དཀའ་ཁག་གིས་ཞུས་ཚར་སོང་། ད་ལྟ་བསམ་ན། ཨ་རིའི་ཕོ་བྲང་དཀར་པོ་ནས་གཏམ་བཤད་དགོས་ཀྱང་ཕལ་ཆེར་དེ་ལས་ལྷག་པའི་དཀའ་མོ་ཞིག་ཡིན་རྒྱུ་མ་རེད། ཨ་ཕས་བཟའ་མི་ཚོར་མཆུ་བརྡ་ཞིག་བྱས་པ་ན། ང་ཚོ་དེ་འཕྲལ་སྤྲུལ་སྐུ་ཚང་གི་སྐུ་མདུན་དུ་བཅར་ནས། ཨ་ཕ་ལྟར་ལུས་པོ་གཞི་ལྟར་བཀུག་པའི་མི་ཚད་ཨ་ལོང་ལྟར་བཀུག་ནས་ཕྱག་དབང་བླངས།སྤྲུལ་སྐུ་ཚང་གི་དཀར་ཞིང་འཇམ་པའི་ཕྱག་ལག་ལྟ་ན་སྡུག་པ་དེ་ང་ཚོ་མི་རེའི་མགོ་ཐོག་ཏུ་བཞག་ཙམ་གནང་སོང་།  སྣ་ལམ་དུ་དེ་རིང་ཁྱིམ་ནང་ན་འཐུལ་བཞིན་པའི་དྲི་ངད་དེ་སླར་ཡང་འཐུལ་སོང་། སྐབས་དེའི་ཚོར་བ་ཅི་འདྲ་ཞིག་ཡིན་པ་བཤད་ན་ཁྱེད་ཚོས་བདེན་དུ་མི་འཛིན་ན་ཐང་།  འོན་ཀྱང་དངོས་གནས་ང་ཚོའི་ལུས་སེམས་ལ་འགྲོག་པའི་བགེགས་བར་ཆད་དང་། ནད་གདོན། སྡིག་སྒྲིབ་སོགས་ཡོད་ཚད་མཛེས་ཤིང་དྲི་ངད་འཐུལ་བའི་སྤྲུལ་སྐུའི་ཕྱག་ལག་གིས་བསལ་ནས་ཁྱེར་སོང་བ་ལྟར།  ཧ་ཅང་སྐྱིད་སྣང་ཤར་སོང་།   

           ང་ཚོས་སྤྲུལ་སྐུ་ཚང་སྒོ་ལ་སྐྱེལ་སྐབས། ཨ་མས་ཆུར་བ་ཀ་ཏོ་ར་གང་དང་། དེའི་སྟེང་དུ་མལ་རིལ་ཆེན་པོ་ཞིག་བཞག་ནས་གུས་ཞབས་ངང་སྤྲུལ་སྐུ་ཚང་གི་གྲྭ་བའམ་ཁ་ལོ་བར་གཏད་པ་ན། གྲྭ་བས་རླངས་འཁོར་གི་ཕྱི་སྒམ་ཕྱེས་བྱུང་བས་ད་གཟོད་དེ་ནི་མར་ཆུར་གྱི་མཛོད་ཁང་ཆུང་ཆུང་ཞིག་ཡིན་པ་མཐོང་། ཕྱིས་སུ་དེའི་རྒྱུ་མཚན་ཨ་ཕར་དྲིས་པ་ན། “སྤྲུལ་སྐུ་ཚང་དཀར་བསོད་སློང་དུ་འོང་བ་རེད། སྟབས་ལེགས་པ་ཞིག་ལ་གསེར་ནག་ཕ་བོང་སྒོ་འདྲིལ་གྱིས་ཚུལ་དུ་འུ་ཚང་གི་ཁྱིམ་གདན་དུ་བྱོན་པ་རེད།  ཁོས་མུ་མཐུད་ཁ་གསབ་གྱིས་ཚུལ་དུ། “སྔོན་བླ་མ་ཚོ་དཀར་བསོད་ལ་འགྲོ་སྐབས་རྟ་བཞོན་ནས་ལ་ལུང་མང་པོ་བརྒལ་དགོས་པས་སྐུ་ཚེགས་ཧ་ཅང་ཆེ་ནའང་། དེང་སང་རླང་འཁོར་གྱི་ནང་ནས་བོད་ཁུལ་ཙམ་མ་ཟད་གྲོང་ཁྱེར་དུའང་དཀར་བསོད་ལ་སོང་ན་ཆོག གང་ལྟར་བསྟན་འགྲོའི་ཕྱིར་དུ་གང་ལ་གང་འདུལ་གྱིས་ཆོས་སྟོན་པར་ཕེབས་ཀྱིན་པར་འགྲིམ་འགྲུལ་སྟབས་བདེ་བྱུང་བ་འདི་དགེ་མཚན་བླ་ན་མེད་པ་ཞིག་རེད”ཟེར།

         ཁོས་མིག་སྐྱི་ལྷེབ་ལྷེབ་འཕག་ཙམ་བྱེད་བཞིན་ཡང་བསྐྱར་ཁ་སྣོན་གྱི་ཚུལ་དུ། “ཁོང་རྣམ་པའི་པའི་རླངས་འཁོར་གྱི་འཁོར་ལོའི་འོག་ནས་གཅིར་སོང་བའི་འབུ་ཞིག་ཡིན་ནའང་དེ་ལས་དག་རེད། དེ་ནས་བཟུང་ཐར་བ་ཐོབ་པ་ལོས་ཡིན།”ཨ་ཕས་རང་ཉིད་སྐྱེ་བ་སྔོན་མ་སྤྲུལ་སྐུ་ཚང་ཞིག་གི་འཁོར་འོག་ནས་བསད་པའི་འབུ་ཞིག་སྟེ། ཐར་བ་ཟེར་བ་དེ་ཐོབ་མྱོང་བ་ལྟ་བུའི་ཉམས་མྱོང་ལྡན་པའི་ངང་དེ་ལྟར་བཤད་སྐབས། རྨོ་མོས་ཁ་ཚོན་ཆོད་པོས་རྒྱུན་དུ་བཤད་པའི་དུས་ངན་སྙིགས་མའི་ཚེ་ལོ་བཅུ་བའི་དུས་སྐབས་ཤར་དུས། རིག་ལྡན་ལྕགས་འཁོར་གྱི་དམག་དཔུང་མི་ཡུལ་དུ་འབྱོན་སྲིད་ཚུལ་དང་། དམག་དཔུང་གི་ཤིང་རྟའི་འཁོར་ལོའི་འོག་ནས་གསོད་པའི་འབའ་འབུ་ཞིག་གི་སྐྱེ་བ་བླངས་ཐུབ་ཡོད་ན་ཐར་བ་ཐོབ་པ་ཡིན་རབས་ཀྱི་སྐད་ཆ་དེ་དྲན་དུ་འཇུག་སྲིད། སྐབས་དེར། ངས་ཁ་ལག་པས་བཀབ་ནས་བགད་མྱོང་། འོན་ཀྱང་དགོད་དགོས་དོན་ངས་ཀྱང་གསལ་བོར་བཤད་མི་ཤེས།

