འབྲོག་མོའི་སེང་རྡོར།

594

རྩོམ་པ་པོ།   ཡི་དམ་རྡོ་རྗེ།  

 

”ཁྱོད་རང་སེང་རྡོར་ལ་དེ་འདྲ་ཞིག་དགའ་ན་ང་དང་གཉེན་འཐོར་བྱ་ཆོག”འདི་ནི་མདང་ནུབ་ངའི་རྣ་ལམ་དུ་གཏད་འོང་བའི་ཁྱོ་གའི་ཆེས་ཐབས་ཆག་གི་སྐད་ཆ་ཞིག་ཡིན། གླེན་རྒན་མ།སེང་རྡོར་སྙན་ངག་པ་རེད་ཟེར་གི་མོད། ཁོས་རྩོམ་དུ་འབྲོག་མོ་ལ་དགའ་རབས་དུང་རབས་ཅི་ཙམ་བརྗོད་ཀྱང་དེ་ནི་མཐར་ཐུག་ན་ཐ་སྙད་ཀྱི་ཤོག་སྦག་ཅིག་ལས་ཅི་ཡང་མི་འདུག

 

”ངའི་ཐོད་པར་མར་དྲི་བྲོ་ལ་སྣ་སྒོར་འོ་དྲི་བྲོ། ད་རུང་ལག་པར་གོར་དྲི་བྲོ། ཡིན་ཡང་དྲི་འདིའི་རིགས་ལ་སེང་རྡོར་མ་གཏོགས་པའི་སྣོམ་མི་ཤེས”ངས་ནམ་རྒྱུན་འདི་ལྟར་བདེན་ལུགས་ཡིན་མདོག་མདོག་གིས་ཁྱོ་གར་བཤད་ཐེངས་རེར་ཁོས་ང་ལ་”དང་ཐོག་ངས་ཁྱོད་ལ་ཡིག་ལྡོག་འགའ་བསླབས་མེད་ན་འགྲིག་ཡོད། ད་ངོ་མ་རྡོ་བ་ས་ནས་བླངས་ཏེ་རང་གི་རྐང་པ་བརྡུངས་པ་ལས་མི་འདུག”ཅེས་འུ་ཐུག་གི་ལན་རེ་བཟློག་འོང་། ཡིན་ཡང་ཁོའི་ངོ་གདོང་ལ་འགྱུར་བ་སྤུ་ཙམ་ཡང་མེད་པར་བལྟས་ན་ང་སེང་རྡོོར་ལ་དགའ་ཆོག་ཆོག་ཡིན་པར་སྣང་། མ་གཞི་ནས་ང་རང་ནི་ལྕི་འདམ་གྱིས་སྤུད་པའི་འབྲོག་མོ་རྐྱང་རྐྱང་ཞིག་ཡིན། ངའི་ཁྱོ་ག་ནི་ལོ་འགའི་སྔོན་སློབ་མཐར་ཕྱིན་པའི་སློབ་ཆེན་སློབ་མ་བྱ་བ་ལག་ལ་རེག་མ་ཐུབ་པར་ཁྱིམ་ན་ལུས་པ་ཞིག་ཡིན་པས། ང་དང་ཁོའི་ཐོག་མའི་ཐུག་ཕྲད་ཀྱང་ངའི་ཁ་པར་གསར་བ་ཞིག་ཉོས་ཀྱང་བཀོད་སྤྱོད་བྱ་མ་ཤེས་པར་ནམ་རྒྱུན་རྫི་བོར་རི་ཁ་རྫ་ཁ་བརྒྱུད་ནས་འགྲོ་དུས་ཁོ་ལ་ཕྲད་ཙང་། ཁོས་ཀུ་རེ་དང་ཁ་མཚར་རྩེ་ཞོར་ང་ལ་སྐད་འཕྲིན་སོགས་ཁ་པར་གྱི་མཚར་སྣང་མང་པོ་ཞིག་བསླབ་ཡོང་པས་ང་ཡང་རིམ་བཞིན་ཁོ་ལ་དུང་བ་ཡིན་ནམ་ཁ་པར་ལ་དུང་བ་ཡིན་པ་ཆ་མི་འཚལ་མོད། གང་ལྟར་ཁོ་དང་ཉིན་འགྲོག་བྱ་དགོས་འདུག ད་རུང་མཚན་འགྲོག་གི་ཚད་ལ་སླེབས་མ་སོང་།

 

