ཀླད་ཀོར་གྱི་བརྩམས་སྒྲུང་《དེ་རིང་གི་སྨར་ཁམས་རྫོང》

62484

 

         ང་རང་བསྡད་སའི་རླངས་འཁོར་འདི་གཞུང་ལམ་གྱི་ཀྱོག་མཚམས་ཆེན་པོ་ཞིག་བརྒྱུད་པ་དང་ཁ་ལོ་པས་དུང་སྒྲ་བར་མེད་དུ་རྡུང་།  ངས་ཅི་བྱུང་བ་ཡིན་ནམ་སྙམ་གྱིན་ཆར་བས་བརླན་པའི་སྒེའུ་ཁུང་ནས་མདུན་ཕྱོགས་སུ་ལྟ་སྐབས་མདུན་ཕྱོགས་ཀྱི་དངོས་པོ་དེ་ལམ་ཁར་ཟུར་སོང་བས་ངས་དེ་ནི་ཅི་ཡིན་པ་གསལ་པོ་ཞིག་མཐོང་མ་ཐུབ། ད་ལྟ་མུན་རུབ་ཟིན་པ་མ་ཟད་ཆར་བའང་འབབ་བཞིན་ཡོད་པས་རླངས་འཁོར་གྱི་གློག་འོད་ཕོག་མེད་པའི་ལམ་ཁར་ཞིབ་པར་བལྟས་ཀྱང་དངོས་པོ་དེ་གསལ་པོ་ཞིག་མཐོང་མ་བྱུང་།

        ཁ་ལོ་པས་རླངས་འཁོར་བཞག་སོང་ལ་སྒེའུ་ཁུང་ཕྱེ་ནས་ཕྱི་རོལ་དུ “ཨ་རོགས  ཨ་རོགས”ཟེར། ངས་ཀྱང་སྒེའུ་ཁུང་ཕྱེ་བ་ན་གློ་བུར་ཐོན་ཡོང་བའི་གྲང་རླུང་ནང་གི་ཆར་ཐིགས་གྲང་མོ་རྣམས་ངའི་གདོང་ལ་བྱོ་ཡོང་བས་ལུས་པོ་ལ་གྲང་འདར་ཤོར་ཞིང་གཉིད་མ་སད་ཀྱི་རིག་པའང་ཇེ་དྭངས་སུ་སོང་། དེ་ནས་ངས་ལམ་ཁར་ལྕགས་རྟ་བཞོན་པའི་ཡུལ་བསྐོར་བ་དེ་གསལ་པོར་མཐོང་བྱུང་། 

      “རྒྱ་ཞིག་རེད”ཁ་ལོ་པ་ལ་དག་སེལ་བྱེད་པ་ན་ཁ་ལོ་པས་ཀྱང་སྒེའུ་ཁུང་ནས“ངས་དུང་བརྡ་ཅི་ཙམ་བཏང་ཡང་ལམ་མི་གཟུར་བ་ཅི་ཡིན”ཞེས་རྒྱ་སྐད་ཀྱིས་འབོད། ཡུལ་བསྐོར་བ་དེ་ལམ་ཁར་ལྕགས་རྟ་ལས་བབས་སོང་ལ་རླངས་འཁོར་གྱི་སྒེའུ་ཁུང་ནང་དུ་ལྟ་བཞིན་སྐད་ཆ་ཅི་ཞིག་བཤད་གྲབས་བྱེད་ཀྱང་ཁོའི་ལུས་པོ་འདར་སིག་སིག་བྱེད་བཞིན་འདུག་པས་མདོག་ཤོར་བའི་མཆུ་ཏོ་དེ་འགུལ་ཙམ་འགུལ་ཙམ་བྱེད་པ་ལས་སྐད་ཆ་ཅི་ཡང་ཐོན་མ་སོང་། ཁ་ལོ་པས་ཁོ་ལ་མི་རངས་བའི་རྣམ་འགྱུར་བསྟན་རྗེས་སྒེའུ་ཁུང་གི་ཁ་བརྒྱབ་གྲབས་བྱེད་ཀྱང་ཡུལ་བསྐོར་བ་དེས་སྒེའུ་ཁུང་གི་ཤེལ་སྒོ་དམ་དུ་བཟུང་འདུག་པས་བརྒྱབ་ཐུབ་མ་སོང་།  

          ཁ་ལོ་པས་རུམ་ནས་དུ་བ་བག་ཆ་ཞིག་བླངས་རྗེས་དུ་རྐང་གཉིས་ཡར་འཐེན་སོང་། དུ་རྐང་གཅིག་སྒེའུ་ཁུང་གི་ཁ་ན་འདར་བཞིན་པའི་མི་དེའི་ཁ་ནང་བཅུག་པ་དང་གཞན་དེ་རང་ཉིད་ཀྱི་ཁ་ནང་བཅུག་རྗེས་སོ་སོའི་དུ་བར་མེ་བསྒྲོན་སོང་།  ཡུལ་བསྐོར་བ་དེས་ཐ་མག་ཤུགས་ཀྱིས་བཞིབས་པས་གློ་ལུ་དྲག་པོ་ཞིག་ཤོར། སྒེའུ་ཁུང་གི་ཁ་རུ་ཁོའི་གདོང་སྐྱ་བོ་དེ་ཅི་ལྟར་དམར་པོར་འགྱུར་ཚུལ་ངས་གསལ་པོ་མཐོང་བྱུང་། གློ་བརྒྱབ་ཚར་རྗེས་ཁོའི་མགོ་སླར་ཡང་སྒེའུ་ཁུང་གི་ཁར་བརྐྱངས་པ་དང“སྨར་ཁམས། སྨར་ཁམས། གང་དུ། གང་དུ་ཡོད”ཅེས་སྐད་ཆ་ལྡབ་ལྡིབ་ངང་བཤད་མ་ཐག་ཁྲོས་ཡོད་པའི་ཁ་ལོ་པའང་གད་མོ་ཤོར་སོང་། 

         ཁ་ལོ་པས་མི་རིང་བའི་ས་ན་གཡོ་བཞིན་པའི་གློག་འོད་རབ་རིབ་དག་ལ་འཛུབ་མོ་གཏོད་ཀྱིན“སྨར་ཁམས་ལ་སླེབས་སོང”ཟེར། ཡུལ་སྐོར་བ་དེས་རང་ཉིད་ཀྱི་ལྕགས་རྟ་དེ་འཁྲིད་མ་འདེད་ཀྱིས་མདུན་དུ་ཕྱིན་སོང་། མོ་ཊས་ཁོ་རང་བརྒྱབ་ཏུ་བཞག་རྗེས་འདུན་དུ་བསྐྱོད། སྨར་ཁམས་རྫོང་གིས་ས་རྐོ་རྡོ་རྐོ་བྱེད་བཞིན་སྲང་ལམ་གསར་བཟོ་བྱེད་པའི་སྒང་ལ་ཆར་བ་ཆེན་པོ་ཞིག་བབས་འདུག་པས་སྲང་ལམ་ཡོད་ཚད་འདམ་པའི་ཞིང་ཁམས་སུ་གྱུར་འདུག  ཁང་པ་དང་མོ་ཊ་རྣམས་ནི་ཞིང་ཁམས་དེའི་དཀྱིལ་དུ་གནས་པའི་ཁེར་གླིང་དུ་གྱུར། 

