མེ་ཏོག་གི་མྱོང་སྣང་བརྒྱ་རྩ་བརྒྱད། (སྟོད་ཆ)

729


@གྲོག་མས་བརྩམས།

  སྙན་ངག་འདི་ནི་ས་སྟེང་གི་ཁེར་རྐྱང་དང་ཡུལ་གྱར་བ་རྣམས་ལ་ཆེད་དུ་ཕུལ་བ་ཡིན།


མེ་ཏོག་གིས་སྤྲིན་པར་ཨ་མ་ཞེས་འབོད་ན་འདོད་ཀྱང
རང་ཉིད་ཀྱི་ལྷུམས་སུ་ཆར་གྱི་ཐིགས་པ་སྦྲུམ་ཡོད་པ་དྲན་པས
སྨྲ་མི་ཤེས་པའི་བསམ་བློ་པ་ཞིག་ཏུ་གྱུར


བྱ་དེ་ཕོ་ཞིག་དང་འདྲ་བའི་ཁོ་ཚོས
གནམ་གྱི་སྐར་མ་དག་མེ་ཏོག་གི་བུམ་པའི་ནང་དུ་འཚོས་འདུག
སྐར་མས་དབུགས་རྟ་རྔ་ཙམ་ཡང་གཏོང་མི་ཕོད་པར
རང་གི་འཕར་རྩ་ལྷེམ་ཙམ་ལྷེམ་ཙམ་བྱེད་ཞོར་ཉི་འོད་སྒུག་ཡོད


མེ་ཏོག་གཉིད་ལས་སད་དུས
རྩི་ཤིང་དག་གིས་གད་མོ་སེང་སེང་སྟེག
མེ་ཏོག་གི་འདབ་ལོ་འཐོར་དུས
རྩི་ཤིང་གིས་འདས་མཆོད་དུང་དུང་འབུལ


ལུ་གུ་མེ་ཏོག་རྟ་མཆོག་གི་ཕྱོགས་སུ་བཞད་ཅིང
གཞུང་ལུགས་ཤིག་གི་རྒྱབ་བརྟེན་དུ་ལངས་མ་མྱོང་བ་ཇི་བཞིན
རྟ་མཆོག་གིས་ཐང་ཆེན་པོའི་བྲང་ཁ་ཤུགས་ཀྱིས་གཤགས་ཀྱང
ཁོས་མེ་ཏོག་གི་འདབ་མ་ནམ་ཡང་གཏོར་མ་མྱོང


ཨུཏྤལ་མེ་ཏོག་གི་རྣམ་ཤེས་ཁུ་སིམ་གྱི་ཀློང་དུ་ཞི་བར་གཟིམས
གཉོམ་དུང་དུང་གི་བརྩེ་སེམས་ཆར་ཆུ་དང་འདྲེས་ཏེ་རྒྱ་མཚོར་བབས
རྐང་པ་མཉེན་མོས་འཐོར་ལ་ཉེ་བའི་ས་ཆེན་ཆུན་པོར་བཅིང་འདུག


དུས་ཚོད་ཀྱིས་རང་གི་འགྱུར་ཁུག་ནང་དུ་ཡོད་ཚད་རུལ་དུ་བཅུག་ཡོད
ཡིན་ཡང   པདྨའི་ཐེའུ་ཆུང་ཆུང་ཞིག
དཔྱིད་ཀའི་ནམ་ཟླ་བརྟོལ་ཏེ་ས་སྟེང་དུ་ཤོར་བྱུང
མེ་ཏོག་འདིས་རྒྱུན་འཁྱོངས་དང་བཟོད་སྲན་སོགས་ཀྱི་ཐ་སྙད་མི་སྤྱོད་པར
ང་ཚོར་སྙན་ངག་ལྟ་བུའི་དག་ཞིང་གི་ཆ་འཕྲིན་ཁྱེར་འདུག


བརྩེ་ལྡན་གྱི་ཤང་དྲིལ་སེར་པོ
གནམ་མཐའི་སྤྲིན་པས་ཁྱེད་རང་ངེས་པར་ཕེབས་རན་ཡོད་ཟེར
ངས་ཁྱེད་ལ་སྙན་ཚིག་གི་ལྭ་རིང་བཟོ་བཞིན
དྲན་གདུང་གི་མཆི་མས་མགྲིན་པ་བརྣངས་ཡོད


