བདའ་ཚང་སྙེམས་གྲོལ་གྱི་སྒྲུང་ཐུང《རྨི་ལམ》།

56617

 

•       ངའི་ཉམས་སྣང་ཞིག་མིན་ན།  ང་རང་ཅི་ཞིག་གི་དབང་གིས་ངལ་ཞིང་དུབ་ནས་ཁང་སྟོང་ཞིག་ཏུ་འབྱོར་བྱུང་།  ཁང་སྟོང་དེ་མཐོང་མ་ཁད་དུ་རྣམ་རྟོག་ཟོས་འོང་བ་ཞིག་རེད།  ཡིན་ནའང་ཅིའི་ཕྱིར་ཁང་སྟོང་དེར་འགྲོ་དགོས་པ་མི་ཤེས་ལ།  མ་སོང་ནའང་མི་ཆོག་པ་ལྟ་བུ་ཞིག་ཀྱང་ཡིན་པ་འདྲ།  རང་དབང་མེད་པར་ཁང་སྟོང་དེ་བསྙེགས་ནས་འགྲོ་དགོས་བྱུང་།  ལྟོས་དང་།  ཁང་པའི་སྒོ་ཤིང་སྐྱ་ཁྲོབ་བེ།  ཟྭ་དང་ལྕགས་ལོང་ཚུན་ཆད་ལ་བཙའ་རིམ་པ་དགུ་ཆགས་ནས་ཐུར་དུ་དཔྱངས་འདུག  གོ་ཁ་ན་བུད་ཤིང་ཐུ་བ་གང་ཙམ་ཡོད་པའི་གསེང་དུ་རྩྭ་ལྡུམ་སྔོ་རིག་གེ་སྐྱེས་ཤིང་།  འབུ་ཆུང་ངུའི་རིགས་མང་པོ་ཞིག་ཀྱང་རྩོལ་སྒྲུབ་ཀྱི་ངལ་བས་དུས་འདའ་ཞིང་སྣང་ངོ། །གོ་ཁའི་ཐལ་བ་དེ་ཡང་ལོ་འགའི་ཡར་སྔོན་ནས་འཁྱགས་པ་བལྟས་པ་ཙམ་གྱིས་འཕྲིག་ཚུད་འབྱུང་།  ཀ་བ་དང་གདུང་མར་དུད་དྲེག་དང་སྡོམ་དྲ་མང་པོ་འཐེན་ནས་འཁོར་བ་ཞིག་སྟོང་ཤུལ་གྱི་སྐྱོ་སྣང་དེ་ངང་གིས་འཕྱུར་འདུག  ཀ་རྩར་སླ་ང་ཀྲེ་ནག་མ་ཞིག་ཡོད་པ་དེར་ཟས་མ་གཡོས་པར་ལོ་ཟླ་ག་ཚོད་ཅིག་ཕྱིན་ཡོད་པ་ཚོད་དཔོག་བྱ་མི་དགོས་པ་ཞིག་རེད་ཨང་།  ང་རང་སྨྲ་བརྗོད་ཀྱིས་བྱར་མི་གཏུབ་པའི་སྣང་བ་ཏུར་ཏུར་པོ་ཞིག་གིས་གནས་ཤིང་ཡོད་ཙ་ན།  སྒོ་ཤིང་ངམ་ཅི་ཞིག་གས་པའི་ཙག་སྒྲ་དིར་དིར་གཅིག་བྱུང་ནས་ཡིད་ལ་མི་སྡུག་པའི་ཉམས་ཤིག་བྱུང་སོང་།  ངའི་ཉམས་སྣང་ཞིག་མིན་ན།  ངའི་རྒྱབ་ཕྱོགས་ཀྱི་གདུང་མའི་གསེབ་ཏུ་འོད་ཅིག་འཁྱིལ་ལི་ལི་བྱས་ཏེ་འཐིམས་པའམ།  ཡང་ན་ཅིག་གིས་མིག་ཟུང་སྔོ་ཤལ་ལེ་གདུང་མའི་ཕག་ནས་ཚུར་ལ་བལྟས་ནས་བསྡད་ཡོད་འདྲའི་སྣང་བ་ཞིག་ལྷང་ལྷང་དུ་ཤར་བྱུང་།  ངས་གློ་རྡེག་ཏུ་ཕྱིར་མིག་བསློགས་ཚེ་ཅི་ཡང་མེད་པ་འདྲ་བ།  ཡང་ཚུར་ལ་འཁོར་ཚེ་རྒྱབ་ཕྱོགས་སུ་དེ་ཀ་རང་ཞིག་ཡོད་པ་ལྟ་བུའི་སྣང་བ་ཏུར་ཏུར་ཞིག་གིས་ཅིས་ཀྱང་བཏང་མ་སོང་།