          ང་རང་སྡོད་སའི་མོ་ཊ་དེ་འདམ་པའི་ཁྲོད་དུ་གཡས་གཡོ་གཡོན་གཡོ་བྱེད་བཞིན་འགྲོ་སྐབས་ངའི་སེམས་སུ་པེ་ཅིང་གི་ལུས་རྩལ་སློབ་ཆེན་ནང་སློབ་གཉེར་བྱེད་བཞིན་པའི་ཕ་ཡུལ་གཅིག་པའི་གྲོགས་པོ་རྒྱལ་མཚན་དྲན་བྱུང་།  ང་གཉིས་ཕལ་ཆེར་དུས་གཅིག་ལ་སློབ་གྲྭ་ནས་ཐོན་ནའང་ང་རང་ཅུང་སྔ་ཙམ་གྱི་པེ་ཅིང་ནས་ལམ་ལ་ཆས། ང་རང་མེ་འཁོར་དུ་ཡོད་དུས་ཁོས་ང་ལ་ཁ་པར་བརྒྱབ་ནས་ཁྲིན་ཏུའུ་རུ་ཡིན་གཅིག་མིན་གཉིས་འཛོམས་དགོས་ཟེར།  ངས་ལགས་སོ་ཟེར་ནས་ཁྲིན་ཏུའུ་རུ་ཁོ་རང་བསྒུགས་པ་ཡིན།  ཉིན་གཅིག་གི་རྗེས་སུ་ངས་ཁོ་ལ་ཁ་པར་བཏང་ནས་ཁྲིན་ཏུའུ་རུ་སླེབ་ཡོད་མེད་འདྲི་དུས་ཁོ་རང་ཁྲིན་ཏུའུ་ཡི་མེ་འཁོར་འབབ་ཚུགས་སུ་སླེབས་མ་ཐག་ཁ་ལོ་བ་ཞིག་གིས་ཁོ་རང་ཁ་བཀག་ནས་དར་རྩེ་མདོ་རུ་འགྲོ་ཞེས་ཨུ་ཚུགས་བྱེད་ཀྱིན་འདུག་པས་ཁོ་དེ་ནང་འཛུལ་བ་ཡིན་ཟེར།  

             ཉིན་དེར་ང་རང་ཡང་རླངས་འཁོར་དེ་འདྲ་ཞིག་བཀག་ནས་དར་མདོའི་ཕྱོགས་སུ་ཆས།  དར་མདོ་རུ་སླེབ་དུས་མཚན་མོའི་ཆུ་ཚོད་བཅུ་གཉིས་ཟིན་འདུག་ཅིང་ངས་ཁོ་ཡང་དར་མདོར་ཡོད་ངེས་སྙམ་གྱིན་ཁ་པར་བརྒྱབ་དུས་ཁོ་རང་འབའ་ཐང་གི་ཕྱོགས་སུ་ཆས་བཞིན་ཡོད་ཟེར།  ཁ་པར་གྱི་རྒྱབ་ལྗོངས་སུ་མོ་ཊའི་སྐད་གྲག་འོང་།  ཕྱི་ཉིན་ང་རང་འབའ་ཐང་དུ་སླེབས་དུས་ཁོས་སྨར་ཁམས་ཀྱི་འབུམ་མཚོའི་མགྲོན་ཁང་དུ་ང་རང་སྒུག་བཞིན་ཡོད་ཟེར།  དུས་ད་ལྟ་ངས་འདམ་ཟབ་ནས་གཡས་གཡོ་གཡོན་གཡོ་བྱེད་བཞིན་འགྲོ་བའི་རླངས་འཁོར་འདི་ནས་ཁོ་ལ་ཁ་པར་ཐེངས་གསུམ་ཙམ་བརྒྱབ་ཀྱང་འགྲོ་གི་མི་འདུག

          ངས་ཁ་ལོ་པ་ལ“འབུམ་མཚོའི་མགྲོན་ཁང་གི་སྒོ་ཁར་བཞག་རོགས”ཅེས་ཞུ་བ་ཕུལ། ཁ་ལོ་བས་མོ་ཊ་ལམ་འགྲམ་དུ་བཞག་སྟེ་གཡས་གཡོན་གང་སར་ཞིབ་ལྟ་ཡུན་རིང་བྱས་རྗེས“ངས་གང་དུ་སླེབས་པའང་ཤེས་ས་མི་འདུག”ཅེས་བཤད་བྱུང་བས་ཁ་ལོ་བས་རྩེད་མཚར་འདྲ་བྱེད་པ་མིན་ནམ་སྙམ་བཞིན་ངས་ཀྱང་སྒེའུ་ཁུང་ཕྱེ་ནས་ཕྱི་རོལ་དུ་ཞིབ་ལྟ་ཞིག་བྱས། ཕྱི་རོལ་གྱི་མོ་ཊའི་གློག་འོད་ཀྱིས་གསལ་མཚམས་མ་གཏོགས།  ཡོད་ཚད་ནི་མུན་པ་རེད།མཐར་ན་གློག་འོད་རབ་རིབ་ཙམ་གསལ་བའི་སྒེའུ་ཁུང་ཞིག་ཀྱང་མཐོང་རྒྱུ་མི་འདུག  དུས་རྒྱུན་རྒྱུས་ཤིན་ཏུ་ཆེ་བའི་སྨར་ཁམས་རྫོང་གི་སྲང་ལམ་གྱི་ཟུར་དག་ད་ལྟ་རྣམ་པ་ཡོངས་སུ་འགྱུར་འདུག་ལ་མ་འགྱུར་བ་དག་ཀྱང་གཏིང་རིང་བས་མུན་པས་བསྒྲིབས་ཟིན་པ་འདྲ།  ངས་གཡས་གཡོན་གྱི་མགྲོན་ཁང་དག་ངོ་ཤེས་རྒྱུ་ཕར་ཞོག  རང་ཉིད་སྡོད་པའི་རླངས་འཁོར་འདི་སྲང་ལམ་གང་དུ་སླེབས་ཡོད་པའང་ཤེས་ཀྱི་མི་འདུག

          ངས་ཁ་ལོ་བ་ལ“ང་རང་འདི་གར་འབབ་གི་ཡིན”ཟེར་བཞིན་མོ་ཊའི་གླ་ཆ་བརྩིས་རྗེས་མོ་ཊ་ལས་བབས་པ་ན་ས་ངོས་སུ་དང་པོ་སྤོ་བའི་རྐང་པ་དེའི་ལྷམ་ཡོད་ཚད་འདམ་དུ་ནུབ་སོང་།  ངས་ཁ་པར་གྱི་འོད་ལ་བརྟེན་ནས་སྲང་བར་ན་ཡར་ཉུལ་མར་ཉུལ་བྱེད་མཐར་གཞི་ནས་འབུམ་མཚོའི་མགྲོན་ཁང་རྙེད་ཙམ་བྱུང་། ངས་སྒོ་ཡོལ་ཕུད་ནས་ནང་དུ་ཐོན་པ་ན་མིང་ཐོ་འགོད་སའི་སྟེགས་བུའི་རྒྱབ་ཏུ་ཉལ་ཡོད་པའི་སྦྱིན་བདག་མའི་རྨི་ལམ་དཀྲོགས་པ་འདྲ།  མོས་མགོ་བོ་ཡར་བཀྱགས་ནས་ང་ལ་ལྟ་ཙམ་བྱེད།  ངས་མོ་ལ“ཕྱི་རོལ་གྱི་ཡོད་ཚད་འདམ་པ་རེད”ཅེས་ཐལ་ཡང་།  མོས་སྣང་དོགས་ཅི་ཡང་མེད་པར“མགྲོན་ཁང་ཡོད་ཚད་ཀྱང་འདམ་པ་རེད”ཟེར། 