ང་ཡི་ཡལ་གའི་རྩེ་རུ་ཁུ་བྱུག་བབས
དྲན་པ་མངོན་དུ་ཞོག་ཅེས་གླུ་གཞས་གཏོང
ང་ཡི་གྲིབ་མའི་ནང་དུ་ཨུཏྤལ་འཁྲུངས
ཁོ་མོ་མ་བརྗེད་ཟེར་ཞིང་མིག་ཆུ་འདོན


ཁྱེད་ཀྱིས་སེར་ཆེན་མེ་ཏོག་ལ་གཟིགས་དང
ཆོས་གོས་སེར་པོ་ཞིག་མནབས་ནས་ལུས་ཚུགས་བསྲངས་འདུག་ཀྱང
ཁོང་ནི་སྟོན་པ་སངས་རྒྱས་དང་མཚུངས་པར
ཆོས་ལུགས་གང་གི་ཡང་རྗེས་སུ་འབྲངས་མེད

༡༠

བྲག་རིས་རྒྱུན་དུ་ངག་སྒོ་བསྡམས་ཏེ་རང་གི་ཆུང་མའི་གཏམ་ལ་ཉན
རྦབ་ཆུ་ལྷ་མོས་རྟོག་འཆར་ཡོད་ཚད་ལྷུང་ལྷུང་ཟེར་ཞིང་ཁྱོ་གར་སྨྲ
ཁྱོ་ཤུག་གཉིས་ཀྱི་མཉམ་དཀྲོལ་རོལ་མོར་རྒྱང་ནས་ཉན་པའི་སྒྱུ་རྩལ་པ
ཨུཏྤལ་སེར་པོའི་རྣམ་ཤེས་གྲིམ་ལྷོད་ཆུ་བོའི་རྒྱུན་དང་ཡང་དག་མཚུངས

༡༡

མེ་ཏོག་ན་རེ
ང་ནི་དྲོ་གྲང་བར་གྱི་གསང་བའི་བརྩེ་འཕྲིན་དེ་ཡིན
ང་ནི་དབྱར་དཔྱིད་གཉིས་ཀྱི་དགའ་མགུར་སྤྱད་པའི་བདེ་སྣང་དེ་ཡིན
བྱིའུ་ན་རེ
ཁྱོད་ནི་གནམ་དང་ས་ཡི་ཚུལ་ཁྲིམས་ཀྱི་དྲི་ངད་མ་ཡིན་ནམ
ཁྱོད་ནི་སྤྲིན་དང་སྨུག་པའི་དམ་ཚིག་གི་རིང་བསྲེལ་མ་ཡིན་ནམ།

༡༢

ཉི་མའི་སྙིང་རྗེ་ལས་འཁྲུངས་པའི་ཆར་གྱི་ཐིགས་པ
བྱིས་པ་དམར་འབྱར་ཞིག་ལྟར་སེར་ཆེན་གྱི་པང་ལ་ལྷུང
སེར་ཆེན་ནི་མོས་གུས་ཀྱི་མཆི་མ་འཁྲུག་བཞིན
ཉི་ནུབ་ཀྱི་ཕྱོགས་སུ་ཐལ་མོ་ཡང་ཡང་སྦྱོར

༡༣

སྐྱོ་སྣང་གིས་ངལ་བའི་གསེར་གྱི་སྦྲང་མས
ཉིན་རྟག་པར་ཟིར་སྒྲ་ཞིག་བསྐྱར་དུ་ལེན
སྐྱོ་སྣང་སྤངས་པའི་ལུ་གུ་མེ་ཏོག་གི་རྣ་བར
ཉིན་མ་རེ་རེ་བཞིན་གླུ་དབྱངས་གསར་པ་ཞིག་གི་འགྱུར་ཁུག་ཐོས།

༡༤

གནམ་སྔོན་པོས་ཆར་པ་ཉུང་ཙམ་རེ་ཕབ་སྟེ
ས་ནག་པོས་རང་ཉིད་ལ་དྲིན་ལན་འཇལ་བར་རེ་བ་འཆང
ས་དོག་མོས་མེ་ཏོག་ཆུང་ཆུང་རེ་འབུལ་བཞིན
གནམ་ཆེན་པོའི་ཐུགས་དགོངས་ཡོངས་སུ་རྫོགས་པར་སྨོན་པ་བྱེད