           སྤྲུལ་སྐུ་ལགས་རླངས་འཁོར་དུ་བཞུགས་རྗེས། ཕྱག་ལག་དཀར་པོས་སྒེའུ་ཁུང་ལས་གྱེས་བརྡ་བཏང་། དེ་ནི་བྱམས་རྩེའི་གྱེས་བརྡ་ཞིག་རེད། དེ་ནས་རླུང་འཚུབ་པ་བཞིན་བྱོན་སོང་། ཤུལ་ན་ཡོད་པ་ནི་རྡུལ་སྨུག་ཅིག་ལང་ལོང་ལྡང་བཞིན་པ་དེ་དང་། ད་དུང་ངེད་ཚང་གི་མཆོད་སྒྲོམ་ན་ཁྱིམ་རྟེན་ནམ་དྲན་རྟེན་(ང་ལ་མཚོན་ན་དྲན་རྟེན་ཡིན﹚དུ་བཞག་པའི་ཁོང་གི་སེར་ལམ་ལམ་གྱི་སྐུ་པར་ཞེང་ཆེན་དེ་ཡིན།

         ནུབ་མོ་དེར། ངེད་བཟའ་མི་གང་བོས་ཡུན་རིང་ལ་རེ་སྒུག་བྱས་པའི་དོན་ཆེན་གང་རུང་ཞིག་འགྲུབ་སོང་བ་ལྟར། བདེ་བདེ་ལྷོད་ལྷོད་ཀྱིས་ནུབ་ཇར་རོལ་བ་ཡིན།

                                                         2

             ལོ་དེར། ངེད་ཚང་གི་འབྲུ་སྐམ་ཆུ་རྡོ་འདྲ་བ་གཉིས་སྤྱང་ཀིའི་ཁ་ཟས་སུ་གྱུར་སོང་ལ། འོ་མའི་རྐྱལ་བ་རུ་འབོད་པའི་མཛོ་མོ་མ་ཧེ་མགོ་ལ་དུག་ཕོག་ནས་ཤི་སོང་། དེས་ཀྱང་ག་ལ་ཚད་དེ། ཅང་མ་འགོར་བར་ཨ་ཕའི་བླ་རྟ་ཡིན་པའི་རྒྱུག་རྟ་ཐང་དཀར་ཡ་མེད་ལ་ཐོག་གིས་བརྒྱབ་ནས་བསད་སོང་། ལོ་དེར། ཨ་ཕ་ཡང་བསྐྱར་མོ་པ་མ་འོང་ད་མཁྱེན་འཚོལ་དུ་སོང་།

         ངེད་ཚང་གི་མཆོད་ཁྲིའི་སྟེང་ན། རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན་བཀྲ་བའི་སྟག་ལུང་ར་སྤྲུལ་ཚང་གི་སྐུ་པར་ནི་གཞན་དང་བསྡུར་ན་བཀྲགམདངས་ལྡན་པ་ཞིག་རེད། ད་དུང་ཟིལ་རྔམ་ཡང་ལྡན། སྐུ་པར་སྟེང་གི་ཁོང་ནི་ཕྱིར་ན་སྐུ་པར་གཞན་དག་ཚོ་དང་འདྲ་བར།ཞི་དྲག་གཉིས་ལས་ཞི་བའི་ཚུལ་དུ་ཐུགས་མཉམ་པར་བཞག བྱམས་བརྩེ་ཚད་མེད་ཅིག་བསྒོམ་ནས་ཡོད་མོད།ཁོང་གི་རྒྱབ་ལྗོངས་ན་མཐའ་ཡས་པའི་རྒྱ་མཚོ་དང་། སྟེང་ན་ཉི་ཟླ་སྐར་གསུམ། དབུས་མཐའ་འཁོར་ན་བྲིས་པ་ཞིག་གཏན་ནས་མིན་པའི་རང་བྱུང་གི་འཇའ་འོད་ཆུང་ཆུང་། ད་དུང་གཤམ་དུ“རྒྱལ་ཀུན་ངོ་བོ་གཅིག་ཏུ་སྤྲུལ་བའི་གར་་་་”ཅེས་པའི་མཚོན་དོན་རང་བཞིན་ཅན་གྱི་ཤོ་ལོ་ཀ་རིང་བོ་ཞིག་ཞིག་ཡོད་ལ། དེ་ནི་མདོར་ན་ཁོང་གི་མཚན་ཆ་ཚང་གིས་གྲུབ་པ་ཞིག་རེད། ད་དུང་སྐུ་པར་གྱི་ཚོན་མདངས་དང་རྒྱུ་སྤུས། རྨ་འབྲུག་འཁྱིལ་བའི་ན་བཟའ་སེར་པོ་དང་ཨོ་རྒྱན་པཎ་ཞྭ་སོགས་ཕྱོགས་གང་གི་ཐད་ནས་ཀྱང་། ཁོང་གི་གདུལ་བྱའི་མངའ་ཐང་རང་བཞིན་ཙམ་མ་ཡིན་པར་གསལ་བོར་མངོན་འདུག