           ངས་པར་ཁུག་ནས་ཐོབ་ཐང་ལག་འཁྱེར་ཡར་བླངས་ནས་མོ་ལ་སྤྲད་པ་དང“མི་གཅིག་སྡོད་སའི་ཁང་མིག་ཡོད་དམ”ཞེས་འདྲི་བ་ན“དཔང་ཡིག་མི་དགོས། མིག་གཅིག་སྡོད་སའི་ཁང་མིག་ལ་གླ་སྒོར་མོ་བརྒྱ་ཐམ་པ་རེད”ཟེར།   ངས་མོ་ལ་སྒོར་མོ་བརྒྱ་ཕར་སྤྲོད་ཞོར་དུ“དེ་རིང་མགྲོན་ཁང་དུ་མིང་ལ་རྒྱལ་མཚན་ཟེར་བ་ཞིག་བསྡད་ཡོད་མེད་མིང་ཐོ་འཚོལ་རོགས”ཞུ་བ་ན་མོས“མིང་ཐོ་འགོད་ཀྱིན་མེད་པས་བཙལ་མི་ཐུབ”ཟེར།རྒྱལ་མཚན་འཚོལ་བའི་རེ་བ་ཟད་སོང་སྙམ་གྱིན་ཐོབ་ཐང་ལག་འཁྱེར་དང་ལྡེ་མིག་བླངས་ནས་སྡོད་ཁང་འཚོལ་དུ་སོང་།  ང་རང་སྡོད་སའི་ཁང་མིག་དེ་ཆེ་རྒྱུ་མེད་ནའང་ཡོད་ཚད་སྤུས་དག་རེད་ལ་སྐུད་མེད་དྲ་བ་ཡོད་པར་མ་ཟད།  ཁྲུས་ཁང་ཡང་འདུག  རྒྱབ་ཁུག་དག་ཁང་པའི་ཟུར་ཞིག་ཏུ་བཞག་རྗེས་འདམ་གྱིས་སྦགས་པའི་གོས་ལྷམ་ཕུད་ནས་ཁྲས་ཁང་དུ་འཛུལ།  ཡིན་ཡང་ལུས་པོ་འཁྲུད་བྱེད་ཀྱི་ཆུ་དེ་སྐབས་རེར་ཚ་ལྷང་ལྷང་ངང་ངའི་མགོ་ཐོག་ཏུ་བྱོ་ཡོང་བས་ངས་ཨ་ཚ་ཚ་ཟེར་དགོས་བྱུང་།   མཚམས་རེར་ཆུ་ཚ་མོ་དེ་གློ་བུར་གྲང་ཤིག་ཤིག་ཏུ་འགྱུར་འགྲོ་བས་ཨ་ཆུ་ཆུ་ཟེར་དགོས་བྱུང་།

          ང་རང་གཅེར་བུའི་ངང་གློག་གིས་དྲོ་ལྷམ་ལྷམ་བཟོས་ཡོད་པའི་མལ་སར་འཛུལ་དུས་མཐོ་སར་གྲང་དྲག་པས་ཡིན་ནམ། ཉིན་གང་རླངས་འཁོར་ནང་བསྡད་པས་ངལ་དྲག་པས་ཡིན།  སྐད་ཅིག་ལ་རིག་པ་མག་མོག་ཏུ་གྱུར། ངས་ན་བུན་དུ་བསྐྱོད་པ་ལྟ་བུའི་རྨི་ལམ་སྲབ་མོ་ཞིག་རྨི་བཞིན་པ་འདྲ་ཡང་སྔས་འོག་ཁ་པར་གྱི་སྐད་འཕྲིན་ལས“ཏིང་ཏིང”ཞེས་སྒྲ་བར་མེད་དུ་གྲགས་ཡོང་བས་ང་རང་གཏིང་རིང་བའི་རྨི་ལམ་དུ་ལྷུང་མ་ཐུབ། གཉིད་མ་སད་ཀྱིས་ལག་ཉུལ་ཞིག་བྱས་ནས་ཁ་པར་ཚུར་བླངས་པ་དང་མིག་རུབ་རུབ་ཀྱིས་སྐད་འཕྲིན་ཁ་ཕྱེ་ནས་བལྟ་དུས།  མ་གཞི་སྐད་མང་པོ་རྒྱག་ས་དེ“འབུ་ཚ་སྡེ་བའི་གྲོགས་ཚོམས”ཟེར་བའི་གྲོགས་པོའི་ཚོམས་དེ་ཡིན་འདུག  ང་དང་འབྲེལ་བ་མེད་པའི་སྐད་ཆ་ཁ་ཤས་ཤིག་གིས་ངའི་གཉིད་ཀྱི་བདེ་བ་དཀྲོགས་པ་དྲན་ཚེ།  གྲོགས་ཚོམས་ནང་གི་སྒོ་ཁར་ལངས་ནས་སྐད་ཅོ་རྒྱག་མཁན་དག་ལ་སུན་སྣང་འགོག་མེད་དུ་སྐྱེས། 

         ཡིན་ཡང་ངའི་གཉིད་ཀྱི་བདེ་བ་དཀྲོགས་ནི་དཀྲོགས་ཟིན་པས་མཚར་སྣང་གི་སེམས་པ་ཞིག་གིས་གྲོགས་ཚོམས་དེ་འཛུབ་མོས་མནན་པ་དང་ཅི་བྱུང་བལྟས་པ་ན་དེའི་ནང་དུ་སྐད་ཆ་ཉིས་བརྒྱ་ལྷག་འཚང་ཡོད་པ་གསལ་འོང་། གྲོགས་ཚོམས་དེ་ནི་ང་ཚོ་འབུམ་ཚ་སྡེ་བའི་ཕོ་གསར་ཁྱུ་གཅིག་གིས་བཙུགས་པ་རེད་ལ་ཟླ་གཅིག་གི་སྔོན་དུ་མི་ཞིག་གིས་ང་རང་ནང་འཇུག་བྱས་སོང་།  གྲོགས་ཚོམས་དེ་ནི་རིག་གཞུང་དང་རྩོམ་རིག  སྙན་ངག་གི་གྲོགས་ཚོམས་བཞིན་ལྟ་བ་ཆེན་པོ་མང་པོ་དྲག་ཆར་འབབ་འདྲ་བརྡོལ་རྗེས་མི་ཚང་ཚང་མ་ཁུ་སིམ་མེར་བསྡད་པ་དང་མི་འདྲ་བར།  ཉིན་ཀུན་འུར་ཟིང་ངེར་བྱེད་པའི་གྲོགས་ཚོམས་ཤིག་རེད། ང་ཚོའི་སྡེ་བའི་གསར་འགྱུར་ཆུང་ཆུང་དག་གླེང་བ་མ་ཟད།  སང་ཉིན་གང་གི་ཕྱོགས་སུ་དབྱར་རྩྭ་རྐོ་བར་འགྲོ་རྒྱུ་ཁ་ཆད་བྱེད་ཅིང་།  ཚོགས་འདུ་འཚོགས་བརྡ་དང་སུ་ཚང་གི་ཞིང་ནང་དུ་སུ་ཚང་གི་ཕག་མ་འཛུལ་སོང་བ་ལ་སོགས་ཀྱང་འདི་ནས་འབོད་འོང་བས་ང་རང་པེ་ཅིང་གི་སྲང་ལམ་ག་གེ་མོ་ཞིག་གི་ཐོག་ཏུ་འགྲོ་སྐབས་སྐད་དེ་དག་ཉན་ཐེངས་རེར་སྐབས་སྐབས་སུ་གློ་བུར་དགོད་ཤོར་ལ་མཚམས་མཚམས་སུ་སྐྱོ་སྣང་ཞིག་ཤར་རེ་སྐྱེས་ཡོང་།  དེ་རིང་རྫོང་ཁ་འདི་འབུམ་མཚོའི་མགྲོན་ཁང་ནས་མིག་རུབ་རུབ་ཀྱིས་སྐད་འཕྲིན་གྱིས་ངོས་སུ་ལྟ་བཞིན་དོན་དག་ཅི་ཞིག་བྱུང་བ་ཡིན་ནམ་སྙམ།

