
མི་ཚེའི་ད་ཚོད་ཅིག
ཁང་སྟོང་དེའི་ནང་དུ་མཛེས་སྡུག་གི་རྨི་ལམ་གཤོང་ཐབས་བྲལ། ཆགས་སྡང་བླུག་སའི་སྙིགས་ཟོམ་སྐྱོར་དགོས་མི་འདུག སེམས་པ་ཤུལ་དུ་བཞག་སྟེ་ལ་མོ་རྒྱག་དགོས་ཡང་མི་འདུག ཕྱིར་ལ་ལོག་ཐབས་མེད་པར་ཐུགས་ནོངས་གང་ཡང་མི་དགོས། སོ་སོའི་ཞེ་གྱོང་ལ་འབབ་སོ་མེད་པ་ནི། ཡོལ་བའི་ངོས་ཀྱི་ཉི་ཟླ་འཁྱག་པར་གྱུར་བས་ལོས་ཡིན། བདེ་སྐྱིད་དང་ཐུག་ཙམ་གྱིས་ལུས་པོ་སྦྲིད་པར་བྱེད་པའི་ན་ཚོད། དུས་ཚོད་ཀྱི་རྨ་ཁར་འཚང་བའི་གཙང་པོ་ནག་ནག ཧབ་ཆ་ཡལ་རྗེས་ཀྱི་མི་སེམས་གྲང་མོ། ཏག་ཏག་ལོ་ན་གཞོན་དུས་ཀྱི་སྣང་བ་སྐྱོར་བྱེད་དག རི་མོའི་ངོ་ན་མཆོང་བའི་གཟིག་མོ་ཐིག་ལེ་ཅན་དེ་ཨང་། ཁྱོད་ཀྱི་ཁེར་རྐྱང་གི་ནང་དུ་སེང་གེ་རྨས་མ་ཞིག་བསྐུང་འདུག གཡུ་རལ་གྱི་ནང་དུ་རྟ་ཁྱུ་ཞོགས་པའི་སྲོད་ཀ་ལྷོད་མོ་ཞིག་ཀྱང་བབས་འདུག ཚེ་ཡི་སྐུད་པ་རེ་རེས་འཁེལ་བའི་སྐྱོ་ཡུས་ཀྱི་ནམ་ཚ་དག ཕྱི་འཕྲོར་ལུས་པའི་མེ་ལོང་དུ་འཛར་གྱིན། ཨམ་ཕྲག་ནང་གི་ན་ཚོད་འཁྱག་པ་དེ་བཙེམ་པར་བརྩོན།

སྣང་བའི་ཟོམ་ལ་ལྷུང་བའི་དར་དཀར་ཡུག་གཅིག
གཏམ་ལ་གཏད་པ་ཡོད་པས།། སྣང་བའི་ཞེ་ལ་བབས་སོང་།། ལས་འཕྲོའི་ཚེ་སྐུད་རིང་མོ།། འདི་ལ་འཐེན་རྒྱུ་བྱུང་ན།། སེམས་པ་གཞན་ལ་མི་གཡོ།། བྱུར་དམར་ཁུད་ལ་ལྷུང་བ།། སེམས་པའི་ཕྲ་ལ་བརྐོས་ཡོད།། ཕྲ་རྒྱན་ལྷུང་འགྲོ་མ་བསམ།། བློ་འགྱོད་དེ་འདྲ་མི་གནང་།། སྣང་བའི་ཉིན་སྲིབ་སྲུང་དགོས།། ལོ་ཆང་ལོ་ཡག་ཁམ་པ།། དམ་ཚིག་གཙང་མས་ཕབ་པས།། ཞེ་སེམས་དག་མོས་བསྙལ་ཡོད།། བདུད་རྩི་བསིལ་མའི་ཆབ་རྒྱུན།། སྣང་བའི་གཞིས་ལ་མཆོད་ཡོང་།། ཡིད་གཞུངས་ཆུ་མོ་ཤག་ཤག། སྡུག་པའི་ཐང་ལ་བསྲིང་ན།། མཛའ་གཅུགས་གཏམ་གྱི་དང་བ།། ཚེ་ཡི་མཐའ་ལ་བསྐྱལ་ཡོང་།།