          ཨ་མས་ནུབ་རེ་དང་ནངས་རེར་མཆོད་ཁྲིའི་མདུན་དུ་ཕྱག་དགུ་ཕྲག་རེ་འཚལ་ཞོར་སྤྲུལ་བའི་སྐུ་མང་པོ་ཞིག་གི་མཚན་ནས་བཟློ་བཞིན་གསོལ་འདེབས་བྱ་རྒྱུ་ནི་རྒྱུན་གོམས་སུ་སོང་ཚར་བ་ཞིག་རེད། འོན་ཀྱང་ཉེ་ལམ་དེ་དང་ཅུང་མི་འདྲ་ས་ཞིག་ཡོད་པ་ནི་ཁོ་མོའི་གསོལ་འདེབས་བྱེད་སའི་མཚན་མིང་དེ་དག་གི་ཁྲོད་དུ་“སྟག་ལུང་ར་སྤྲུལ”ཟེར་བའི་མཚན་བྱང་གཅིག་ཇེ་མང་ལ་ཕྱིན་འདུག་པ་དེ་རེད། ངས་ཀྱང་ནུབ་རེ་བཞིན་ཐེངས་རེར་སྐུ་པར་དེ་མཇལ་བར་དགའ། ཡང་ན་གོམས་སོང་། སྐུ་པར་དེའི་སྟེང་ན་ཡིད་ཀྱི་དྭངས་བ་འདྲེན་ནུས་པའི་ཁྱད་ཆོས་གང་མང་འདུག དེ་དག་རེ་རེ་བཞིན་བརྗོད་དགོས་ན་ངས་ཀྱང་མི་ཤེས། གང་ལྟར་ད་ལྟ་ང་ཡང་ཨ་ཕ་བཞིན་སྐུ་པར་དེར་འདང་ཧ་ཅང་ཆེ་བར་གྱུར།སྐུ་པར་དེ་མཇལ་ཐེངས་རེར། ཁོང་གི་དཔེ་དཔྱད་བརྒྱད་ཅུས་སྤྲས་པ་ལྟ་བུའི་སྐུ་རི་རྒྱལ་ལྷུན་པོ་དེ་དངོས་སུ་མཇལ་བའི་ཚོར་སྣང་སྟེར་ཐུབ། དེ་བས་རང་ཉིད་འདྲེ་ཡིས་བདའ་བཞིན་པ་དང་ཆུ་ཡིས་འཁུར་བ་སོགས་ཀྱི་རྨི་ལམ་ངན་པ་དག་ཀྱང་ཇེ་ཉུང་ལ་ཕྱིན་སོང་།

                                                         3

          ཡིད་ཀྱི་དགུ་ལའང་མ་ཤར་བ་ཞིག་ནི།  ཨ་ཕ་སྨྱོས་སོང་བ་བཞིན་སྟག་ལུང་ར་སྤྲུལ་ཚང་གི་སྐུ་པར་མར་བླངས་ནས་གསུར་མེའི་ནང་དུ་གཡུག་ནས་ཤུལ་མེད་དུ་བསྲེག་བཞིན་འདུག ངའི་ལུས་ཀྱི་འབུ་བརྒྱ་རྩ་ནས་ཞོག་སོང་བ་བཞིན་དལ་ཅིག་ལ་ཧད་སོང་། ད་དུང་ཚིག་པ་གཏིང་ནས་ཟ་དགོས་བྱུང་།

            ཨ་ཕས་དངན་པ་འཐེན་པ་ལས་ཅི་ཡང་མི་ཟེར། མ་གཞིར་མོ་པ་མ་འོང་ད་མཁྱེན་གྱི་མོ་འབྲས་ནི། སྐུ་པར་དེ་གདོན་བྱེད་ཀྱི་དངོས་པོར་ངོས་་བཟུང་བ་དེ་རེད། ཕལ་ཆེར་ཆོས་སྐྱོང་མ་གཅིག་པས་ཡིན་རྒྱུ་རེད། ཡུལ་ལྷ་གཞི་བདག་ཁྲོས་འདུག་པ་མ་ཟད་ཁྱིམ་ལྷ་ཡང་འཁྲུགས་འདུག  ད་དུང་ཉན་ན་མི་ཕོད་པ་འགའ་རེ་འདུག གང་ལྟར་ཐོག་མར་སྐུ་པར་གསུར་མེ་རུ་བཞག་སྟེ་མེད་པར་བཟོས་རྗེས། དེ་ནས་ཅིག་ཅིག་མ་ཚར་སྟོང་། ཉིག་ཉིག་མ་ཚར་སྟོང་ཞིག ད་དུང་མྱར་བ་མྱུར་དུ་གདོན་བཀག་དགྲ་ཟློག་བྱེད་ཆེད་《ཕུར་བ་བཟློག་སྟོང་མ》ཞིག་ཀྱང་ཆོས་དགོས་པ་དེ་རེད།

        སྟག་ལུང་ར་སྤྲུལ་ཚང་གི་གཟི་མདངས་ལྡན་པའི་སྐུ་པར་འདི་ལྟར་ཡར་ལྷ་མཆོད་སའི་མཆོད་ཁྲིའི་སྟེང་ནས་མར་འདྲེ་སྐྱེལ་སའི་གསུར་མེའི་ནང་དུ་ལྷུང་དགོས་བྱུང་སོང་། ད་ནི་འཚིགས་ནས་ཐལ་བ་རུ་གྱུར་སོང་། ངའི་སེམས་སུ་“སྐུ་པར”དང་ཨ་ཕས་བཤད་པའི“ཆོས་སྐྱོང”ཟེར་བ་དེ་གཉིས་རེས་མོས་ཀྱིས་འཁོར་འོང་། སྟག་ལུང་ར་སྤྲུལ་ཚང་གི་སྐུ་པར་འདི་ལྟར་བྱས་ན།  ཁོང་གི་ཆོས་སྐྱོང་སྲུང་མ་ཁྲོས་ན་ཅི་བྱེད་དམ། ང་ལ་གློ་བུར་དུ་འཇིགས་སྐྲག་ཅིག་སྐྱེས་སོང་།