ཉིན་ཞིག་ཁོས་ང་ལ”ཡུན་གྱིས་ངས་ཁྱོད་ལ་ཡི་གེ་བསླབ་ཡོང་། དེ་ལྟར་ན་འུ་གཉིས་ཀས་ཀྱང་ཡིག་ཐོག་ནས་ཁ་བརྡ་བྱ་ཆོག ད་གཟོད་ངག་ནས་བཤད་པར་ངོ་གནོང་བའི་སྐད་ཆ་མང་བོ་ཞིག་ཀྱང་སྦ་གསང་མེད་པར་བཤད་ཆོག་ལ་དགོང་མོ་མལ་སར་ཉལ་ནས་ཁ་བརྡ་བྱས་ན་ཁྱིམ་མི་དག་གི་ཁ་ལོག་ཚིག་ལོག་བགྱོན་པར་ཡང་སྐྲག་མི་དགོས”ཞེས་བཤད་པར་ངས་ཀྱང་འཐད་ངའི་འཛུམ་ཞིག་བསྟན་ཅིང”བཤད་པར་ངོ་གནོང་བའི་སྐད་ཆ་དེ་དག་ངག་ཐོག་ནས་བཤད་ན་ལྷག་ཏུ་ཚོར་བ་འདུག”ཅེས་ང་རང་གིས་ཀྱང་ཅི་བཤད་འདི་བཤད་མ་གོ་བའི་ཚིག་ཀ་རབ་རིབ་ཅིག་ཁོའི་པང་ལ་གཡུགས་ཏེ་ཕྱིར་རང་ཁྱིམ་དུ་བརྒྱུགས།  དེ་ནི་ངས་དང་ཐོག་རང་དང་ན་མཉམ་གྱི་སྐྱེས་པ་ཞིག་ལ་རང་གི་སེམས་ཚོར་བློང་བློང་བོ་སྦ་གསང་མེད་པར་བརྗོད་པ་ཡིན་པས་ཉིན་རེ་འགའ་ཞིག་ལ་འདང་རྒྱག་ལྷག་མ་ཞིག་ཏུ་ཕྱིན། ཁྱིམ་མཚེས་རྫི་གྲོགས་རྣམས་ཀྱིས་ཀྱང”ཉིན་འདི་ཚོར་ཟླ་སྒྲོན་ཡུལ་ན་མེད་དམ”ཅེས་པའི་སེམས་ཁུར་རམ་དོ་སྣང་ཡིན་མདོག་གི་སྐད་ཆ་ལྷག་མ་རེ་ངའི་ཨ་ཕར་བསྐུར་འོང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། མ་གཞི་ནས་སློབ་ཆེན་སློབ་མ་ཡིན་ཟེར་མཁན་དེ་ཚོ་བཤད་པར་ངོ་གནོང་བའི་སྐད་ཆེ་དེའི་རིགས་ལ་རྦད་དེ་མཁས་པོ་མི་འདུག ཁོ་ཚོའི་སྐད་འཕྲིན་གྱི་སྒང་ལ་ཡིག་གེ་རི་རབ་འདྲ་འདྲ་རེ་བསྐུར་ཡོང་ཡང་མདོར་དེད་ན”དོ་ནུབ་ཁེར་བུ་འེ་ཡིན”ཞེས་པའི་འབྲོག་སྐད་ཚིག་གཅིག་ལའང་དོ་ཡ་མ་རེད། འདི་ཡང་ང་སེང་རྡོར་ལ་དགའ་བའི་རྒྱུ་རྐྱེན་ཞིག་ཡིན་ཡང་སྲིད། ད་ངས་མུ་མཐུད་དུ་གོང་གི་སྐད་ཆའི་མུ་ལབ་འོང་། རྗེས་སུ་ཁོས་ང་ལ་དབྱངས་གསལ་ནས་མགོ་བརྩམས་ཏེ་བོད་ཡིག་གི་སྦྱོར་ཀློག་སོགས་རིམ་པ་བཞིན་ཁྲིད་འོང་། ཡིན་ཡང་ཟླ་གཅིག་ཙམ་འགོར་ཡང་ངའི་བློ་ལ”ཀ་ཁ་ག་ང”བཞི་ལས་ཅི་ཡང་ངེས་མི་འདུག འདིར་གཞིག་ན་ཁོ་རང་དགེ་རྒན་གྱི་ཆེད་ལས་ཡིན་ཡང་བྱ་བ་རེག་མ་ཐུབ་པར་ལུས་པའང་ཁག་མི་འདུག སྐབས་ཤིག་ཁོ་འུ་ཐུག་ནས”ངས་ཁྱོད་ལ་རྒྱ་ཡིག་བསླབ་འོང”ཟེར་ཞོར”ཚངས་དབྱངས་རྒྱ་མཚོའི་མགུར་གླུ”རྒྱ་འགྱུར་མ་ཞིག་ཁྱེར་ཡོང་ནས”在那东山顶上”ཞེས་སྐད་ལ་བརྒྱབ་སྟེ་ཁྲིད་ཀྱང་ངའི་བསམ་པའི་གཞིས་ཀ་རུ་ལ་གཞས་རེ་འགའི་དབྱངས་རྟ་ལས་ཅི་ཡང་མི་འདུག

 