           ངས“འབུ་ཚ་སྡེ་བའི་གྲོགས་ཚོམས”ཀྱི་སྐད་བརྡ་ཆེས་ཐོག་མ་ནས་འཛུམ་མོས་མནན་ནས་བཀླགས། ང་ཚོའི་སྡེ་བའི་ཕོ་གསར་སངས་རྒྱས་ཀྱིས“དེ་རིང་ཞོགས་པར་ང་རང་འབུ་རྐོ་བར་སོང་ནས་རི་སྐེད་ལ་སླེབས་དུས་མི་རྐྱང་ཚེ་བསམ་གྱིས་ཁོ་ཚང་གི་བོང་བུ་དེ་བཞོན་ནས་སྡེ་འདབ་ཀྱི་ཕྱོགས་སུ་འགྲོ་བཞིན་འདུག”ཟེར། ཕོ་གསར་གཞན་རྣམས་ཀྱིས་དེའི་ལན་དུ“ཡིན་མི་སྲིད། ཁྱོད་རང་ལ་མིག་འཁྲུལ་བྱུང་བ་མིན་ནམ”ཟེར་འདུག  ཕོ་གསར་སངས་རྒྱས་ཀྱི་སྐད་ཆ་དེ་ལ་མི་རྣམས་དོགས་པ་སྐྱེས་པ་ཡང་ཁག་མི་འདུག  ང་ཚོ་སྡེ་བའི་མི་རྐྱང་ཚེ་བསམ་ཞོགས་སྔ་ལངས་བྱེད་པ་ནི་ངོ་མ་ཞོགས་པའི་ཉི་མ་ནུབ་ནས་ཤར་ཡོང་བ་དང་ཨ་ན་མ་ན་རེད། མི་རྐྱང་ཚེ་བསམ་ཞོགས་པ་ཡར་ལངས་ནས་ཕྱི་རོལ་དུ་ཐོན་པའི་གནས་ཚུལ་དེ་ངས་མཐོང་མ་མྱོང་ལ་ཐོས་ཀྱང་མ་མྱོང་།  ང་རང་ཕ་ཡུལ་དུ་ལོག་ཐེངས་རེར་རྔུལ་ཆུ་ཁྲོམ་ཁྲོམ་གྱིས་སྟོན་རྔ་བའམ་ཁུར་པོ་ཁུར་ནས་འགྲོ་དུས་མི་རྐྱང་ཚེ་བསམ་ཁོ་ཚང་གི་རྩྭ་ཡང་སྐྱེས་ཟིན་པའི་ཁང་པའི་ཐོག་ཏུ་ཙོག་ནས་པི་ལྦང་དཀྲོལ་འོང་། 

         ངས་ངལ་རྩོལ་བྱེད་སྐབས་སུ་པི་ལྦང་གི་སྒྲ་དེ་ཐོས་མ་ཐག་སུན་སྣང་ཞིག་ངང་གིས་སྐྱེས་ནའང་ཡུལ་མི་ཚོ་ནི་དེ་ལས་ལྡོག་སྟེ་པི་ལྦང་གི་སྒྲ་དེ་ཞིང་ཁའི་སྟར་སྡོང་ནས་གྲག་པའི་བྱེའུ་ཡིས་སྒྲ་བཞིན་རྒྱུན་ལྡན་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་འདྲ།  པི་ལྦང་གི་སྒྲ་དེ་ཐོས་ཐེངས་རེར“ཚེ་བསམ་མལ་ལས་ལངས་འདུག  ཆུ་ཚོད་གཉིས་པར་ཟིན་པ་འདྲ”ཞེས་ཟེར་ངེས། མི་རྐྱང་ཚེ་བསམ་མལ་ལས་ལངས་པ་འཕྱི་པོ་ཡིན་ནའང་དུས་ལྟར་མལ་ལས་ལངས་མཁན་ཞིག་རེད་ཟེར་ཆོག  རྒྱུ་མཚན་ནི་ཕྱི་དྲོའི་ཆུ་ཚོད་གཉིས་པར་མལ་ལས་ལངས་རྗེས་རང་ཁྱིམ་གྱི་ཁང་ཐོག་ཏུ་འོང་ནས་པི་ལྦང་དུས་ལྟར་དཀྲོལ་འོང་བ་རེད། དེ་ན་ཁོ་རང་ཆུ་ཚོད་དང་པོ་ལ་མལ་ལས་ལངས་མི་སྲིད་ལ་ཆུ་ཚོད་གསུམ་པ་ལ་མལ་ལས་ལངས་མི་སྲིད། 

         མི་རྐྱང་ཚེ་བསམ་གྱིས་ཆུ་ཚོད་གཉིས་པར་དུས་ལྟར་ལངས་ནས་པི་ལྦང་དཀྲོལ་བ་འོང་བ་དེ་ཡང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་འདྲ། ང་ཚོ་འབུ་ཚ་སྡེ་བའི་སྡེ་འདབ་ཀྱི་སྟར་སྡོང་ཆེན་པོ་དེའི་འོག་ཏུ་འཛོམས་ནས་གཏམ་རྒྱུད་བཤད་རྒྱུར་དགའ་བའི་མི་རྒན་ཚོས་མི་རྐྱང་ཚེ་བསམ་གྱིས་པི་ལྦང་དཀྲོལ་མི་ཤེས་པའི་སྔོན་གྱི་བྱིས་དུས་ཀྱི་གཏམ་རྒྱུད་དག་གསལ་པོ་ཞིག་བཤད་རྒྱུ་མི་འདུག་པ་ལ་བལྟས་ན་མི་རྐྱང་ཚེ་བསམ་ཨ་མའི་མངལ་ནས་ཐོན་མ་ཐག་ཁོ་ཚང་གི་རྩྭ་སྐྱེས་པའི་ཁང་སྟེང་ནས་པི་ལྦང་དཀྲོལ་ཡོང་བ་འདྲ་ལ།  མི་རྐྱང་ཚེ་བསམ་འཇིག་རྟེན་འདི་ན་མེད་པའི་གོང་དུ་པི་ལྦང་གི་སྒྲ་དེ་ཆུ་ཚོད་གཉིས་པར་དུས་ལྟར་གྲག་འོང་པ་དང་ཡང་འདྲ།

        ཕོ་གསར་སངས་རྒྱས་ཀྱི་སྐད་ཆ་ལ་མི་ཀུན་བདེན་པར་བཟུང་བའི་སྐབས་དེར་ཕོ་གསར་ཟླ་བ་བཀྲ་ཤིས་ཀྱིས་ཀྱང“འབུ་ཚ་སྡེ་བའི་གྲོགས་ཚོམས”སུ“ངོ་མ་རེད།  དེ་རིང་ཞོགས་པར་ངས་ལྷ་བསང་བཏང་ནས་ཀཱི་སྒྲ་ལན་གསུམ་བརྒྱབ་ཚར་བ་དང་བོང་བུའི་དྲིལ་བུ་ཞིག་ཐོས་བྱུང་བས་མི་རྐྱང་ཚེ་བསམ་ཚང་གི་བོང་བུ་དེས་འདོགས་ཐག་བཅད་ནས་བྲོས་ཡོང་བ་ཨེ་ཡིན་སྙམ་གྱིན་དྲིལ་སྒྲ་གྲགས་ཕྱོགས་སུ་ལྟ་སྐབས།  མི་རྐྱང་ཚེ་བསམ་གྱིས་ཡིན་བསམ་བསམ་གྱིས་ཁོ་ཚང་གི་བོང་བུ་དེ་ཞོན་ནས་ཐོན་བྱུང་།  མི་རྐྱང་ཚེ་བསམ་གྱིས་ང་མཐོང་མ་ཐག་སོ་བཙིགས་བྱུང་ལ་བཞོན་པའི་བོང་བུས་ཀྱང་ང་ལ་སོ་གཙིགས་བྱུང་། ཁོ་གཉིས་ཀྱིས་སོ་གཙིགས་ཚུལ་དང་གདོང་གི་རྣམ་འགྱུར་གཉིས་གཅིག་པ་གཅིག་ཀྱང་རེད་བཞག  ངས‘ཨ་རོག་ཚེ་བསམ། དེ་རིང་ཉི་མ་དེ་ནུབ་ནས་ཤར་ཡོང་བ་མིན་ནམ’ཟེར་དུས་ཁོས‘རྫོང་མཁར་དུ་འགྲོ་དགོས།  བྱ་བ་ཞིག་ཡོད’ཟེར་ནས་བུད་སོང་བས་སྐད་ཆ་གསལ་པོ་ཞིག་དྲི་རྒྱུ་མ་བྱུང”ཟེར།