        ནུབ་མོ་དེར། ངས་ལོབས་ཕྱོགས་ལྟར་མཆོད་སྒྲོམ་ཐོག་བལྟས་པ་ན། སྟག་ལུང་ར་སྤྲུལ་ཚང་གི་སྐུ་པར་བྱ་འཕུར་རྗེས་མེད་བཞིན་མཐོང་ཡུལ་ན་མི་འདུག་པས་ད་གཟོད་ཐལ་བར་གྱུར་ཚར་བ་དྲན། ཨ་ཙི། ད་དུང་ངས་རྒྱུན་དུ་མཆོད་སྒྲོམ་སྟེང་ལ་མཉམ་འཇོག་ནན་མོ་མ་བྱས་པའང་ཤེས་སོང་། གྲུབ་ཐོབ་ཧཱ་ཤི་ཕཊ་འགྱེལ་ཚང་གི་སྐུ་པར། གཏེར་སྟོན་དྲག་རྩལ་གླིང་བའི་སྐུ་པར། མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་སྐུ་པར། ད་དུང་མིང་མི་ཤེས་པའི་སྐུ་པར་འགའ་ཡང་མཐོང་ལམ་ན་མི་འདུག ཨ་མས་ཕྱག་འཚལ་བཞིན་འདུག ཡིན་ནའང་གསོལ་འདེབས་བྱེད་སྐབས་སྟག་ལུང་ར་སྤྲུལ་ཚང་གི་མཚན་དམིགས་བསལ་གྱིས་གོ་རྒྱུ་མི་འདུག

         ནུབ་མོ་དེར། ངེད་བཟའ་མི་གང་བོ་དགུན་གྱི་ཁུ་བྱུག་བཞིན་སྨྲ་བ་མེད་པར་ནུབ་ཇ་དོད་ཙམ་འཐུང་བ་ཡིན། ནུབ་མོ་དེར་མཚན་གང་བོར་ངའི་རྨི་ལམ་འཁྲུགས་ནས་གཉིད་ཡག་པ་ཞིག་ཡེ་ནས་མ་ཁུག ཕྱི་ཉིན་ནམ་ལངས་དུས་འཆམ་ནད་རི་རབ་འདྲ་ཞིག་གིས་མནན་འདུགཐ་ན་མགོའང་ཡར་འགྱོག་མི་ཐུབ་པའི་ཚད་དུ་ལྷུང་འདུག

        ལོ་དེར། ཨ་ཕ་ཡང་བསྐྱར་མོ་པ་མ་འོང་ད་མཁྱེན་འཚོལ་དུ་སོང་། 

                     ཕྱེ་ཐུག་དཀར་ཡོལ་གང་། 

    

      “འཕུར་་་  འཕུར་འདོད་དུས་་་”

        བོད་ནང་དུ་དར་ཁྱབ་་འགྲོ་བཞིན་པའི་ཨ་ནུ་རིང་ལུགས་ཀྱི་གཞས་གསར་གྱི་ཁ་པར་དྲིལ་བརྡས་གཤེད་མ་གཉིད་ལས་དཀྲོག་བྱུང་།གཤེད་མ་ནི་ཁོའི་སྨྱུག་མིང་ཡིན།དེང་སང་དགོན་པ་དང་སློབ་གྲྭ།སྤྱི་ཚོགས་སོགས་ཀྱི་ན་གཞོན་ཚང་མའི་ཕུགས་བསམ་ནི་ཕལ་ཆེར་གཅིག་མཚུངས་ཤིག་སྟེ། དེ་ནི་རྩོམ་པ་པོ་དང་སྙན་པ་སོགས་བདག་སྒྲ་གཅིག་གི་ཁྱབ་ཁུངས་སུ་འདུ་བའི་པ་པོ་བ་བོ་དེ་རིགས་རེད། དེར་བརྟེན་ན་གཞོན་ཚོའི་རང་རང་གི་མི་ཚེའི་ལྟ་བ་དང་ཕུགས་བསམ་མཚོན་ཆེད་མི་རེ་ལ་སྨྱུག་མིང་རེ་མེད་མཁན་ཧ་ལམ་མེད། དེར་མ་ཟད་སྨྱུག་མིང་ཡང་བོད་ཀྱི་སྲོལ་རྒྱུན་ཁྲོད་ཀྱི་མཛེས་དཔྱོད་ལྟ་བ་དང་ལྡོག་པ་ལྡོག་རྐྱང་སྟེ།  འདྲེ་དང་གདོན།སྲིན་པོ། ཤན་པ། རོ་ལངས་སོགས་བོད་མིའི་རྣམ་རྟོག་ཟ་ས་ཁོ་ནར་འབྲེལ་བ་ཡོད་པའི་སྨྱུག་མིང་ཡིན་ལ། དེ་ནི་ན་གཞོན་ཚོའི་སྲོལ་རྒྱུན་རིག་གནས་ལ་རྒོལ་བའམ་སྔོན་ཐོན་གསར་བརྗེས་ཀྱི་བསམ་བློ། རང་དབང་རིང་ལུགས་སོགས་ལྟ་བའི་ནུབ་ཕྱོགས་ཀྱི་རྩོམ་རིག་དང་བསམ་བློའི་གྲུབ་མཐའ་སྣ་ཚོགས་ལ་འཇུག་བཞིན་པའི་མཚོན་རྟགས་ཤིག་ཀྱང་ཡིད་སྲིད། དེར་བརྟེན་ཁོས་ཀྱང“གཤེད་མ”ཞེས་པའི་སྨྱུག་མིང་ཞིག་རང་ལ་བཏགས་པ་མ་ཟད། སྨྱུག་མིང་དེའི་སྟེང་ནས་དུས་དེབ་དང་དྲྭ་ལམ་དུ་མར་དགག་རྩོམ་དང་སྙན་རྩོམ་འགའ་རེ་བཀྲམས་མྱོང་བས། ད་སྐབས་ཁོ་ལ་ཁོའི་སྨྱུག་མིང་ནས་འབོད་པ་ལས་དངོས་མིང་ནས་འབོད་མཁན་ཧ་ལམ་མེད་པས།སློབ་གྲྭ་འདིར་ཁོའི་དངོས་མིང་ཤེས་མཁན་འཛིན་བདག་དགེ་རྒན་དང་སློབ་གྲོག་རེ་འགའ་རེ་མ་གཏོགས་མེད་པ་འདྲ། 

   “གཤེད་མ། དེ་རིང་ཡང་སྔ་དྲོར་སློབ་ཁྲིད་ལ་ཡོང་མེད་པ་ཅི་རེད”