 

དེ་ལྟ་དེ་ལྟར་ནང་སེམས་ཀྱི་རྣོ་སྐུད་རབ་ཏུ་བསྒྲིམས་ནས་ཡོད་ཙ་ན།  གློ་རྡེག་ཏུ་ཨ་ཙ་ར་སྔོ་སྐོགས་སེ་བྱེད་པ།  མིག་ཕོར་ཁོག་བགྲད་པ་ལྟ་བུ།  ལུས་སྐམ་རིད་དུ་སོང་བ།  སྐྲ་དཀར་ནག་འདྲེས་མར་བྱས་པའི་སྔོ་ཤང་ངེ་བྱེད་པ།  རྩ་ཐམས་ཅད་ཀྱང་སྔོ་ཤིག་ཤིག་ཏུ་རྒྱས་པ་གཅིག་གིས་མིག་ནམ་མཁའི་དབྱིངས་ལས་མར་མི་ཕབ་པ་ཞིག་བྱས་ཏེ་སྡོད་པ་མཐོང་བྱུང་།  ངའི་ཡས་ཀྱི་སྐྲ་རྩེ་ནས་མས་ཀྱི་སེན་རྩེ་བར་དུ་ཅི་ཞིག་གིས་ཧྲིལ་ཧྲིལ་དུ་བསྒྲིལ་བྱུང་བ་ལྟ་བུའི་ངང་ལ་སྨྲ་བསམ་ཡོད་ཚད་ཀྱང་དར་ཅིག་ལ་འགགས་ནས་ཏུར་ཏུར་པོར་ལུས་སོང་།  ཨ་ཙི་ཨ་ཙི།  བལྟས་བལྟས་རིག་རིག་ལ།  ཨ་ཙ་ར་དེ་ལས་ཨ་ཙ་ར་གྲངས་མེད་ཅིག་བྱུང་ཞིང་།  ཁང་སྟོང་དེ་ཉིད་ཀྱང་དར་ཅིག་ལ་ཨ་ཙ་ར་མང་པོས་འདར་ཡོམ་མེ་བ་ཞིག་བྱས་སོང་།  ངའི་དབུགས་ཀྱང་མིད་པར་བཙངས་ནས་ཅི་ཡིན་འདི་ཡིན་མེད་པའི་ངང་ལ་སྡོད་སྐབས།  ཨ་ཙ་ར་གཅིག་བྱུང་སྟེ་ངའི་མགོ་ནས་རྐང་བའི་བར་དུ་ཞིབ་ལྟ་ཞིག་བྱས་ཏེ་ཅི་ཡང་མི་སྨྲ་བར་འདུག་པ་ལ།  ང་རང་འདར་ཕྲི་ལི་ལི་བྱས་པའི་ངང་ལ་ཁྱོད་ཚོ་སུ་ཡིན་ཞེས་པ་ཞིག་ཐལ་སོང་།  དེ་ལ་ཁོ་ན་རེ།  ང་ནི་སྣང་སྲིད་ཀུན་ཤེས་བྱ་བ་ཡིན།  སྔོན་གྱི་བྱུང་བ་ལག་མཐིལ་དུ་བླངས་ནས་ཤོད་དུ་གཏུབ།  ཕྱིས་འབྱུང་དོན་དག་ཡིག་ནག་ཏུ་ཕབ་ནས་བཤད་པར་ནུས།  ད་ལྟར་ཅི་འོང་ཇུ་ཐིག་ལ་བཏབ་ནས་སྟོན་པར་བྲ་ཞེས་སྨྲས་བྱུང་།  ང་ཏུར་ཏུར་དུ་ལག་མགོ་ལག་མགོ་ལ་བཅིངས་ནས་ལུས་ནས་བསྡད་པ་ལ།  ཡ་ཡ།  དེ་ཙམ་སྐྲག་དགོས་པ་མི་འདུག  ནང་དབུགས་ཕྱི་ལ་ཕྱུངས།  ཕྱི་དབུགས་ནང་ལ་རྔུབས་ཟེར་ཞོར།  ཕུ་ཞིག་བཏབ་པ་ན་ཨ་ཙ་ར་སྔོ་ཁྲིག་གེ་ཚོགས་པ་དེ་དག་ཐམས་ཅད་གཅིག་ལ་དྲིལ་བྱུང་།  གཅིག་པོ་དེ་སྔོ་བྲེང་བྲེང་དུ་བྱུང་ནས་གྱང་རྩར་བསྡད་པ་ལ།  ངས་ཀྱང་རེ་ཞིག་དབུགས་རྒོད་ཀྱི་བཏུལ་ནས་རང་ཉིད་ཇེ་ལྷོད་ལ་བཏང་ངོ་། །