༡༥

ང་ནི་ཁྲག་སྐྱེས་མེ་ཏོག་ཅིག་ཡིན
རླུང་བུས་ངའི་ཕྲག་པ་རུ་ཡང་ཙམ་རྡེག་ཞོར
རུལ་སོངས་ཀྱི་ཐ་སྙད་ཁ་ཤས་མཆི་མ་ཐ་ར་ར་ངའི་རྣ་རྩ་རུ་བཞག
དེ་ནི་འཇོལ་མོས་སྦུར་ནག་ཟ་གིན་ཟ་གིན
སྐད་སྙན་ཀྱུ་རུ་རུ་འབྱིན་པ་དང་འདྲ་བྱུང

༡༦

མིའི་རིགས་ཀྱི་བསམ་བློའི་ལྦུ་སོབ་རྣམས
རླུང་བུ་ཆུང་ཆུང་ཞིག་གིས་གང་སར་འདེད་བཞིན་འདུག
མཚོན་དོན་ཅི་ཡང་མེད་པའི་མེ་ཏོག་སྐྱ་བོ་འདི་ནི
ལྦུ་སོབ་ཀྱི་ངོས་སུ་ཤར་བའི་ཉམས་དགའ་བའི་ཡུལ་ལྗོངས་དེའི་ནང་སྙིང་ཡིན་ནམ

༡༧

སྤྲིན་པ་ནི་མེ་ཏོག་ལ་སྙིང་རྗེ་ནས་ངུས་བྱུང
མེ་ཏོག་ནི་འཆི་བ་བརྗེད་དེ་འཛུམ་བྱུང
ཁ་རོག་གེར་ལང་ཚུགས་པ་ནི་ལྗོན་ཤིང་ཁོ་ན་རེད
བལྟས་ཚོད་ལ་ཁོ་རང་དྲན་ཤེས་ཀྱིས་ཟིན་ཡོད་པ་དང་མཚུངས།

༡༨

མི་ཚེ་གཅིག་གི་དུས་ཚོད་ཆ་ཚང་སྤྱད་དེ
སྐྱོ་ངལ་གྱི་འདམ་དུ་མེ་ཏོག་གི་ས་བོན་འཛུགས་མཁན་ཞིག་ཡོད
ཁོའི་མིང་ལ་ཡིག་འབྲུ་གཅིག་ལས་མེད་དེ“མི”ཞེས་ཟེར
དུས་ཚོད་ཐུང་ཐུང་ཞིག་ཡོད་པ་དེ་བཀོལ་ནས
མེ་ཏོག་ལྡུམ་རར་བདེ་སྐྱིད་ཀྱི་གར་ལ་རོལ་མཁན་ཞིག་ཀྱང་ཡོད
མོའི་མིང་ལ་ཡིག་འབྲུ་གསུམ་ཡོད་དེ
“ཕྱེ་མ་ལེབ”ཅེས་ཟེར

༡༩

ཞོ་སྐྱེས་མེ་ཏོག་དད་སེམས་ལ་དགའ་ཡང
དད་སེམས་ནི་སྤྲིན་དཀར་གྱི་ཡང་སྟེང་དུ་བཞུགས་པས
རང་གི་ས་བོན་ལ་གཤོག་པ་ཐོགས་ཏེ
ནམ་མཁའི་དབྱིངས་སུ་འཕུར་བའི་སྙིང་སྟོབས་ཚངས་འདུག

༢༠

ནམ་མཁའི་ལྷ་མོའི་སྤྱན་ཆབ་སྦྲང་ཆར་གྱི་ཟོལ་དུ་སིབ་སིབ་བབས་པས
ས་ཆེན་གྱི་བརྩེ་སེམས་ཉི་མ་མེ་ཏོག་གི་ཚུལ་གྱིས
སེར་ལམ་ལམ་མངོན་ཐབས་མཛད

༢༡

ཚེར་མའི་མེ་ཏོག་ལ་ཁེར་རྐྱང་གི་གཏམ་རྒྱུད་ཅིག་ཡོད
དེས་མི་སེམས་ཀྱི་ཉམ་ཐག་པའི་ཆ་དེ་མཚོན་ཐབས་བྱེད་མོད
ཤུགས་བསྟན་གྱི་སྨུག་སྤྲིན་བར་ནས
དབེན་ཐིང་ཐིང་གི་ལྷིང་འཇགས་ཤིག་ངང་གིས་མངོན

