ནག་རླུང་ཐར།(རྫ་ཆུ་ཁ)
ཇོ་བོ་རིན་པོ་ཆེ།
ཞོགས་པར་གཉིད་ལས་སད་མ་ཐག
ཕ་ཡུལ་ནས་བཟུང་བའི་ཁ་བཏགས་ཉར་ནས
དད་པ་དང་མཚར་སྣང་འདྲེས་མའི་ཀློང
ཇོ་ཁང་གི་ནང་ལོགས་ཏུ་ཕྱིན
བསྟར་ལ་བརྒྱུས་པའི་མི་ཚོགས་ཀྱི་འཚང་ཁའི་སྣེ་མོ
ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་བསྲིངས་འདུག
ཁོང་གིས་འཛུམ་དམུར་དམུར་དུ
ཆོལ་ཁ་མི་གཅིག་པའི་རིགས་མཐུན་ངེད་ཚོར་ཅེར་འདུག
སྙན་དར་ཕུལ་ཞིང་གསོལ་བ་བཏབས་རྗེས་སུ
ཇོ་ཁང་ལས་ཕྱིར་འབུད་པར་རྩོམ་དུས
ངས་ནི་རྟག་པར་རང་ཉིད་གཙང་མ་ཞིག་ཏུ་འཁྲུལ
12/19
པོ་ཏ་ལ།
ཁྱོད་ནི་རི་བོ་མིན་ཡང
གྲོང་ཁྱེར་འདིའི་མཐོ་ས་ན་འགྱིང་འདུག
ཁྱོད་ནི་ལྷ་ཚོགས་མིན་ཡང
བྱིན་རླབས་ཀྱི་རིལ་བུ་བསྣམས་འདུག
གཞོག་ཕྱེད་དཀར་པོ་དང་གཞོག་ཕྱེད་དམར་པོས་གྲུབ་པའི
གཟུགས་ཅན་དང་གཟུགས་མེད་ཀྱི་ལྷ་འདྲེ་བྲན་དུ་བཀོལ་མཁན
ཁྱོད ཁྱོད
ལྷོ་སྒོ་མེ་ལོང་ཅན།
ལྷ་ཁང་གི་ནུབ་ཕྱོགས་སུ་དོད་པའི་ཁུང་བུ་དེ
གོ་ཐོས་སུ་ཇོ་བོ་སྦས་ཁུང་དུ་གྲགས་ཤིང
གཏམ་རྒྱུད་ཁྲོད་མངོན་པའི་ཤཀྱ་མུ་ནེ
ཞལ་ལ་ཟས་དང་རྒྱབ་ལ་གོས་ཆད་དེ
མུན་ཁུང་འདི་རུ
དུས་ཚོད་ཀྱི་མནར་གཅོད་ག་ཚོད་ཅིག་ལ་མྱངས་ཡོད་དམ
ནོར་བུ་གླིང་ག
མཇལ་སྐོར་དུ་སླེབས་རྗེས
"རྟག་བརྟན་མི་འགྱུར་གླིང"་གི་ལྗོན་ཤིང་དག་གྱེས་གདུང་གིས་མནར་འདུག
ཇོ་ལགས
ས་མཐའ་ནི་མུ་མེད་ཀྱི་བྱེ་ཐང་ཞིག་རེད་དམ
ཁྱེད་ཀྱང་རྒྱང་རིང་བའི་གངས་རིའི་དབུ་རྩེར་ཅེར་ནས
ཕ་ཡུལ་གླེང་གིན་པ་སྐྱི་སེར་རླུང་བུས་བཤད་བྱུང
2020/12/20
བར་སྐོར།
གཡས་ལ་ཀྱོག་ཀྱོག གཡོན་ལ་ཀྱོག་ཀྱོག
ཁམས་ནས་དབུས་ལ་འབྱོར་བའི་གྲྭ་རྐྱང་ཞལ་ལ
གུས་ཚིག་དེ་འདྲའི་མང་པོ་འབྱོར་ཐབས་མ་བྱུང
ཨ་ཅག་ལགས ཨ་ཅག་ལགས