 

ང་རང་ཨ་ཙ་ར་དེའི་གམ་དུ་ཕར་བག་ཙམ་ཕྱིན་ནས།  ཁྱོད་ཀྱིས་དུས་གསུམ་ལག་མཐིལ་གྱི་རྫས་ལྟར་ཤོད་གཏུབ་བམ་ཞེས་པས།  ཁོས་རུམ་དུ་ལག་མྱོང་བྱས་ཏེ་མེ་ལོང་ཞིག་བཏོན་བྱུང་།  ད་འདིར་ལྟོས།  མེ་ལོང་དུ་ཧ་ཞིག་བཏབ་ནས་དབྱི་ཙམ་བྱས་ཏེ་ང་ལ་བསྟན་བྱུང་།

 

མེ་ལོང་དེ་ལས་རྒྱང་རིང་ཞིག་མཐོང་ཐུབ་ཅིང་།  རི་རྣམས་གཅིག་རྒྱབ་གཅིག་གིས་བྱས་ཏེ་སྣང་ལ།  མིག་གིས་རིག་ཚོད་ཅིག་ཏུ་སྨུག་ཞག་ཅིག་ཀྱང་འཐིབས་འདུག་པས།  ང་རང་དབང་མེད་པར་ངུ་རྒྱུ་ཡོང་བ་ལྟ་བུ་ཞིག  ཡང་ན་སྨྲེང་རྒྱུ་ཡོང་བ་ལྟ་བུ་ཞིག་གི་ངང་དུ་ཏལ་ཙམ་ལུས་ཚེ།  ཡང་ངའི་ཉམས་སྣང་ཞིག་མིན་ན་ང་མེ་ལོང་ནང་གི་ས་ཆ་དེར་སླེབས་འདུག  ལྟོས་དང་།  རིའི་ཕུ་མདའ་བར་གསུམ་སྨུག་པ་བན་བུན་རེ་འཐིབས་ཤིང་།  རྩྭ་ལ་རྩི་མགོ་ཁྲིགས་སེ།  ཤིང་ལ་སིལ་ཏོག་ཕྱང་ངེ་།  མེ་ཏོག་ཟིལ་བ་ཕྲོམ་མེ།  ཡར་འགྲོ་བརྒྱའི་སྨོན་པ་འཆོར་ལེ།  མར་འགྲོ་བརྒྱའི་ཞེ་སེམས་འཁྲེང་ལེ་ཞིག་ཏུ་གདའ།  ང་ནི་ངོ་སྤྲོ་ངོ་ལ་ཤར་ནས་འཛུམ་ཡལ་ལེ།  ཞེ་སྤྲོ་ཞེ་ལ་བྱུང་ནས་སྤྲོ་སིང་ངེ་ཡོད་ཙ་ན།  གློ་རྡེག་ཏུ་གནམ་ས་གཉིས་ཀ་ཆ་ལང་རྡེབ་པ་བཞིན་འདར་ཡོམ་མེ་བ་ཞིག་བྱུང་ཙ་ན་ང་ཡང་སྔར་གྱི་ཁང་སྟོང་དུ་སླེབས་འདུག

 