   མཁའ་འགྲོས་སེམས་ཁུར་བྱེད་ཀྱིན་པ་འདྲ།  

     “ཨ་ཙི་ད་རུང་གཉིད་བསྡད་ཨེ་ཡོད།  ཕག་རྒན།   ཆང་རྐྱལ་་་་”

        གཤེད་མ་གཉིད་ལས་སད་དུས་ཏག་ཏག་དུས་ཚོད་བཅུ་གཉིས་ལྷག་རེད་འདུག  གཤེད་མ་སྔར་ནས་མཁའ་འགྲོར་སུན་བཞིན་ཡོད། གཤེད་མ་མཁའ་འགྲོ་ལྟ་བུའི་བུད་མེད་དོ་ཚགས་དང་ཧུར་བརྩོན་ཅན་ལ་མི་དགའ་བར་བསྟན་བཤིག་ཚ་ལ་བག་གཡེང་བྲེལ་མེད་དང་ལུས་ཀྱི་ཆ་ཤས་མང་པོ་ཞིག་ཕྱི་ལ་ཕུད་རྒྱུར་དགའ་བའི་བུད་མེད་དཀྱེལ་ཡངས་ཅན་གྱི་རིགས་ལ་དུངས། གཤེད་མས་མཁའ་འགྲོའི་བཤད་མཚམས་བཅད་དེ་ཁ་པར་སྒོ་གཏན་ནས་མགོ་བཀྱགས་ཏེ་ཡར་ལངས་བར་རྩོམ་དུས་མགོ་ཡོམ་འཁོར་ཞིང་མིག་ལམ་དུ་ནག་དུབ་དུབ་བྱེད།“དེང་ཕྱིན་དེ་འདྲ་མི་འཐུང་ཁོ་ཐག་ཡིན”གཤེད་མས་རང་ལ་ལེ་བརྡ་བྱས། མདང་དགོང་བཟི་དྲག་ནས་སྡོད་ཁང་དུ་ཅི་ལྟར་འོང་བའང་མ་ཚོར། ཁོས་བྱ་མྱངས་ཤིག་བྱས་ཏེ་མི་འདོད་བཞིན་རང་གིས་རང་ལ་བཙན་གྱིས་སྐོན་པ་བཞིན་གོན་པ་དག་རེ་རེ་གོན་རྗེས་གཙང་སྤྱོད་ཁང་དུ་ཁ་ལག་བཀྲུ་བར་སོང་། 

     “ཕེ་ཕེ   ཕ་རོ་མ་རོ”

         གཤེད་མའི་སྣ་སྒོ་ལག་པས་བཅད་ནས་གཙང་སྤྱོད་ཁང་ལས་ཕྱིར་བུད། “དེ་འདྲའི་སྐྱུག་པ་མང་པོ་ཞིག་སུས་བསྐྱུགས་པ་ཡིན་ནམ། ཤུན་པགས་བཤུ་རྒྱུ།”ཁྲུས་ཞོང་ནང་དུ་རྩིག་རྩིག་ལེབ་ལེབ་མང་བའི་སྐྱུག་པས་གང་ཡོད་པ་མ་ཟད། ཁ་ལག་བཀྲུ་བྱེད་ཀྱི་འདག་ཆལ་དག་ཀྱང་ཐུག་ཉན་ལྟ་ཉན་མེད་པ་ཞིག་ཏུ་གྱུར་འདུག སྐྱུག་པའི་ནང་དུ་ཕྱེ་ཐུག་གི་གྲུབ་ཆ་མང་པོ་འདུག གཤེད་མས་ད་གཟོད་ཁོས་ཁ་སང་དགོང་མོར་ཕྱེ་ཐུག་འཐུང་བ་དྲན། གཤེད་མ་ཚིག་པ་ཟ་ས་གཞན་མེད་པས་སྣ་སྒོ་ལག་པས་གཅོད་ཀྱིན་གཙང་སྤྱོད་ཁང་ནང་དུ་གཙང་སྦྲ་སྟབས་བདེ་ཞིག་བྱས་རྗེས། སློབ་ཐུབ་རེའུ་མིག་ལ་བལྟས་ནས་ཕྱི་དྲོ་སློབ་ཐུན་ཡོད་མེད་ལ་བལྟས། དེ་རིང་ཕྱི་དྲོ་སློབ་ཐུན་མི་འདུག་ལ། ཁོའི་ཁམས་ཀྱང་དེ་འདྲ་མི་དྭངས་བས་ཕྱི་རུ་སྐྱོད་པར་འཚམས་པོ་མི་འདུག  གཤེད་མས་དཔེ་སྒྲོམ་ནང་གི《དཀོན་མཆོག་ཤི་སོངཞེས་པའི་དཔེ་དེབ་དེ་བླངས་ནས་ཉིན་འགའི་སྔོན་དུ་ཀློག་འཚམས་ནས་ཤོག་དེབ་འགའ་ཕར་བསྒྱུར་ཚུར་བསྒྱུར་བྱས། དེའི་ནང་གི་ཡིག་འབྲུ་རེ་རེ་ནི་མཁའ་འགྲོའི་བརྡ་ཡིག་བཞིན་ཀློག་ན་དེ་བས་མགོ་ཡོམ་འཁོར་བ་ཞིག་རེད། ཁོས་ཡང་བསྐྱར《ལོ་བརྒྱའི་ཁེར་ཧྲེང》ཞེས་པའི་དཔེ་དེབ་དེ་ཁ་ཕྱེས་པ་ན།དེའང་སྨྱོན་པས་ལབ་རྡོལ་བྱས་པ་བཞིན་གང་ནས་མགོ་འཛིན་བཞིན་པ་དང་གང་ནས་མཇུག་བསྡུ་བཞིན་པ་མི་ཤེས་པས་སྔར་ལྟར་སུན་སྣང་གིས་ཕར་གཡུག་ནས་ཁ་པར་ནང་གི་སྐད་འཕྲིན་གྱི་སྒོ་ཕྱེས། མདང་དགོང་ཆང་ཁ་ནས་སྨྱུག་མིང་ལ་འཆི་བདག་ནག་པོ་ཟེར་བའི་གྲོགས་པོ་ཞིག་ངོ་ཤེས་ཤིང་ཁོ་གཉིས་སྐད་འཕྲིན་འཕྲིན་སྦྲེལ་བ་མ་ཟད། འཆི་བདག་ནག་པོས་ཁོ་རང“རྩོམ་རིག་དང་གཏོར་བཤིག”ཅེས་པའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་བསྣན་པ་དྲན། འཆི་བདག་ནག་པོས་ཟེར་ན་ཚོགས་པ་དེའི་ཚོགས་གཙོ་མི་གཅེར་བུ་ཟེར་བ་ནི་དགོན་པ་ག་གེ་མོ་ཞིག་གི་གྲྭ་བ་ག་གེ་མོ་ཞིག་ནས་ལོ་ག་གེ་མོར་ནང་ཆོས་ལ་སྦྱངས་བ་དང་ཞིབ་འཇུག་གནང་རྗེས་དགོན་པའི་མཁན་སྤྲུལ་ཚང་མར་དགག་པ་ཚ་ནན་བཏང་ནས་དགོན་པ་དང་གྱེས་ཏེ་དེང་རབས་ཅན་གྱི་གྲོང་ཁྱེར་ལ་ལ་སོང་བའི་གྲྭ་ལོག་གམ་གྲྭ་བ་གསར་བརྗེ་བ་ཞིག་ཡིན་པ་མ་ཟད། ཆོས་གཞུང་ག་གེ་མོར་ཟུར་ཟ་དང་དགག་གཏམ་ག་གེ་མོ་བཏང་བའི་རྩོམ་དེབ་ཀྱང་ག་གེ་མོ་པར་སྐྲུན་བྱས་ཡོད་ཟེར། ད་དུང་ཚོགས་པ་དེའི་ཚོགས་མི་ཚང་མ་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ། སྙན་ངག་པ་སོགས་པ་པོ་བ་བོའི་བདག་སྒྲ་ཅན་ཏག་ཏག་ཡིན་རབས་བཤད། 