༢༢

ཁམ་བུའི་མེ་ཏོག་གི་དགོངས་པ་རི་བོ་དང་མཉམ
རང་ཉིད་ཀྱི་འདབ་ལོ་མི་རིང་བར་ས་རུ་ལྷུང་བའི་ངང་ཚུལ་མཁྱེན
ཁམ་བུའི་མེ་ཏོག་གི་དགོངས་པ་ནམ་མཁའ་དང་མཉམ
འོན་ཀྱང་རང་གི་ས་བོན་འདིའི་འཕྲང་ལམ་རིང་མོ་གཏན་ནས་རྟོགས་མེད

༢༣

མེ་ཏོག་གི་གང་བུ་ལགས
ཁྱེད་ནི་མངོན་ཆུང་གིས་མགོ་བོ་དུད་ཅིང
ངོ་གནོང་བའི་ཚུལ་གྱིས་འདབ་མ་ཡང་ཟུམ་པར་བྱེད་མོད
ང་རང་ད་དུང་གཅེར་བུར་བུད་ཐུབ་མེད་ཡ

༢༤

འདབ་ཆགས་རྣམས་ནི་ཧུར་བརྩོན་གྱིས
དབྱར་ཁ་བསུ་བའི་གླུ་དབྱངས་ལེན
མེ་ཏོག་གིས་ཁ་ཅི་ཡང་མི་གྲག་པར
ཁྱོན་ཡོངས་ནས་ཞི་དུལ་གྱི་མཛེས་པ་ཞིག་བསྐྲུན་ཐབས་བྱེད

༢༥

ཝ་ཡེ     
མིང་ལ“མ་གི་གུ་མི”ཟེར་བའི་ཡི་དྭགས
ཁྱོད་རང་ལག་སྟོང་མཆན་ལ་བཅུག་ནས་ངེས་མེད་ཀྱི་ཡུལ་དུ་འགྲོ་ཁར
ངའི་ལྡུམ་རའི་ནང་ནས་མེ་ཏོག་རྒྱ་ལྕམ་ཞིག་བཏུས་ན་ཆོག
འོན་ཀྱང་བདག་གི་ཞབས་རྗེས་ནང་དུ་རྐང་པ་མ་འཇོག་ཅིག

༢༦

བྱ་དེ་ཕོ་མི་ཚོགས་དང་ཁང་བརྩེགས་ལ་གཏད་དེ་ཉིན་ལྟར་རྒྱང་གླུ་ཞིག་ལེན
དེས་ཁྱེད་ཚོ་གཡང་སར་ལྷུང་བཞིན་འདུག་ཅེས་ཟེར་བ་དང་འདྲ་སྟེ
མེ་ཏོག་བྲག་ལྕམ་མགོ་བོ་ལྡེམ་ཙམ་ལྡེམ་ཙམ་གྱིས
དེ་ཕོའི་གླུ་ཚིག་ལ་འཐད་པའི་བརྡ་ལན་སྟོན

༢༧

བདེ་སྐྱིད་མེ་ཏོག་རྒྱུན་དུ་བཤུམ་དགོས་དོན
འབུ་གྲོག་མས“བདེ་སྐྱིད”ཟེར་བའི་ན་ཆུང་མ་ཞིག་རྟོག་བཟོ་བྱས
ཁོ་རང་བདེ་སྐྱིད་དང་འཕྲད་པའི་རྨི་ལམ་རྨིས་ཤིང
བཙལ་ན་རྙེད་སྲིད་པའི་ཚོར་བ་ལྟར་སྣང་ཞིག་ཀྱང་སྐྱེས
འཕྲུལ་སྣང་དེའི་རྐྱེན་གྱིས་གྲོག་མ་ཤ་ཟད་རུས་པར་ཐུག
རུས་པ་ནག་པོར་གྱུར་སོང་བས་ཡིན

༢༨

སྤོས་ལྡན་མེ་ཏོག་གིས་རང་གི་དྲི་ཞིམ་སྤྱད་དེ
བ་ལུ་དང་ཤུག་པའི་དྲིན་ལན་བསམ་བཞིན་ལྷ་བསང་གཏོང
དཀོན་མཆོག་དགྱེས་པའི་ཆར་ཟིམ་གྱིས་རང་གི་འདབ་ལོ་རྒྱས
རློམ་སེམས་ཆེན་པོའི་བསང་གསོལ་གྱིས
མི་སེམས་ལ་ཐོག་སེར་འབྱུང་བའི་བརྡ་ལུང་བསྟན