”ང་ལ་འདི་ཁྲིད་དང”ཉིན་ཞིག་ངས་ཨ་མའི་སྔས་འགྲམ་དུ་ལུས་པའི་ལ་གཞས་དཔེ་རྙིང་ཞིག་ཡོད་པ་ཁ་རོག་གེར་ཁོ་ལ་སྤྲད། ”སྦྱོར་ཀློག་སོགས་ཆེས་རྨང་གཞིའི་ཤེས་བྱ་དག་བློ་ལ་མ་ངེས་གོང་འདིའི་རིགས་བསླབ་ཀྱང་གོ་ཡི་མི་འདུག””རྨང་གཞི”དང”ཤེས་བྱ”སོགས་ང་ལ་མཚོན་ན་རི་མགོའི་རི་སྤྱང་ལས་ཀྱང་ཁ་ཐག་རིང་བའི་ཐ་སྙད་མོད་པོ་ཞིག་བརྩིགས་འོང་བས་ཡང་སྙིང་ཅི་ཡང་ཧ་མ་གོ གོ་དགོས་ཀྱང་མི་འདུག མ་གཞི་ནས་སློབ་ཆེན་པ་ཡིན་ཟེར་མཁན་དེ་ཚོར་དེ་འདྲའི་ང་ཚོ་འབྲོག་ནག་ཚོ་དང་ཁ་ཐག་རིང་བའི་སྐད་ཆ་སྦོམ་པོ་རེ་བཤད་པར་གོམས་ཡོད་པ་འདྲ། ”ཚང་མ་ཡི་གེ་རེད། གང་ཤེས་ན་ཤེས་ནི་རེད། དེ་བས་རང་ཉིད་དགའ་ས་རེ་བསླབ་ན་ད་རུང་ལོབས་ཁའང་སླ”ངས་ཀྱང་རང་གི་ཚོད་ཀྱིས་གནས་ལུགས་ཡིན་ཁལ་ཞིག་ལབ་ཅིང”ལ་གཞས་ཆུ་མིག་དགུ་སྒྲིལ”དེ་ཁོའི་ལག་ནས་བླངས་ཏེ་དུས་རྒྱུན་ཨ་མས་གྱེར་པའི་མཚམས་དེ་ལ་ཕྱེས་ནས་ཕར་སྤྲད། ”ངས་ཐོག་མར་འདི་ཤེས་འདོད། ཁྱོད་ཀྱིས་ང་ལ་ཚིག་འབྲུ་བསླབ་དང་དབྱངས་རྟ་ངས་གྱེར་ཡོང” ཁོ་ད་གཟོད་གཉིད་ལས་དཀྲོགས་སོང་བ་བཞིན་མགོ་ཅོག་ལྡེམ་ལྡེམ་གྱིས”དངོས་གནས་དེ་རེད། དེ་རེད། གལ་སྲིད་ངས་ཀྱང་རང་གི་དགའ་ཕྱོགས་ལྟར་བསླབས་ཡོད་ན་ད་སྐབས་བྱ་བའང་ལག་ལ་མི་ཚུད་པའི་ཚད་ལ་ལྷུང་མི་དགོས་་་”ཁོས་མིག་གཉིས་ཀྲོག་ཀྲོག་ཏུ་འགུལ་བཞིན་ཁེར་ལབ་ཅིག་བྱས་མོད། ང་ལ་མཚོན་ན་”སློབ་ཆེན་པའི་མཁས་རྟགས”ཙམ་ལས་ཅི་ཡང་ཚོར་གྱིན་མི་འདུག མུ་མཐུད་དུ”ངས་འདི་ཤེས་འདོད”ཅེས་རྫིག་རྫིག་གིས་ལབ་པ་ན་ཁོས་ཡང་བསྐྱར”དངོས་གནས་འབྲོག་མོ་ད་ལྷད་མེད་རེད”ཅེས་ལབ་ཡོང་། ད་ལྟ་འདང་རེ་བརྒྱབ་ན་ཁོས་ཟེར་བའི”ལྷད་མེད”དེའང་ཕལ་ཆེར་ངས་སློབ་གྲྭའི་བུ་མོ་ཚོ་ལྟར་མཆུ་འཇོམ་འཇོམ་དང་སྣ་སྙེར་སྙེར་ངང་སྐེད་པ་གཡས་གཅུ་གཡོན་གཅུ་བྱས་ཏེ”ང་ལ་འདི་དགོས་དང་གན་དགོས”སོགས་ཀྱི་ཟོལ་ཚུགས་བཏོད་མི་ཤེས་པས་ཡིན་རྒྱུ་རེད།      གལ་སྲིད་དེ་ལྟར་ན་ང་རང་ད་ལྟའང”ལྷད་མེད”ཅིག་ཡིན། རྗེས་སུ་ཡུན་གྱིས”ལ་གཞས་ཆུ་མིག་དགུ་སྒྲིལ”དེ་ངེད་གཉིས་ཀའི་བློ་ལ་ཆུད་པར་གྱུར། ཁོས་ང་ལ་ཚིག་འབྲུ་བསླབས་ཤིང་ངས་ཁོ་ལ་དབྱངས་རྟ་བསླབས་པས་རིམ་བཞིན་ཁོས་སྐད་ཆའང་སྔར་དང་བསྡུར་ན་འབྲོག་སྐད་ཀྱི་དྲི་མ་མང་ཙམ་ཐུལ་འདུག ངས་ཀྱང་དེ་སྔོན་ཁོའི་ལབ་པའི”རྨང་གཞི”དང”ཤེས་བྱ”སོགས་ཀྱི་ནང་དོན་ཡང་རྦད་དེ་གོ་ལ་གཞུང་ལུགས་ཀྱི་སླད་མ་ཞུགས་པའི་རྩོང་ཐུང་རེ་ཟུང་ཚེག་དེད་ཀྱང་བྱ་མི་དགོས་པར་ཀློག་ཐུབ། དེ་ལས་ལྷག་པ་ཞིག་ལ་ད་ལྟ་ངས་འབྲི་བཞིན་པའི་སྒྲུང་འེ་ཡིན་བསམ་པའི་རང་གི་སེམས་ཚོར་འདི་དག་ཀྱང་སྦ་གསང་དང་ཆད་ལྷག་མེད་པར་བསྟུད་མར་བཀོད་ཐུབ།