      ང་རང་ཡུལ་དུ་ལོག་ཐེངས་རེར་མི་རྐྱང་ཚེ་བསམ་གྱིས་ཁོ་ཚང་གི་བོང་བུ་དེ་བཞོན་ཏེ་དལ་ལྷོད་ལྷོད་ཀྱིས་སྡེ་བའི་ལམ་ཕྲན་བརྒྱུད་ནས་འགྲོ་བ་མཐོང་མྱོང་། མི་ཞིག་དང་འཕྲད་ཚེ་སོ་ཐེངས་རེ་གཙིགས་འོང་ལ་ཁོས་བཞོན་པའི་བོང་བུ་དེས་ཀྱང་ཁོ་ལ་ལད་མོ་བྱེད་པ་བཞིན་ཁ་ཚུར་བསྐོར་ནས་གང་མཐོང་བའི་མི་དེ་ལ་སོ་གཙིགས་སྲིད།  སྐབས་དེར་ཉི་མ་ནུབ་ཟིན་ལ་མཚམས་སྤྲིན་ཡང་ཤར་ཟིན།  ཁོ་རང་དུས་ལྟར་སྡེ་བའི་སྲང་བར་ན་བོང་བུའི་གོམ་འགྲོས་དང་བསྟུན་ནས་འཆམ་འཆམ་དུ་འགྲོ་ངེས།  ཁོའི་ལག་ཏུ་ལྕག་ཚན་མེད་ལ་ཁ་ནས་བོང་བུར་འགྲོ་བར་བསྐུལ་བའི་སྒྲ་ཅི་ཡང་མི་འབྱིན།  ཧ་ལམ་བོང་བུ་དེ་སྔར་མོ་ཞིག་ནས་ཁོའི་རྐང་འོག་ཏུ་མ་བཅོས་ལྷུན་གྱིས་གྲུབ་ཡོད་པ་དང་གཅིག་པ་རེད། ཆུང་དུས་སུ་བླ་མ་ཞིག་ང་ཚོ་སྡེ་བར་ཕེབས་ནས་ཆོས་འཁོར་བསྐོར་སྐབས“ཁྱོད་ཚོ་སྡེ་བའི་ནང་དུ་བྱམས་སྙིང་རྗེ་ཆེ་བའི་མི་དེ་ནི་ཚེ་བསམ་ཡིན་འདུག ཁོས་རང་གི་བོང་བུར་ལྕག་ཚན་ལན་གཅིག་གཞུས་མ་མྱོང་། མཐར་ན་རྐང་པས་གྲོག་མ་ཞིག་ཀྱང་བརྫིས་མྱོང་མི་འདུག”ཅེས་གསུངས་པས་ང་ཚོ་སྡེ་བའི་སྙིང་རྗེའི་བདག་པོ་ཡིན་མདོག་གི་རྒད་པོ་དང་མི་རྐྱང་ཚེ་བསམ་གླེན་པར་རྩི་མཁན་གྱི་རྒོད་པོ་ཚོ་ངོ་ཚ་ནས་མགོ་མར་དུད་སོང་སྐད།

       ངས་འདི་ལྟར་ཕྱི་དྲན་བྱེད་སྐབས་གྲོགས་ཚོམས་སུ་སླར་ཡང་སྒྲ་གྲག་བྱུང་། རྫོང་མཁར་ན་ལས་ཀ་སྒྲུབ་བཞིན་ཡོད་པའི་ངའི་གྲོགས་པོ་བློ་བཟང་གིས“དེ་རིང་ཉིན་ཕྱེད་ལ་ང་རང་འདམ་པའི་སྲང་ལམ་དུ་འགྲོ་སྐབས།  མདུན་ཕྱོགས་སུ་རླངས་འཁོར་གྱི་དུང་སྒྲ་ཡང་ཡང་གྲངས་ཡོང་བས་ཅི་བྱུང་བ་ཡིན་ནམ་སྙམ་ནས་ལྟ་སྐབས་མི་ཞིག་བོང་བུ་ཞོན་ནས་གཡས་གཟུར་གཡོན་གཟུར་ཡང་མི་བྱེད་པར་རླངས་འཁོར་དུ་མའི་དཀྱིལ་དུ་འགྲོ་བཞིན་འདུག་ལ་མི་རྣམས་ཀྱིས་དེར་ལྟད་མོ་ལྟ་བཞིན་འདུག  ངས་མི་དེ་སུ་ཡིན་ནམ་སྙམ་གྱིན་མགྱོགས་ཤིག་ཤིག་ངང་ཁོའི་སྔོན་དུ་བུད་རྗེས་ཕྱི་ལྟ་ཞིག་བྱས་པ་ན་ཏག་ཏག་ང་ཚོ་སྡེ་བའི་མི་རྐྱང་ཚེ་བསམ་རེད་བཞག 

ངས‘ཨ་རོགས། ཚེ་བསམ་ཁྱོད་རང་གང་དུ་འགྲོ་རྒྱུ་ཡིན’ཞེས་སྐད་ཆེན་པོས་འབོད་ཀྱང་ཁོས་ཁོ་རང་ལ་ལྟད་མོ་ལྟ་མཁན་གྱི་མི་རྣམས་ལ་སོ་བར་མེད་དུ་གཙིགས་པ་ལས་ངའི་འབོད་པ་དང་ཁ་ལོ་བ་དག་གི་དམའ་འབེབས་ལ་ཁ་ཡ་ཅི་ཡང་བྱེད་ཀི་མི་འདུག”ཅེས་བཤད་འདུག་པ་དེ་ཉན་བཞིན་ང་རང་ཉལ་ས་དྲོན་པོ་འདི་ནས་གཉིད་ལ་ཤོར་འདུག རྨི་ལམ་ནང་དུ་མི་རྐྱང་ཚེ་བསམ་གྱིས་ནམ་ཡང་རྒས་རྒྱུ་མེད་པའི་བོང་བུ་དེ་བཞོན་ནས་ངའི་ཕྱོགས་སུ་འོང་བཞིན་འདུག   གཉིད་ལས་སད་དུས་རྨི་ལམ་དུ་ཁོ་གཉིས་ཀྱིས་ང་ལ་སོ་གཙིགས་ཡོད་མེད་རྩ་བ་ནས་དྲན་མ་ཐུབ།  ང་རང་སླར་ཡང་གཉིད་དུ་ཡུར་ཞིང་རྨི་ལམ་གཞན་ཞིག་ཏུ་ལྷུང་།