            གཤེད་མའི་སྐད་འཕྲིན་ནང་དུ་སྐད་ཧ་ཅང་མང་པོ་ཞིག་གི་རྟགས་ཐོན་འདུགགཤེད་མ་དྲྭ་ཐོག་གི་གྲོགས་ཚོམ་ཉུལ་རྒྱུ་དང་ཚོགས་པར་ཞུགས་རྒྱུར་གོམས་ཡོད་ལ། ཁོས་ཁོམ་དུས་དང་བྲེལ་དུས། ཉལ་དུས་འགྲོ་དུས་སོགས་ཀྱི་དུས་ཚོད་མང་ཤོས་ཤིག་དེ་ལ་གཏོང་བཞིན་ཡོད་ལ། ཁོ་ཚོགས་པ་འདྲ་མིན་མང་པོའི་ནང་དུ་བསྡད་ཡོད་པ་སྟེ། དཔེར་ན“གསར་བརྗེ་ཚོགས་པ”དང“དཔའ་བོའི་མི་རབས”“ཤེས་རིག་གླེང་སྟེགས”“ཕ་ཡུལ་ཕུ་ནུ”“ཕོ་རྐྱང་མོ་རྐྱང”“འདོད་བརྙན་ཚོགས་པ”སོགས་ལྟ་བུ་རེད། ཁོའི་ཚོགས་པ་དག་གི་ནང་དུ་སྐད་ཆ་ཆེས་མང་ཤོས་ཐོན་ཡོད་པ་ནི་འཆི་བདག་ནག་པོས་འོས་སྦྱོར་བྱས་པའི“རྩོམ་རིག་དང་གཏོར་བཤིག”ཅེས་པ་དེ་རེད། དེ་རུ་བགྲོ་གླེང་ཛ་དྲག་བྱེད་ཀྱིན་འདུག ཚོགས་མི་རེ་རེས་འཛམ་གླིང་གི་ཅིག་ཅིག་དང་།ཤར་ནུབ་ཀྱི་ཉིག་ཉིག་སོགས་རྩོམ་རིག་དང་ཆོས་ལུགས། ཆབ་སྲིད། དཔལ་འབྱོར་སོགས་མང་པོ་ཞིག་ལ་འབྲེལ་བ་ཡོད་པའི་གོ་རྒྱུ་ལེན་རྒྱུ་ཡོད་པ་རྐྱང་རྐྱང་གླེང་བཞིན་འདུག  ཚོགས་པའི་ཚོགས་མི་གྲྭ་བ་གྲོང་པ་སུ་ཡིན་ཡང་ཚང་མ་རྟོག་སད་དང་གསར་བརྗེ་བ་ཡིན་པ་འདྲ།  གྲྭ་བ་རྣམས་ཀྱིས“སངས་ཆོས”ཅིག་ཅིག་དང“སྡོམ་པ”ཉིག་ཉིག“དགོན་པ”མུག་མུག་སོགས་ཀྱི་རྗེས་ལུས་དང་སྐྱོན་མང་པོ་ཞིག་བཤད་ནས་དགག་གཞག་བཏང་ནས་ནུབ་ཕྱོགས་ཀྱི་མང་པོ་ཞིག་ལུང་འདྲེན་བྱས་ལ།  སྐྱ་བོ་ཚོས་ཀྱང“སྲོལ་རྒྱུན”ཅིག་ཅིག་དང“ཕྱུགས་རྗེ་ནས་མི་ཚེ་ཟད་པའི་མེས་པོ”ཉིག་ཉིག “མི་བུའི་བདག་དབང”མུག་མུག་སོགས་མང་པོ་ཞིག་ལ་དགག་གཞག་བཏངས་ནས་ནུབ་ཕྱོགས་ཀྱི་མང་པོ་ཞིག་ལུངས་འདྲེན་བྱས། གཤེད་མ་ནི་བོད་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན་པས་ཚུགས་ཀ་ཙམ་མ་བཞག་ན་ལ་རྒྱ་ཤོར་སོང་བ་མིན་ནམ། དེར་མ་ཟད་ཁོའི་གྲོགས་པོ་འཆི་བདག་ནག་པོས་ཀྱང་ཚོགས་པའི་ནང་དུ་ཁོ་རང་ངོ་སྤྲོད་ཡིད་ཚིམ་པ་ཞིག་བྱས་བྱུང་བས་རང་དགར་ཁ་རོག་འདུག་ཐབས་ག་ལ་ཡོད། གཤེད་མས་སྐད་ཀྱི་སྒྲ་གདངས་མཐོ་དམན་རན་ཞིང་ཚིག་འབྲི་དག་མོས་ནུབ་ཕྱོགས་ཀྱི་ག་གེ་མོ་མང་པོ་ཞིག་དང་བོད་ཀྱི་ག་གེ་མོ་མང་པོ་ཞིག་ཟུང་འབྲེལ་དང་གཤིབ་བསྡུར་གྱིས་གཏམ་བཤད་ཚ་ནན་བཏང་བས། འཆི་བདག་ནག་པོ་དང་ཚོགས་གཙོ་མི་གཅེར་བུ།  ཚོགས་མི་དགྲ་སྟ།  དུར་ཁྲོད། དུར་འདྲེ། ཤི་བོ་སོགས་མང་པོ་ཞིག་གིས་མེ་ཏོག་དང་ཁ་བཏགས་མཚོན་པའི་པར་རིས་མང་པོ་བསྐུར་ནས་དགའ་བསུ་ཐོབ་སོང་། 