 

དེ་ནས་ལོ་གཉིས་ཙམ་འགོར་དུས་ངེད་གཉིས་རང་དབང་རང་མཐུན་ཡིན་པ་འདྲ་བར་གཉེན་སྒྲིག་བྱས། ཡང་གཅིག་བཤད་ན་དེ་ནི་ངས་སེང་རྡོར་ཟེར་བའི་གསར་བུ་འབྲོག་དྲི་བྲོ་བོ་དེ་ངོ་ཤེས་ནས་ཟླ་གསུམ་ཙམ་འགོར་ཡོད། མ་རེད། ”ངོ་ཤེས”ཞེས་བརྗོད་ན་མི་འགྲིག་ ངས་ཁོའི་དཔེ་ཆ་དང་ཚིག་དུམ་རེ་འགའ་བཀླགས་མྱོང་བལས་ཁོ་ལ་མཚོན་ན”ཟླ་སྒྲོན”ཟེར་བའི་རང་གི་རྩོམ་གྱི་བརྗོད་བྱར་ཚུད་འོས་པའི་འབྲོག་མོ་རྐྱང་རྐྱང་ཞིག་ཀྱང་ཁོའི་རྩོམ་དང་ཁ་མཚར་ལ་བཟི་འདུག་པ་བསམ་པའི་ཁོད་ལའང་ཅིས་ཀྱང་འཁོར་མི་སྲིད། ཡིན་ཡང་ཁོའི”ཐོད་པར་མར་དྲི་བྲོ་ཞིང་སྣ་སྒོར་འོ་དྲི་བྲོ”ཞེས་པའི་ཚིག་དེས་ང་རང་ཡང་ཡང་བསླུས་མྱོང་། མྱོས་ཀྱང་མྱོང་། ཞིབ་ཏུ་བསམ་ན་སེང་རྡོར་ཞེས་པ་ཆིག་ལབ་དང་གཡོ་ཟོལ་རྐྱང་རྐྱང་ལབ་པའི་འབྲོག་ཕྲུག་སྣབས་ལུག་ཅིག་ཡིན་ཡང་སྲིད་ལ། དགེ་འདུན་གྱི་ཏིང་འཛིན་བསྒོམ་མ་བཟོད་པར་འདོད་ཆགས་སོགས་ཉོན་མོངས་ཀྱི་རྒྱ་རུ་ཚུད་པའི་གྲྭ་མ་རྐྱ་ཞིག་ཡིན་ཡང་སྲིད། གང་ལྟར་ཁོ་ནི་ལྕི་འདམ་དང་འོ་ཆུར་གྱི་གསོས་པའི་འབྲོག་ཕྲུག་ཤ་སྟག་ཅིག་ཡིན་པ་སྨོས་མ་དགོས། ཏན་ཏན་ང་རང་དགའ་སའང་འདི་ཡིན།

 