     ཕྱི་ཉིན་འགྲོན་ཁང་ལས་འབུད་དུས་ཆར་ཟམ་ཟིམ་ཞིག་འབབ་བཞིན་འདུག་ལ་ཆར་འབྲུ་རེ་གཉིས་སྐྲའི་ལན་བུ་བརྒྱུད་ནས་མིག་དང་ཁ་ནང་ན་འཛུལ་བར་བྱེད་པས་ཡིན་ནམ། མདང་དགོང་གི་ཚེ་བསམ་རྨིས་རྗེས་ཀྱི་རྨི་ལམ་ཐ་ཐོར་དག་མངོན་སུམ་ལས་ཀྱང་གསལ་བ་ཡིན། ངའི་སེམས་པ་ནི་ཕྱི་རོལ་གྱི་འདམ་པ་དང་ངོ་བོ་དབྱེར་མེད་དུ་འདྲེས་ནས་ཕ་ཡུལ་གྱི་རྫོང་མཁར་འདི་རུ་སླེབས་པར་དགའ་སྣང་ཕྲན་བུ་ཙམ་ཡང་སྐྱེ་བར་མ་གྱུར།

    གཉིད་ལས་སད་པ་དང་སྔས་འོག་གི་ཁ་པར་ལས་ཆུ་ཚོད་ལྟ་དུས་ཆུ་ཚོད་བརྒྱད་པ་རེད།དུས་ཚོད་སྔ་པོ་རེད་སྙམ་གྱིན་སྐད་འཕྲིན་གྱི་ཁ་ཕྱེ་ཚེ་ང་དང་འཛིན་གྲྭ་གཅིག་པའི་གྲོགས་པོ་བློ་གྲོས་ཀྱིས་ང་ལ“མགྱོགས་པོ་པེ་ཅིང་དུ་ལོག་ཤོག དེ་རིང་ཞོགས་པའི་ཆུ་ཚོད་བཅུ་བའི་སྟེང་ང་ཚོའི་འཛིན་གྲྭས་ཚོགས་འདུ་གལ་ཆེ་ཞིག་འཚོགས་རྒྱུ་རེད”ཅེས་པའི་སྐད་འདིས་ང་རང་མུ་མཐུད་ཉལ་བའི་སེམས་པ་དེ་ཡོངས་སུ་དཀྲོགས།

   ངས་ལན་དུ“ཤེས་སོང”ཞེས་བསྐུར་རྗེས་མགྱོགས་ཤིག་ཤིག་གིས་གོས་རྣམས་གྱོན་པ་དང་ངོ་གདོང་ཁྲུས། ངོ་གདོང་བཀྲུས་ཚར་རྗེས་ངས་སླར་ཡང་ཚོགས་འདུའི་བརྡ་ཐོ་ཡིད་ལ་ཤར་བས། ཅི་ཞིག་བྱེད་དགོས་པ་ཤེས་ཀྱི་མི་འདུག  མལ་ཁྲིའི་ཐོག་གི་ཁ་པར་ཡར་བླངས་ཏེ་སྐད་འཕྲིན་གྱིས་ངོས་སུ་ལྟ་སྐབས་སྐད་ཆ་གསར་པ་ཅི་ཡང་མི་འདུག་ལ་ང་དང་བློ་གྲོས་ཀྱི་སྐད་ཆའི་ཅོག་དངོས་སུའང་སྐད་ཆ་གསར་པ་ཅི་ཡང་མི་འདུག  མཐའ་ན་བསུབས་པའི་རྗེས་ཀྱང་མི་འདུག  ངས་གྲོགས་པོ་བློ་གྲོས་ཀྱི་ཁ་པར་ཨང་གྲངས་མནན་ནས་ཁོ་ལ་བརྡ་ཐོ་དེ་བདེན་མིན་འདྲི་དགོས་སྙམ་སྐབས་ངའི་སེམས་སུ་ང་ཚོའི་འཛིན་གྲྭ་འདི་སྔ་སར་ནས་སློབ་ཐོན་བྱས་ཟིན་ལ་སློབ་གྲོགས་སོ་སོ་ཡང་རང་ཡུལ་དུ་ལོག་ཟིན་པ་ཡིད་ལ་ཤར།  ངས་ཁ་པར་གྱི་ཁ་བརྒྱབ་རྗེས་པར་ཁུག་ནང་བཅུག་པ་ཡིན།  གལ་སྲིད་ངས་ཁ་པར་ནས་བློ་གྲོས་ལ“དེ་རིང་ཞོགས་པར་ང་ཚོ་འཛིན་གྲྭའི་ཚོགས་འདུ་ཡོད་དམ”ཞེས་དྲིས་ཚེ་ལན་ནི་གཅིག་ལས་ཡོད་མི་སྲིད། དེ་ནི“དེ་རིང་ཁྱོད་རང་སྨྱོས་སོང་བ་ཡིན་ནམ”ཞེས་པ་དེའོ།།

       ལོ་ངོ་མང་པོའི་རིང་ཇི་མ་ཇི་བཞིན་གྱི་རྨི་ལམ་མང་པོ་ཞིག་རྨིས་མྱོང་ཡང་དེ་རིང་ལྟ་བུ་རྨི་ལམ་དང་མངོན་སུམ་གཉིས་ཡོངས་སུ་འཁྲུག་མ་མྱོང་།  དུས་ཡུན་རིང་པོ་ཞིག་ལ་ངའི་སྙིང་དམར་གྱིས་བྲང་ཁོག་ཡང་ཡང་རྡུང་།

    ང་རང་ཚོང་ཁང་ཞིག་གི་སྒོ་ཁར་ཆར་ཡོལ་བྱེད་བཞིན་རྒྱལ་མཚན་ལ་ཁ་པར་ཐེངས་འགའ་གཏོང་ཡང་ཉན་མཁན་མི་འདུག སྐད་འཕྲིན་ཁ་ཕྱེ་ནས་ཁོ་ལ་སྐད་གཅིག་བསྐུར་གྲབས་བྱེད་དུས“འབུ་ཚ་སྡེ་བའི་གྲོགས་ཚེམས”ཀྱི་ནང་དུ་སྐད་གསར་པ་མང་པོ་ཞིག་ཁེངས་ཡོད་པ་རིག དེའི་ནང་ནས་ང་ཚོ་སྡེ་བའི་བླ་མ་ཚུལ་ཁྲིམས་ཀྱིས་མི་འཚོལ་ཡིག་གཅིག་བྲིས་འདུག  ཞིབ་པར་བཀླགས་ན་འདི་ལྟར།

                                          མི་འཚོལ་ཡིག

         ༄༅།  ངེད་འབུ་ཚ་སྡེ་བའི་ཁོངས་མི་ཚེ་བསམ་ཉིད་ཟླ་བདུན་པའི་ཚེས་གསུམ་ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་གཉིས་ཀྱི་ཐོག་ཏུ་སྨར་ཁམས་རྫོང་གི་སྲང་ལམ་ན་བོང་བུ་ཞིག་ཞོན་བཞིན་འགྲོ་བར་མི་མང་པོ་མཐོང་ཡོད་མོད་ཀྱང་།  ཉིན་དེའི་མཚན་མོར་ཡུལ་དུ་ལོག་མི་འདུག་ལ་ཉེན་རྟོག་པས་སྲང་ལམ་གྱི་གང་སར་བཙལ་ཡང་མི་རྟ་གཉིས་ཀ་རྙེད་མི་འདུག   དེ་ཕྱིར་ཁྱེད་རྣམ་པས་སྨར་ཁམས་རྫོང་གི་ཉེ་འགྲམ་དུ་གྱོན་པ་ཐལ་མདོག་གྱོན་པའི་གཞོན་པ་ཞིག་གིས་བོང་བུ་ཞིག་བཞོན་ནས་འགྲོ་བར་མཐོང་ན་ཐད་ཀར་༡༡༠ལ་ཁ་པར་རྒྱག་རོགས་མཁྱེན།།  །།