ཐུགས་ལྷོད་གནོང་དང
ཁྲོམ་འདི་ཁྱེད་ཀྱི་སྒོ་ར་རེད་དམ
ངེད་ཀྱི་ལྡོག་པར་ཇུས་ཏོག་བྱེད་དོན་ཅི
/12/21
རྫོང་རྒྱབ་ཀླུ་ཁང་།
མཇལ་འཛོམས་མེད་པའི་མི་དེ
གློ་བུར་སྤྱི་གླིང་འདི་ནས་འཕྲད་པར་གྱུར་བ་བཞིན
ཞེད་སྣང་སྐད་ཅིག་མ་ཞིག་གིས
ཁྱོད་ཀྱི་ཞལ་རིས་ཡིད་ལ་ལྷང་ངེར་འཆར་བྱུང
འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་།
གལ་ཏེ་མིག་འདི་ལྷ་ཡི་སྤྱན་ཞིག་ཡིན་ཚེ
དེ་རིང་ནི་ཞིང་བཀོད་དངོས་དེ་མཇལ་ངེས་འདོད
མི་ཡི་མིག་འདིས་ཀྱང
སྤྲུལ་བའི་རྗེས་ཤུལ་དེ་འདྲའི་མོད་པོ་མཇལ་ནུས་ཨང
གཟིམ་ཆུང་འོད་གསལ་ཕུག
འོད་འཁྱུག་པའི་ལྡེབས་བྲིས་དེ
རྗེ་གསུང་བྱོན་མ་ཡིན་ཟེར
སྙན་དར་བཞེས་པའི་གཟིམ་ཆུང་ནང་ན
རྗེའི་བཞུགས་ཁྲི་ཡོད་ཟེར
གཟིམ་ཆུང་འོད་གསལ་ཕུག
མཇལ་དགོས་པ་མཐའ་དག་མཇལ་ཟིན་པ་རེད་དམ
དབུས་མཇལ་ང་ལ་དེ་འདྲའི་བློ་ཡིད་ཚིམ་པོ་བྱུང
བྲག་ཡེར་བ།
རི་ཁྲོད་པ་སུ་ཞིག་གིས་བྱིན་གྱིས་རླབས་སམ
གནས་འདིའི་དྲེག་པ་རེ་ལའང་དད་པའི་སྤུ་ལོང་གཡོས་བྱུང
དཔལ་ལྡན་འབྲས་དཀར་སྤོངས་བ།
དཔལ་ལྡན་འབྲས་དཀར་སྤོངས་བ
སུ་ཡི་ཕྱག་འབྲས་ཡིན་ནམ
འཇམ་དབྱངས་ཆོས་རྗེ་ལགས་ཀྱིས
གཟིམ་རྨིས་བརྟགས་པ་རེད་དམ
ལྷ་ཁང་མཐོན་པོ་འདི་དག
ང་ཡི་དད་པ་དང་འདྲ་བར་དཀར་བོང་བོང
བྱམས་པ་མཐོང་གྲོལ།
ཁང་བརྩེགས་ཀྱི་ཐོག་སོ་ན
འཛུམ་དམུལ་དམུལ་བྱེད
དཔྲལ་བའི་དཀྱིལ་ན་འཁྲུངས་པའི་མཛོད་སྤུ་དཀར་པོ
ལས་འབྲས་ཀྱི་ཚངས་ཐིག་འཇལ་མཁན་རེད་དམ
བྱམས་པ་ལགས
གལ་ཏེ་མཐོང་ནས་གྲོལ་རྒྱུ་ཞིག་ཡོད་ན
ཁྱེད་མཇལ་བས་ལོས་ཆོག
2020/12/24
27
མེ་ལོང་། དབུས་སྐོར། (སྙན་ཚོམས།)
རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།
འབྲེལ་ཡོད་རྩོམ་ཡིག