ཁྱོ་ག་དང་གཉེན་སྒྲིག་གི་ཉིན་མོ་དེར་ངས་ཅིས་ཀྱང་གཉེན་སྟོན་རྒྱ་ཆེན་པོ་ཞིག་བཤམ་མ་འདོད། མཐར་དེད་ན་དེའང་སེང་རྡོར་ལ་གོ་ཡི་མི་འཇུག་པའི་ཆེད་དུ་ཡིན་པ་འདྲ་ལ་རང་ཉིད་ད་དུང་སེང་རྡོར་གྱི”འབྲོག་མོ”ཁེར་ཧྲང་མ་དེ་ཡིན་མདོག་ངང་སྡོད་འདོད་པའང་ཡིན་པ་འདྲ། དོན་དམ་དུའང་ངའི་བསམ་པའི་འདོད་བློ་ལྟར་གྲུབ་ལ་ངེད་གཉིས་གཉེན་སྒྲིག་གི་ལོ་དེར་ཁྱོ་གའི་ཤ་ཉེ་ཞིག་ཚེ་ལས་འདས་པས་གླུ་ལེན་དང་གར་རྩེ་སོགས་ཅི་ཡང་མེད་པར་ལྐོག་འཇབ་ཀྱི་གཉེན་སྟོན་ཞིག་བྱས། ཉིན་མོ་དེར་རྫོངས་པ་སོགས་འཁྱེར་དུས་ངས”དཔེ་ཆ་འདི་ཚོ་ལས་ཅི་ཡང་མི་དགོས”ཞེས་རང་སྣང་གི་སྐད་ཆ་འགའ་ལབ་པར་ཁྱིམ་མི་དག་ཀྱང་ཧ་ལས་ཤིང”སློབ་ཆེན་སློབ་མ་ཚོའང་དཔེ་ཆར་བལྟས་ཀྱང་འགྲོ་ས་མེད་ཀི་ར་ཁྱོད་འདི་ཡིི་ཅི་བྱེད། དེ་ལས་གནས་གོ་བཟང་བོ་ཞིག་འེ་ཆོད་ལྟོས་དང་དེ་ལས་ཡག་ཤོས་མེད”

 

ངེད་གཉིས་གཉེན་བསྒྲིགས་ནས་ལོ་ངོ་གསུམ་ཙམ་འགོར་སོང་། ཡིན་ཡང་ང་རང་ད་དུང་མངལ་ཆགས་མི་འདུག ཁྱད་པར་དུ་ཁྱོ་གའི་ཡུལ་ཚོ་ནས་སློབ་ཆུང་དགེ་རྒན་གྱི་བྱ་བ་དེ་ལག་ལ་རེག་པ་ནས་བཟུང་ངེད་གཉིས་གཟའ་རེའི་གཟའ་མཇུག་ལ་མ་གཏོགས་ཕྲད་ཀྱིན་མེད། ཡིན་ཡང་ཁོས་ང་ལ་དྲན་རབས་དང་གདུང་རབས་སོགས་ཀྱི་སྐད་ཆ་གཅིག་ཀྱང་ལབ་མ་མྱོང། དེའང་ངའི་ལན་མོ་བྱས་པ་ཡིན་ཡང་སྲིད། མཚམས་རེར་ངས་སྐད་འཕྲིན་དུ་སྐུར་ནོར་བྱས་ཏེ་ཁོ་ལ”ང་རང་སེང་རྡོར་ལ་དགའ་རབས་དུང་རབས”ཀྱི་སྐད་ཆ་མང་བོ་ཤོར་དུས་ཁོས་ཀྱང”དེ་ན་འུ་གཉིས་གཉེན་འཐོར་བྱ་ཆོག”ཅེས་པའི་ཆེས་ཐབས་ཆག་གི་ལན་རེ་བྱིན་འོང་མོད། ངེད་གཉིས་ད་ལྟ་ད་དུང་གཉེན་འཐོར་བྱས་མེད།

 