                                                                                                                              ༢༠༡༦ལོའི་ཟླ་༧ཚེས་༤ཉིན།

      ངས་མི་འཚོལ་ཡིག་འདི་ཡང་ཡང་བཀླགས་པ་དང་ང་ཚོའི་སྡེ་བའི་མི་རྐྱང་ཚེ་བསམ་ཁོ་རང་མི་རྣམས་ཀྱི་པར་ཁུག་ནང་བཅུག་པའི་དངུལ་ཤུག་བཞིན་བོར་སོང་བ་དེར་ཧ་ལས་ནས་ངའི་རོགས་པ་རྒྱལ་མཚན་གྱི་ཅོག་ངོས་སུ་སྐད་ཞིག་གཞག་རྒྱུ་དེ་ཡང་རེ་ཞིག་བརྗེད་འདུག

       ཆར་པ་རིམ་གྱིས་ཆད་མོད། ཉི་མ་ནི་སྤྲིན་གསེབ་ནས་ཐོན་དང་མི་ཐོན་བར་དུ་ཐེ་ཚོམ་སྐྱེས་པ་བཞིན་གནས་ཅིང་གནམ་སའི་བར་མཚམས་སུ་ད་དུང་ཡང་ཆར་འབབ་ཀྱིན་ཡོད་པ་བཞིན་སྨུག་པོར་གནས།

    ང་རང་ནམ་ཡང་སྐམ་མི་སྲིད་པ་དང་འདྲ་བའི་སྲང་བར་གྱི་འདམ་དུ་ཡར་འགྲོ་མར་འགྲོ་བྱེད་བཞིན་ཆུ་ཚོད་བཅུ་གཉིས་ཟིན་ཡང་ངོ་ཤེས་པའི་མི་ཞིག་ཀྱང་མ་འཕྲད།  སྲང་བར་ནས་འཕྲུལ་ཆས་དག་གིས་འུར་སྒྲ་སྒྲོག་གིན་འདམ་པ་རྐོ་བར་ཡོང་བས་མོ་ཊ་ཕར་ཞོག་རྐང་ཐང་པ་ཞིག་ཀྱང་ཐར་ས་མེད་པར་འགྱུར།

    སྐབས་དེར་ང་ཚོ་སྡེ་བའི་ཕོ་གསར་ཞིག་འདམ་པའི་དཀྱིལ་ནས་ཚུར་ཡོང་གིན་པ་མཐོང་མ་ཐག་ངས་ཁོ་རང་བཀག་ནས་དེ་རིང་བྱིས་གྲོངས་སུ་འགྲོ་མཁན་གྱི་མོ་ཊ་ཡོད་མེད་དྲིས།  ཁོས་ང་རང་ངོ་ཤེས་ཀྱི་མེད་པ་འདྲ།  དོགས་ཟོན་ཆེན་པོས་རང་སར་འགྲེང་བ་ལས་ང་ལ་ལན་ཅི་ཡང་བརྒྱབ་མ་བྱུང་།

“ང་རང་འཕྲིན་ལས་བཟོད་པ་ཡིན”

“འཕྲིན་ལས་བཟོད་པ་ཟེར་ན་སུ་རེད”

  ཁོ་ལ་ཅི་ཞིག་བཤད་དགོས་པ་མི་ཤེས་པའི་སྐབས་དེར་ཁོས“དེ་རིང་འགྲོ་མི་མེད་ཐག་ཆོད་རེད”ཟེར།

ངས་མི་རྐྱང་ཚེ་བསམ་གྱི་གནས་ཚུལ་གླེང་ཚེ་ཁོས་སྣང་དོགས་མེད་པར“ཉེན་རྟོག་པར་ཐབས་ཤེས་མེད་ན་ང་ཚོ་ལ་ཐབས་ཤེས་ཅི་ཡོད”ཅེས་བཤད་བྱུང་བ་དང་ང་གཉིས་འདམ་པའི་ཁྲོད་དུ་ཁ་ཁར་བྲལ། ས་ཆ་གཙང་ས་ཞིག་ཏུ་སླེབས་རྗེས་རྒྱལ་མཚན་ལ་ཁ་པར་བརྒྱབ་པ་ན་ད་ཐེངས་ཁོས་ཁ་པར་ཉན་པ་ཚོར།

“ཨ་རོགས།  ཁྱོད་གང་དུ་ཡོད”

“ང་འབུམ་མཚོའི་མགྲོན་ཁང་དུ་ཡོད། མདང་དགོང་ཆང་འཐུང་དུ་སོང་བས་ད་ལྟ་ཉལ་བཞིན་ཡོད”

“ཨ་རོགས།  ད་ཉལ་མ་སྡོད་མ་གཏོགས་མོ་ཊ་འགྲོ་མཁན་མི་སྣང”

“ཡ་ཡ། ང་ལུས་པོ་བཀྲུས་རྗེས་མགྱོགས་པོར་སླེབས་འོང”

      ཡུན་རིང་མ་འགོར་བར་རྒྱལ་མཚན་འདྲུད་སྒམ་ཞིག་འདྲུད་ཀྱིན་ངའི་འགྲམ་དུ་སླེབས་བྱུང་།  ངས་དེ་རིང་མོ་ཊ་མེད་པའི་ཚུལ་གསལ་བཤད་བྱེད་པའི་ལན་དུ་ཁོས“རྐང་ཐང་འགྲོ་བ་ལས་ཐབས་མེད”ཟེར་བ་དང་ཡང“རྫོང་མཁར་ནས་ཉིན་གཅིག་བསྡད་ན། སྨྱོ་ཐག་ཆོད་རེད”ཟེར།

       ང་གཉིས་རྫོང་མཁར་གྱི་སྲང་ལམ་བརྒྱུད་དེ་ཕ་ཡུལ་གྱི་ཕྱོགས་སུ་འཐེན་པའི་གཞུང་ལམ་ཐོག་ཏུ་བཞུགས། སྐབས་དེར་ཉི་མ་སེར་ལམ་མེ་སྤྲིན་གསེབ་ནས་ཐོན་པ་དང་ང་གཉིས་ཀྱི་ལུས་ལ་དྲོད་རྒྱས་བྱུང་བས་བྱ་སྤུའི་སྟོད་ཐུང་ཕུད་དེ་སྐེད་མཚམས་སུ་འཆིང་བ་ཡིན། མི་རིང་སའི་འགག་སྲུང་ལྟེ་གནས་ཀྱི་སྒོ་ཁའི་ཉི་གདུགས་ཆེན་པོ་དེའི་འོག་ཏུ་ཉེན་རྟོག་པ་ཞིག་གིས་གཏེར་ཆུ་ཡང་ཡང་འཐུང་གིན་ང་གཉིས་ཀྱི་ཕྱོགས་སུ་བལྟས་འདུག ཉེ་བར་བཅར་བ་ན་ཁོས་ཟུར་ཟའི་མིག་འོད་ཀྱིས་འདམ་དྲིས་ཁེངས་པའི་ང་གཉིས་ཀྱི་རྒྱབ་ཁུག་དང་འདྲུད་སྒམ་ལ་བལྟ་ཞིང་མཆུ་ཟུར་དུ་གླེན་དགོད་བྱེད་པའི་ཤུལ་ཡང་མ་ཡལ་བར་གནས་འདུག

“ཁྱོད་གཉིས་གང་དུ་འགྲོ་རྒྱུ་ཡིན།”

“བྱིས་གྲོངས་།”