ཨ་ཙ་ར་དེས་རང་གི་ཨོག་ཚོམ་ལ་བྱིལ་བྱིལ་གཏོང་ཞོར།  ད་མེ་ལོང་གི་འཇིག་རྟེན་གྲོང་འཇུག་བྱ་འདོད་དམ་ཟེར།  ངས་ཀྱང་འདོད་དོ་ཞེས་སྨྲས་ཙ་ན།  མེ་ལོང་དུ་ནམ་མཁའ་སྔོ་ཡུག་གེ་བྱེད་པ་ལ་ངང་པ་མ་བུ་དལ་གྱིས་འཕུར་ཞིང་གདའ།  ཡང་མེ་ལོང་གཅིག་ཕྱིས་ཙ་ན།  ཐང་ཆེན་པོ་སྤང་ལ་གྲུབ་པ་ཞིག་ཏུ་རྐྱང་མ་བརྒྱས་བུ་བརྒྱ་འཁྲིད་ཅིང་ཡོད་པ་ཞིག་ཤར་བྱུང་།  ཡང་གཅིག་ཕྱིས་ཙ་ན།  སྤྲིན་དམར་སེར་གཅིག་འཁྲིགས་པའི་འོག་ཏུ་རི་སྨུག་པོ་གཏོར་གཟུགས་སུ་བསླངས་པ་ཞིག་དང་།  དེའི་སྲིབ་ལུང་དུ་དུར་ས་གཅིག་ཏུ་ཝ་སྤྱང་གིས་ངུ་ཟུག་བྱེད་པ་གཅིག་མཐོང་བྱུང་།

 

དུས་དེ་ཙ་ན།  ཅི་མ་ཡིན་པའི་ངང་ལ་ང་རང་ཚེ་ལས་འདས་ནས་སླར་ཡང་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་།  ཕ་མ་གཉིས་ཀྱིས་གཅེས་ཤིང་བསྐྱངས་ནས་ལོ་ཟླ་རིང་མོ་ཞིག་འགོར་བྱུང་།  ཅི་མ་ཡིན་པའི་ངང་ལ་ང་ནི་ཕོ་གསར་སྟོད་ཚད་སྨད་ལ་ལྡན་ཞིང་།  སྨད་ཚད་སྟོད་ལ་རན་པ་གཅིག་ཆགས་ཤིང་།  ངའི་ཕ་མ་གཉིས་ཀྱི་མགོ་ལ་སེ་མདའ་ལྷུང་ཞིང་།  མར་ཕབ་ན་སྒྱེ་ལུང་ཆད་པ་ལྟར་ཤེད་ཀྱིས་ལྷུང་ཞིང་།  ཡར་ལངས་པའི་ཁར་ཙ་འདེགས་པ་ལྟར་ཨུ་སྐོར་བྱེད་དགོས་པ་ཞིག་ཏུ་གྱུར་ཐལ།  ཡང་ཅི་མ་ཡིན་པའི་ངང་ལ་ངའི་ཕ་མ་གཉིས་ཚེ་ལས་འདས་ཤིང་།  ང་རབ་ཏུ་སྐྱོ་ནས་མིག་ཆུ་གཏོང་སྐབས།  ངའི་ཆུང་མས་ང་ལ་སེམས་གསོ་གཏོང་ཞིང་གདའ།  ཡང་ཅི་མ་ཡིན་པའི་ངང་ལ་ཤ་ལོ་དུང་ལྟར་སྒེག་པ།  ཤ་རྩ་བྱུ་རུའི་མདངས་ལྟར་རྒྱས་པའི་བུད་མེད་གཞོན་ནུ་མ་གཅིག་གིས་ང་ལ་ཨ་ཕ་ཞེས་འབོད་པ་ཐོས་ཤིང་།  ངས་རང་ཉིད་ལ་གཅིག་བལྟས་དུས་ང་ནི་འཁར་བ་ཞིག་ལ་ཨོཾ་ཚུགས་སུ་བྱས་ཏེ་རང་གི་བུ་མོར་བསྒུགས་འདུག  དེ་ནས་འུར་སྒྲ་ལྟ་བུ་ཞིག་གི་ངང་ནས་ང་རང་ཨ་ཙ་ར་དེའི་དྲུང་དུ་སླེབས་འདུག  ཡང་དུས་ཚོད་ཀྱི་ཅོང་སྒྲ་ལྟ་བུ་ཞིག་གིས་ང་རང་ཁང་སྟོང་དེ་ལས་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་གྲོང་ཁྱེར་ཆེན་པོ་ཞིག་གི་དཀྱིལ་དུ་དྲངས་སོང་།

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཟན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།