རླུང་བུ་ཞིག་གློ་བུར་དུ་ལྡང་འོང་བས་ངའི་ཆེས་ཉག་ཕྲ་བའི་སྟོང་འདང་ཨམ་ཕྲག་གང་བོའང་རླུང་ལ་སྤུར། སེང་རྡོར་དང་འབྲེལ་ཡོད་ཡོད་དོ་ཅོག་ཁུར་ཏེ་མདང་ནུབ་ཁྱོ་གས་སྔས་འགྲམ་ནས་ངའི་རྣ་བར་དུ་གཏད་པའི”དེ་ན་འུ་གཉིས་གཉེན་འཐོར་བྱ་ཆོག”ཅེས་པའི་སྐད་ཆ་དེ་རྐྱང་རྐྱང་ལས་ཅི་ཡང་ལྷག་མ་སོང་། ཐ་ན་ཁྱོ་གའང་གཟའ་ཟླ་བའི་གཞུང་ལས་ཁང་དུ་ཁུར་སོང་། གཟའ་ཟླ་བ། མ་གཞི་ནས་ང་ཁོ་ནས་སེང་རྡོར་དྲན་ཆོག་ཆོག་ཡིན་པའི་དགོང་མོ་ཞིག་ཡིན་མོད། དོ་ནུབ་ང་ལ་ཅི་ཡང་མ་ལྷག འཆར་ཡན་གྱི་ཕོ་བྲང་འདི་འདི་ལྟར་འགྱེད་ག་ལ་རུང་།  ངས”ལ་གཞས་ཆུ་མིག་དགུ་སྒྲིལ”མཆན་ལ་བཅུག་ནས་ལམ་ལ་ཆས། སེང་རྡོར་དང་སྙན་ངག་འཚོལ་དུ་ཆས། སྒྲུང་བྲིས་ནས་སྐབས་འདིར་སླེབས་དུས་ང་རང་ཉིད་ཀྱང་ཧ་ལས་སོང་། མ་གཞི་ངའི་རུས་གསང་དུ”སྙན་ངག”ཟེར་བའི་མིང་ཚིག་ཅིག་ཀྱང་འདུག ཡང་ན་སེང་རྡོར་དང་སྦྲེལ་བའི་མིང་བརྡ་ཞིག་ཡིན་ཡང་སྲིད། གང་ལྟར་སེང་རྡོར་དང་ཕྱིར་དྲན་བོར་བའི་གཟའ་ཟླ་བའི་མཚན་མོ་འདིར་ངས”སྙན་ངག”ཅེས་པའི་མིང་བརྡ་གསར་བ་ཞིག་རྙེད། ཡང་གཅིག་བཤད་ན་འདི་ནི་ངས་ཐེངས་དང་བོར་སེང་རྡོར་གྱི་གཞས་ཚིག་དག་ལ་སྙན་ངག་ཅེས་སྡོམ་ཚིག་གསར་བ་ཞིག་བཀོད་པ་ཡིན། དེ་སྔོན་ངས་སེང་རྡོར་གྱི་རྩོམ་དག་ནི”ལ་གཞས་ཆུ་མིག་དགུ་སྒྲིལ”གྱི་མུ་འབྲི་རེད་བསམ། ཡིན་ཡང་དོ་ནུབ་སྟེ་སེང་རྡོར་དང་ཕྱིར་དྲན་བོར་བའི་མཚན་མོ་འདིར”སྙན་ངག”ཅེས་པའི་ཐ་ཚིག་ཅིག་སེང་རྡོར་ལ་སྤྲད། མ་རེད་རང་ཉིད་ལ་སྤྲད། ཡང་ན་ཚོར་བ་ལ་སྤྲད། ང་སྒོ་རུ་བུད་དེ་ནུབ་ཕྱོགས་སུ་ཆས། ཡང་ན་རླུང་བུས་ངའང་ནུབ་ཕྱོགས་སུ་ཁྲིད། ངས་ལག་ན་གློག་སྒྲོན་དང་ཁ་པར་སོགས་ཅི་ཡང་མི་འདུག་པས་ནུབ་ཕྱོགས་དོན་དམ་དུ་ཕྱོགས་གང་ཞིག་ཡིན་པའང་གཞི་ནས་ཚོར་གྱིན་མི་འདུག