     “ཨ་ཙི།  དུས་ཚོད་དྲུག་པར་ཐོན་འདུག”

     གཤེད་མའི་ད་གཟོད་རང་གིས་ནངས་ཇའང་མ་མཐུང་བས་ཁོག་པའི་ནང་ན་ཁྲོག་དིར་གྲགས་བཞིན་པ་ཚོར། དེ་རིང“རྩོམ་རིག་དང་གཏོར་བཤིག”ཅེས་པའི་ཚོགས་པ་འདིའི་ནང་དུ་བགྲོ་གླེང་ཡག་པོ་བྱས་སོང་བས། ཕྱི་དྲོའི་དུས་ཚོད་ཇི་ལྟར་བསྐྱལ་བའང་མ་ཚོར། 

         གཤེད་མ་རྒྱུན་དུ་འགྲོ་སའི་ཟ་ཁང་དེ་རུ་ཕྱེ་ཐུག་འཐུང་དུ་སོང་། ཟ་ཁང་བདག་པོས་ཁོ་མཐོང་མ་ཐག་འཛུམ་ཞིག་བསྟན་ཏེ་ཕྱེ་ཐུག་སྐོལ་འགོ་བརྩམས། ཁོས་དེ་ནས་ཕྱེ་ཐུག་ག་ཚོད་འཐུང་ཚར་བ་ཁོག་རྩིས་ཤིག་བརྒྱབ། མ་མཐར་ཡང་གཟའ་འཁོར་རེར་ཐེངས་བདུན་བརྒྱད་རེ་འཐུང་དུ་ཡོང་ཡོད་པ་ཁོ་ཐག་ཡིན། དེ་ལྟར་བརྩིས་ན་ཕྱེ་ཐུག་དཀར་ཡོལ་མང་པོ་ཞིག་འཐུང་ཚར་བ་འདུག་ལ། མདང་དགོང་ནང་བཞིན་ཕྱེ་ཐུག་དཀར་ཡོལ་མང་པོ་ཞིག་ཀྱང་ཆུད་ཟོས་སུ་བཏང་ཡོད་ངེས། ཁོར་གང་ནས་ཡོང་བ་མི་ཤེས་པའི་སེར་སྣ་ཞིག་སྐྱེས་བྱུང་། ཁོའི་ཕུགས་བསམ་ནི་རྩོམ་པ་པོ་ཞིག་བྱེད་རྒྱུ་དེ་རེད། མི་ནི་ཕུགས་བསམ་གྱི་ཆེད་དུ་གསོན་པ་ལས་ཟ་མའི་ཆེད་དུ་གསོན་པ་ག་ལ་ཡིན། ཁོས་ཕྱེ་ཐུག་མང་པོ་ཞིག་འཐུང་དོན་ཡང་ཕྱེ་ཐུག་གི་ཆེད་དུ་འཐུང་བ་མིན་པར་གསོན་པའི་ཆེད་དུ་འཐུང་བ་མིན་ནམ། གསོན་ཐུབ་ན་ཕུགས་བསམ་ཡོད་ལ་ཕུགས་བསམ་ཡོད་པས་གསོན་པ་དེའང་གསོན་པ་དངོས་ཡིན་པ་བདེན་དཔང་བྱས་པ་མིན་ནམ། “ཕུགས་བསམ་ནི་གཤོག་པ་ཡིན། གཤོག་པ་བརྐྱངས་ནས་འཕུར་ཐུབ་རྒྱུ་དེ་ཕུགས་བསམ་གྱི་མཐར་ཐུག་དང་། མཐར་ཐུག་དེའང་མཐར་ཐུག་མེད་པ་ཞིག་ཡིན་སྲིད་པས་མུ་རུ་འཕུར་དགོས”ཁོས་སྔོན་ཆད་སློབ་གྲྭའི་བགྲོ་གླེང་ཞིག་གི་ཐོག་ཏུ་སྨྲ་བ་གཟེངས་སུ་བཏེགས་ནས་དེ་ལྟར་བཤད་མྱོང་བ་དྲན།

       “ འཕུར་་་  འཕུར་འདོད་དུས་་་”