“རྐང་ཐང་ཨེ”ཉེན་རྟོག་པ་དེས་མིག་རུབ་རུབ་ངང་ང་གཉིས་ལ་ལྟ་བཞིན་དྲིས།

“འོ།   རྐང་ཐང”ངས་འདི་ལྟར་ལན་བརྒྱབ་པ་ན་ཁོ་རང་ཧ་ཧ་ཟེར་ནས་དགོད་བྱུང་། ངས་ཐོབ་ཐང་ལག་འཁྱེར་ཁོ་ལ་སྤྲད་ཀྱང་བལྟ་ཙམ་ཡང་མ་བྱས་པར་ཚུར་སྤྲད།

       ང་གཉིས་ཕ་ཡུལ་གྱི་ཕྱོགས་སུ་འཐེན་པའི་སྣུམ་ནག་གཞུང་ལམ་དེའི་ཐོག་ནས་དལ་བར་བསྐྱོད། ལམ་གྱི་ཉི་འོད་ནི་རབ་ཏུ་གསལ་བས་མིག་རུབ་རུབ་གྱིས་གོམ་པ་གང་རེ་གང་རེ་མདུན་དུ་སྤོས་པ་ཡིན། ལམ་བར་དུ་མོ་ཊ་ཞིག་གིས་ང་གཉིས་ལེ་བར་ཁ་ཤས་བར་ཁུར་སོང་ལ་སྦག་སྦག་གཉིས་ཀྱིས་ང་གཉིས་ལེ་བར་ཁ་ཤས་སུ་ཁུར་སོང་།  གང་ལྟར་ང་གཉིས་འབུ་ཚ་སྡེ་བའི་འདབ་ཀྱི་ལམ་ཕྲན་བརྒྱུད་དེ་རྔུལ་ཆུ་ཁྲོམ་ཁྲོམ་ངང་ཡར་འཛེགས་ཡོང་དུས་ཏག་ཏག་ཕྱི་དྲོའི་ཆུ་ཚོད་བཞི་པར་ཐོན་ཟིན།

    སྡེ་འདབ་ཀྱི་སྟར་སྡོང་འོག་ཏུ་ཨ་ཁུ་ཆོས་རྒྱལ་ཁོ་རང་ལོ་ངོ་དུ་མའི་སྔོན་དུ་ཇི་ལྟར་ཙོག་ཡོད་པ་བཞིན་ད་ལྟའང་དེ་ལྟར་ཙོག་ནས་མ་ཎི་འདོན་བཞིན་འདུག ང་གཉིས་ཁོ་སར་སླེབས་པ་དང་རྒྱབ་ཁུག་སར་ཕབ་ནས་ངལ་གསོས།  སྐབས་དེར་ཨ་ཁུ་ཆོས་རྒྱལ་གྱིས་འདམ་པས་ཁེངས་བའི་འདྲུད་སྒམ་དང་རྒྱབ་ཁུག་དག་ལ་ལྟ་བཞིན“”ཁྱོད་གཉིས་ཨུ་མུ་སུ་འཚོང་མཁན་ཡིན་ནམ།  ཡིན་ན་ང་ལ་ཆ་གཅིག་འཚོང་རོགས”ཟེར་བ་ཐོས་འཕྲལ་ང་གཉིས་ཧ་ཧ་ཞེས་དགོད་དགོས་བྱུང་།

    ངས་ང་གཉིས་སོ་སོ་ཁོ་ལ་ངོ་སྤྲོད་པ་ན་ཁོས“ཁྱོད་གཉིས་ཆུང་ཆུང་ཡིན་དུས་ངས་རིག་མྱོང་ཡང་ཆེན་པོ་ཆགས་དུས་ཐག་རིང་ཞིག་ཏུ་ཕྱིན་སོང་བས་བརྗེད་དང་བརྗེད”ཟེར་བ་དང་ཡང་ཅི་ཞིག་དྲན་འོང་བ་བཞིན“རྫོང་མཁར་ནས་ཨ་བུ་ཚེ་བསམ་མ་མཐོང་ངམ”ཞེས་དྲིས་བྱུང་།    ང་ཚོའི་སྡེ་བའི་རྒན་པ་ཚོས་སྔོན་མ་ང་ཚོ་བྱིས་པ་རྣམས་ལ“མི་རྐྱང་ཞེས་འབོད་མི་ཉེན་ཨ་བུ་ཞེས་འབོད་དགོས”ཅེས་བསླབ་བྱ་ཡང་ཡང་གནང་མོད།   ང་ཚོས་མི་རྐྱང་ཚེ་བསམ་ལ་མི་རྐྱང་ཚེ་བསམ་འབོད་པ་ལས་གཅེན་པོ་སྟེ་ཨ་བུ་ཚེ་བསམ་ཞེས་འབོད་མ་མྱོང་། ཆུང་དུས་བཞིན་ཨ་ཁུ་ཆོས་རྒྱལ་གྱིས་ཡང་ཨ་བུ་ཚེ་བསམ་ཞེས་འབོད་བྱུང“ད་ཨ་བུ་ཚེ་བསམ་ཁོ་འགྲོ་ལུགས་མ་བཟང་ཐལ”ཟེར།

    ངས་སྐད་ཆ་དེ་དག་ལ་ཉན་བཞིན་སྟར་སྟོང་གི་གྲིབ་མ་ནས་འབུ་ཚ་སྡེ་བའི་ཁྱོན་ཡོངས་ལ་ཞིབ་ལྟ་ཞིག་བྱས།  ཞིང་ནང་གི་གྲོ་ནས་དག་སེར་པོར་གྱུར་ཟིན་ཡང་རྔ་མཁན་མི་འདུག ཨ་ཁུ་ཚོས་རྒྱལ་གྱིས་ཟེར་བར་བལྟས་ན་ཡོད་ཚད་ལ་ཁར་འབུ་རྐོ་རུ་ཕྱིན་སོང་ཟེར།

     “མི་ཀུན་འབུ་རྐོ་བར་ཕྱིན་ཤུལ་དུ་ང་ཚོའི་སྡེ་བས་ཨ་བུ་ཚེ་བསམ་ཁོ་རང་ཡང་བདེ་བདེ་སངས་སངས་ཡིན་བཞིན་དུ་ཅ་ལག་ཞིག་ལྟར་བོར་སོང་། ཁོས་པི་ལྦང་དཀྲོལ་བའི་སྒྲ་མེད་དུས་སྟོན་ཀ་འདི་ང་ཚོ་སྡེ་བ་ནི་མི་མེད་ལུང་སྟོང་ཞིག་དང་འདྲ་ཨང”

        སྡེ་བའི་དཀྱིལ་དུ་གནས་པའི་ཁང་པ་ཆུང་ཆུང་དེ་ནི་མི་རྐྱང་ཚེ་བསམ་གྱི་ཁང་པ་རེད།    འོ།  མ་རེད།  ཨ་བུ་ཚེ་བསམ་གྱི་ཁང་པ་རེད།  ངའི་དྲན་སྣང་ཁྲོད་ཀྱི་ཁང་ཐོག་ཏུ་སྐྱེས་པའི་སྔོ་རྩྭ་རིང་པོ་དག་ད་ནི་སེར་པོར་གྱུར་ཡོད་པ་རིག་བྱུང་ལ་ཐག་རིང་ནས་བལྟས་ན་འབྲས་བུའི་ཁུར་གྱིས་ལྕི་བའི་གྲོ་ནས་དང་གཅིག་པ་གཅིག་རྐྱང་རེད།   རླུང་བུ་ཞིག་ལྡང་འོང་ནའང་འགུལ་གྱིན་མི་འདུག་གོ།  །།


རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།