དེ་སྔོན་ངས་སེང་རྡོར་གྱི་གཞས་ཚིག་དག་ལ་གཞས་ཀྱི་དབྱངས་རྟར་བཀུག་ནས་ལེན་པར་དགའ། འདི་ལྟར་ལེན་དུས་ངའི་ཁྱོ་གའང་ཉན་པར་རབ་ཏུ་སྤྲོ། དོ་ནུབ་ཀྱང་ལ་གཞས་རེ་གཉིས་བླངས་ན་ད་གཟོད་མུན་ནག་དང་རླུང་འཚུབ་ལས་རང་ཉིད་ད་དུང་གསོན་ཡོད་པ་ར་སྤྲོད་བྱེད་ཐུབ་བསམ། ངས”ལ་གཞས་ཆུ་མིག་དགུ་སྒྲིལ”ཁ་ཕྱེས། ཡིན་ཡང་ཡིག་འབྲུ་དག་སྔ་མོ་ནས་མུན་ནག་གིས་འཇུབ་ཚར་འདུག ངའི་རྣ་ལམ་དུ་ཤོག་ལྷེ་རེ་རེ་བཞིན་ཕར་སློག་པའི་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག ཡིན་ཡང་ང་མུ་མཐུད་དུ་མདུན་དུ་བསྐྱོད། ངས་རང་གི་བློ་ངོར་ངེས་པའི་གཞས་ཚིག་དག་སྤྱད་ནས་ལ་གཞས་ཤིག་ལེན་འདོད། ཡིན་ཡང་ངག་སྒོ་ནས་སྒྲ་འོ་ལེ་ཙམ་ཡང་འབྱིན་མ་ཐུབ། ང་རང་སྔོན་མ་ནས་གླུ་མ་ཞིག་ཡིན། མ་མཐའ་ཡང་ཁྱོ་ག་དང་ཁྱོ་ག་དང་འདྲ་བའི་སློབ་མ་ཚོར་བསྡུར་ན་ང་རང་རོགས་གླུའི་མཛོད་ཅིག་ཡིན་ཞེས་བཤད་ཆོག་ཆོག་ཡིན། ཡིན་ཡང་དོ་ནུབ”ཡཱ་ལ”ཙམ་ཡང་འབྱིན་མ་ཐུབ། ངའི་གླུ་སྐད་དང་ལ་གཞས་ཀྱང་ཁུར་སོང་ངམ། ཡང་ན་འབྲོག་མོ”ཟླ་སྒྲོན”ཡང་ཁུར་སོང་། ཡང་ན་འདི་ཚང་མ་སེང་རྡོར་གྱིས་ཁྲིད་སོང་། ངས་གོམ་པ་སྤོ་ཚད་ཅུང་མགྱོགས་པོ་འདུག་པས་ཞང་གྲོང་ཞིག་འེ་ཡིན་བསམ་པའི་ཨར་འདམ་གྱིས་སྤུད་པའི་གཞུང་ལམ་ཞིག་ཏུ་ཐོན། ”ལ་གཞས་ཆུ་མིག་དགུ་སྒྲིལ”སྔ་མོ་ནས་བོར་ཟིན། ཡིན་ཡང་ཕྱིར་འཚོལ་དུ་འགྲོ་བའི་འདུན་པ་སྤུ་ཙམ་ཡང་མ་སྐྱེས། འ་ཙི། ང་རང་ལ་གཞས་ལ་དགའ་བའི་སེམས་ཚོར་དེའང་ཁུར་སོང་བ་ཡིན་ནམ། ང་རང་ཧ་ཅང་ཐང་ཆད་འདུག རང་ཁྱིམ་གྱི་མལ་ས་ལྟ་ཞོགས། ཁྱོ་གའི་གཞུང་ལས་ཁང་གི་ལྕགས་ཀྱི་རྐུབ་སྟེགས་དེ་ཡིན་ཡང་ཆོག མར་བསྡད་པ་ཙམ་གྱིས་དེ་མ་ཉིད་ནས་གཉིད་འགྲོ་ཡི་ཡིན། ཕལ་ཆེར་ཁྱོ་གའི་སྐེ་ལ་འཁྱིད་ནས་གཉིད་འགྲོ་ཡི་ཡིན། སེང་རྡོར་ཞེས་པའི་སྙན་ངག་དེའི་མིང་ཙམ་ཡང་མི་དྲན་པར་གཉིད་འགྲོ་ཡི་ཡིན། འ་ཙི། ངའི་སེང་རྡོར་བོར་བ་ཕར་ཞོགས། སེང་རྡོར་ལ་བཅིང་བའི་དགའ་བའང་བོར་འདུག