       ཁ་པར་གྱི་དྲིལ་བརྡ་ཡང་བསྐྱར་གྲགས་བྱུང་།“དགེ་རྒན་གྱིས་དཔྱད་རྩོམ་སང་ཉིན་ཕྱི་དྲོར་སྤྲོད་ཤོག་ཟེར།  གཤེད་མ་ལེ་ལེ། དུས་ཚོད་དམ་འཛིན་བྱོས།  ཁྱོད་རང་གི་ཆེད་ཡིན།  ད་རུང་་་་”གཤེད་མའི་མཁའ་འགྲོའི་སྐད་གོ་བ་ཙམ་གྱིས་སུན་སྣང་སྐྱེས་ནས་བཤད་འཚམས་བཅད་དེ་ཁ་པར་སྒོ་གཏན། ཁོས་མཁའ་འགྲོས་རང་ཉིད་ལ་བཅིངས་བའི་བརྩེ་སེམས་ལ་བསམ་བློ་གཏོང་མི་འདོད། ཁོ་མཁའ་འགྲོའི་གཤིས་ཀ་ལྟ་བུའི་བུད་མེད་ཚོར་ཡེ་ནས་དགའ་པོ་མེད་པ་གོང་ནས་བཤད་པ་ལྟར་རེད། མཁའ་འགྲོ་དང་ཁོ་གཉིས་ངོ་ཤེས་པ་ནས་བཟུང་མཁའ་འགྲོས་ཐེངས་གཅིག་ལའང་ཁོ་དང་མཉམ་དུ་ཉལ་རོགས་མ་བྱས་པ་དེ་རེད། ཁོ་ལ་མཚོན་ན་མཁའ་འགྲོ་ནི་རེག་ཐུག་མི་ཆོག་པའི་མི་སྐྱོང་རྡེ་རྗེའི་སྐུ་འདྲ་བ་དང་མཁའ་འགྲོའི་སྐད་ཆ་རེ་རེ་ནི་གཉིད་མ་སད་ཀྱི་རྨི་ལམ་ནང་གི་འཛེར་སྒྲ་ཟ་ཟི་ལྟ་བུར་གྱུར་འདུག  

        ཡིན་ནའང་དོ་དགོང་ངེས་པར་དུ་རང་སྦྱོང་དགོང་ཚོགས་ལ་འགྲོ་དགོས། “དཔྱད་རྩོམ་སྐྱག་རྩོམ་ཟེར་བ་དེར་དེང་ཕྱིན་ཆད་ལག་ཅིག་མི་ཐུག་པར་སྨོན”གཤེད་མས་ཕྱེ་ཐུག་འཐུང་ཞོར་དང་ཁ་པར་རྩེ་ཞོར་བྱས། སྐད་འཕྲིན་གྱི་གྲོགས་ཚོམ་ནང་དུ་དྲྭ་གྲོགས་ལ་ལས་མཁས་པ་གོང་མ་དག་གི་ལེགས་བཤད་ལྟ་བུའི་ཚིག་དུམ་རེ་སྤེལ་ཡོད་ལ། ལ་ལས་ནད་པ་ག་གེ་མོ་ཞིག་ལ་སྨན་ཡོན་མེད་རབས་དང་ཡང་ན་སྐྱེས་སྐར་ཡིན་པས་ལེགས་སྐྱེས་སྟེར་རོགས་སོགས་ཁུག་དམར(红包)སློང་བའི་པར་རིས་དང་ཡི་གེ་སྤེལ་བ། ལ་ལས་རིན་གོང་མཐོ་བའི་ཟ་མ་དག་ཟ་བཞིན་པའི་པར་རིས་སྤེལ་བ། ལ་ལས་རླངས་འཁོར་རྟགས་ཅན་གང་རུང་རེ་བསྐོར་ནས་འགྲོ་བཞིན་པའི་བརྙན་ཐུང་། ཡང་ལ་ལས་དགའ་རོགས་དང་འཐོར་བས་སྡུག་བཤད།ད་དུང་གྲྭ་བ་དང་གྲོང་བའི་དབྱེ་བ་མེད་པར་མང་པོ་ཞིག་གིས་བརྩེ་དུངས་མཚོན་པའི་པར་རིས་དང་བརྩེ་དུངས་སྙན་ངག་སོགས་ལྟ་ཚོད་མེད་པ་ཞིག་སྤེལ་འདུག གཤེད་མས་དེ་དག་ཚང་མར་ལྟ་བ་ལས་སྙིང་རྟགས་མ་བཀོད། དེ་ནི་ཁོས་ཆ་མེད་ཀྱི་དྲྭ་གྲོགས་མང་པོར་ཁོ་རང་དུས་རྒྱུན་དྲ་ཐོག་ན་མེད་པར་མཚོན་པའི་སྒམ་ཚུགས་ཤིག་ཡིན་སྲིད། གང་ལྟར་ཁོས་གཞན་ལ་སྙིང་རྟགས་རེ་འགོད་རྒྱུ་ནི་གསེར་སྲང་རེ་སྟེར་དགོས་པའི་སེར་སྣ་སྐྱེ་བ་བཞིན་རང་གར་གཏན་ནས་མི་འགོད། སྐབས་དེར་འཆི་བདག་ནག་པོའི་སྐད་ཐོན་བྱུང་། ཁོས་བཤད་ན་དོ་དགོང་ཡང་མདང་དགོང་འགྲོ་སའི་ཆང་ཁང་དེ་རུ་སློབ་གྲྭ་ཆེན་མོ་བའི་སྙན་ངག་པ་དང་ཤེས་ཡོན་པ་སྐོར་ཞིག་གིས“མཚན་ལམ་རིང་མོ”ཞེས་པའི་སྙན་ངག་གི་འདུ་འཛོམས་ཤིག་བྱེད་རྒྱུ་ཡིན་པས།དུས་ཚོད་བདུན་ཐོག་ནས་ངེས་པར་དུ་ཐོན་དགོས་ཟེར།ཁོས་ད་དུང་དོ་དགོང་ལྷ་སའི་མཛེས་མ་སྐོར་ཞིག་ཀྱང་ཁྲིད་ཡོང་། དེ་ཚོ་ཁྱོད་ཀྱིས་མདང་དགོང་གླེང་བའི་ཁྱོད་རང་སྤྲོ་སའི་བུད་མེད་དེ་རིགས་ཡིན་ཟེར། གཤེད་མས་ཕྱེ་ཐུག་དཀར་ཡོལ་གང་བོ་གཙང་དག་བྱས་རྗེས་ཐད་ཀའི་སྐྲ་བཞར་ཁང་དུ་བུད་སོང་།     

       ཆང་དང་སྙན་ངག་ད་དུང་བུད་མེད་བཅས་ཀྱི་མཚན་མོ་རེ་རེ་ནི་ཅི་འདྲའི་རིན་དུ་བྲལ་བའི་དུས་ཚོད་ཅིག་རེད་ཨང་། ཕྱེ་ཐུག་དཀར་ཡོལ་གང་དེ་དང་བསྡུར་ན་ཅིའང་ཇི་ལྟར་བསྡུར་ཏེ་བསྡུར་ཐབས་མེད་པ་ཞིག་ཡིན་སྲིད་དོ།།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།