 

མུ་མཐུད་དུ་མདུན་དུ་བསྐྱོད། སོང་གིན་སོང་གིན་ངས་རང་ཉིད་ཀྱི་ཕུང་བོའང་མི་ཐེག་པའི་ཚོར་གཞིག་སྐྱེས། ཡིན་ཡང་མུ་མཐུད་དུ་སོང་།  མི་རིང་བའི་མདུན་ཕྱོགས་ནས་གློག་སྒྲོན་མག་མོག་ཅིག་མངོན་འོང་། རེད་དེ་ད་ནི་བོར་སོང་བ་ཡོད་ཚད་འདི་རུ་འདུག་ཁོ་ཐག་རེད། ཡིན་ཡང་ངའི་ཕུང་བོ་ཇེ་ལྕི་ནས་ཇེ་ལྕི་རེད། ངས་རྡབ་རྡུབ་ཀྱི་གོམ་པ་གཅིག་སྤོས་ན་ལུས་ཕུང་གི་ལྗི་ཚད་ལྡབ་ཀྱིས་འཕར་འགྲོ་ཡི་འདུག མདུན་ཕྱོགས་ཀྱི་གློག་སྒྲོན་རེ་གསལ་རེ་མོག་རེད། རིམ་གྱིས་ཁང་མིག་ཅིག་ཀྱང་མངོན་ཡོང་། སེང་རྡོར་དང་ལ་གཞས། ད་དུང་ཕྱིར་དྲན་དང་སྙན་ངག་གིས་ཁང་མིག་དེ་ན་ཅི་ཞིག་ལབ་ཀྱིན་འདུག མ་རེད། གཞས་ལ་རོལ་གྱིན་འདུག  ངའི་རང་གི་ཕུང་བོ་དྲུད་ནས་མུ་མཐུད་དུ་མདུན་དུ་བསྐྱོད། མདུན་ཕྱོགས་ཀྱི་ཁང་མིག་དང་སྨི་ལྔ་བཅུ་ཡོད་མེད་ཀྱི་མཚམས་ནས་ང་རང་གཞི་ནས་འགྱེད་སོང་། རླུང་བུའང་འཇགས་འདུག ཡིན་ཡང་ཁང་མིག་ནང་གི་སྒྲ་དེ་ཇེ་ཆེ་ནས་ཇེ་ཆེ་རེད། མཚན་གང་ལ་འདུར་རྒྱུགས་བྱས་མཐར་ད་ནི་སྐྱ་རེངས་ཀྱང་རིམ་གྱིས་གསལ་འོང་། ཡིན་ཡང་མདུན་ཕྱོགས་ཀྱི་ཁང་མིག་སྔར་བཞིན་རེ་གསལ་རེ་མོག་ཅིག་འདུག ངའང་ཁང་མིག་དང་གོམ་པ་བཞི་ལྔ་ཙམ་ལས་མི་འདུག་པའི་སར་ཐོན་འདུག ཡིན་ཡང་ངའི་ཕུང་བོ་ལྕི་དྲག་པས་ད་ནི་གཞི་ནས་ཡར་དགྱེ་མ་ཐུབ། སྒེའུ་ཁུང་གམ་དུའང་ལངས་མ་ཐུབ། སྐྱ་རེངས་ཀྱི་དཀར་ངོགས་ནས་ཡུན་གྱིས་རང་གི་ལག་ཟུང་དང་བྱེད་གཟུགས་ལ་བལྟས་ཙ་ན། ང་རང་གཞི་ནས་འགྱུར་འདུག དེ་སྔོན་ལྕི་འདམ་དང་མར་ཆུར་དུ་ཚུད་པའི་སེར་ག་དང་དྲི་མག་གིས་ཁེབས་པའི་སོར་མོ་དང་སེན་མོང་ཡང་རྦད་དེ་འགྱུར་འདུག ལག་པའི་ཤ་མདོག་དྭངས་སྨོས་མ་དགོས། སེན་མོང་བར་གྱི་ས་རྡུལ་དག་ཀྱང་དག་ཅིང་ནག་ཐིགས་ཙམ་ཡང་མི་འདུག ཡིན་ཡང་ང་རང་ཧ་ལས་རྒྱུ་དང་དངངས་འཚབ་སོགས་ཅི་ཡང་མི་འདུག ཐ་ན་འདི་ཡོད་ཚད་འགྱུར་ལྡོག་ཅིག་ཡིན་པའི་ཚོར་གཞིག་ཀྱང་གྲིབ་མ་ཙམ་ཡང་མི་འདུགའོན་ཀྱང་མུ་མཐུད་དུ་སྔོན་དུ་སྐྱོད་མི་ཐུབ་པའི་ལྗིད་ཚད་འདི་རང་གིས་ཀྱང་ཚོར་འོང་བས་གཞི་ནས་བློ་ཕམ་པར་གྱུར། ཡིན་ཡང་སུག་བཞི་ས་ལ་བགྱེད་དུས་གཞི་ནས་ལུས་སེམས་གཉིས་ཀ་བདེ་འོང་།  ལྟ་ཕྱོགས་ཤིག་གིས་ཁང་མིག་ཏུ་མི་ཞིག་གི་རྒྱབ་གཟུགས་མཐོང་བྱུང་། ངས་མིག་ཟུང་ཆེ་རུ་བགྲད་དེ་བལྟས་ཙ་ན་མ་གཞི་རང་གི་ཁྱོ་ག་རེད་འདུག ད་དུང་ཞིབ་ཏུ་བལྟས་པ་ན་རང་ཉིད་དང་ན་ཚོད་འདྲ་བོ་འདུག་པའི་བུད་མེད་ཅིག་ཀྱང་འདུག ཁྱོ་གས”ཟླ་སྒྲོན”ཞེས་ཞེ་འདང་འདང་གིས་བོས་པ་ན་ཁང་བའི་ཕྱི་རོལ་གྱི་ངས་ཀྱང་ཚམ་ཚོམ་མེད་པར”འ་འོ”ཞེས་ཡ་ལན་ཡག་པོ་ཞིག་སྟེར་བསམ་མོད་ངག་སྒོ་ནས་འབྱིན་མ་ཐུབ་པར་ལུས། ཅིང་མ་འགོར་བར་ཁང་མིག་ནང་རོལ་གྱི་བུད་མེད་དེས་ཚ་ལི་མ་ཞིག་གི་ཕྱི་ཤུན་ལེན་ཞོར”ཅི་རེད་སྙིང་ཉེ”ཞེས་ངས་ད་བར་དུང་སུ་ཞིག་ལ་བཤད་འདོད་ཀྱང་མ་ཕོད་པར་ངག་སྒོ་ནས་ལུས་པའི་སྐད་ཆ་ཞིག་སྣང་དོགས་ཅི་ཡང་མེད་པར་བཤད། ”ཁྱོད་ཀྱིས་ནམ་རྒྱུན་སེང་རྡོར་ལ་དགའ་ཟེར། དོན་ངོ་མ་སེང་རྡོར་གྱིས་བྲིས་པའི་འབྲོག་མོ་དེ་ཁྱོད་མ་ཡིན་ལ་ཁྱོད་དང་འདྲ་བའི་འབྲོག་མོ་ཡོངས་ལ་གོ་གི་རེད། ཡང་གཅིག་བཤད་ན་ད་ལྟའི་ཁྱོད་རང་ནི་ལོ་འགའི་སྔོན་གྱི་འབྲོག་མོ་དེ་རྩ་བ་ནས་མིན་འདུག བྱ་བ་མེད་པ་མ་གཏོགས་གྲོང་ཁྱེར་ཆུང་ཆུང་འདིའི་རྒྱ་མོ་ཚོ་དང་གཅིག་མཚུངས་ཡིན།”

 

”ངས་ཤེས་ཡོད། དོན་ངོ་མ་བཤད་ན་ངའང་འབྲོག་མོ་འོ་དྲི་ཅན་ཞིག་བྱེད་འདོད་མེད” ་་་་་་་་་

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཟན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།