༢༩

ཙི་གུས་འདས་དོན་ཕྱིར་དྲན་གྱི་ཁྲོད་ནས་རང་ཉིད་བོར་སོང
ཨ་བྲ་མ་འོང་འཚོ་ཚིས་ཀྱི་ནང་དུ་སྐུ་གྲོངས་སོང
ད་ལྟ་བའི་སྐད་ཅིག་གི་ནང་དུ་གསོན་པོར་གནས་ཐུབ་པ་ནི
མངོན་ཆུང་གི་མེ་ཏོག་འདི་གཅིག་པུ་ཡིན

༣༠

ལྷིང་ཞིང་འཇགས་པའི་དབེན་རི
སྤྲིན་དང་སྨུག་པའི་ལྷོད་ཡངས
འདས་ལོག་གི་གསེར་ལོ་མེ་ཏོག
ཁོ་ཚོས་ད་དུང་འདི་ལྟར་སྙན་ངག་གི་ཁ་མཚར་ལ་རེ་སྒུག་གནང

༣༡

རང་སེམས་ཨུཏྤལ་གྱི་སྟེང་དུ་འཁོར་ཏེ
ད་ལྟ་གཡུ་ཡི་བུང་བ་ཞིག་དང་འདྲ་བར
རང་གི་ཚང་མལ་དུ་ལས་སླ་པོར་ལོག་ཐབས་མ་བྱུང
དེ་ནི་ཁྱེད་ཀྱིས་བསྐུར་གནང་བའི་ཇ་ཡི་སྒམ་ཆུང་དེའི་ནང་དུ
ངས་གསེར་གྱི་པ་ཏྲ་ཞིག་ཡོད་པའི་ཆ་འཇོག་བྱས་པ་དང་མཚུངས

༣༢

ཁོང་ཚོས་རྗེ་བཙུན་སྒྲོལ་མའི་སྐྱ་ཐིག་ཅིག་བཏབ་པ་ལ
ང་ཡིས་ཨུཏྤལ་མེ་ཏོག་གསོན་པོ་ཞིག་འབུལ་དགོས་སམ
ཡུམ་ཆེན་ལགས

༣༣

མེ་ཏོག་རྒས་ན་ཉམས་མྱོང་གི་རི་མོ་ས་བོན་ལ་དཔར་ཆོག
རྗེས་རབས་པའི་འདབ་ལོ་ཇི་ལྟར་གྲོལ་བར་སེམས་ཁྲལ་མི་དགོས
མེ་ཏོག་ཤི་ན་ཞེན་ཆགས་ཀྱི་ཕྱིར་མིག་མི་འཕེན་པར་བཞུད་འགྲོ
འཆི་བ་ནི་རང་ཉིད་ཕྱིར་ཕ་ཡུལ་དུ་ལོག་པའི་ངང་ཚུལ་ཙམ་དུ་རྟོགས་ཟིན

༣༤

འཇིག་རྟེན་གྱི་བྱེད་པོ་ལགས
ཁྱེད་ཀྱིས་མེ་ཏོག་གི་ཁ་དོག་ཡོད་ཚད་གཅིག་གྱུར་མཛད་ཀྱང
ལྷ་མཆོག་ཁྱེད་ཉིད་སྐུ་གྲོངས་བའི་རྗེས་སུ   
མེ་ཏོག་གི་གྲུབ་མཐའ་བརྒྱ་སྟོང་ཁྲི་འབུམ་གྱི་ཕྱོགས་སུ་ངང་གིས་གྱེས་སོང
འདི་ནི་ང་ཚོས་རང་གཤིས་མནལ་མ་རྒྱ་ཡན་དུ་བཏང་བའི་སྡིག་ཉེས་ཡིན
ལྷ་ཆེན་པོས་དགོངས་ཡངས་གནང་རོགས་ཞུ
ཨཱ་མེན

༣༥

དར་ལྕོག་གིས་རླུང་བུ་ལ་སྟུན་ཅི་ཐུབ་བྱེད་ཅིང
རླུང་གི་ཕུ་སྒྲ་དང་རྒྱུ་ཕྱོགས་ཡོངས་ལ་བསྟོད་གླུ་ལེན
མེ་ཏོག་གིས་སྟོད་གླུ་ཅི་ཡང་མི་ལེན་པར
རང་གི་འཛུམ་ཆུང་ཉི་མའི་བྲང་གི་རྩིད་པ་དེར་སྟོན་པར་བྱེད

༣༦

སྙན་ངག་པས་མེ་ཏོག་གི་རི་མོ་འབྲི་དུས
མེ་ཏོག་གིས་ཀྱང་སྙན་ངག་པ་འབྲི་བཞིན་ཡོད
སྙན་ངག་པས་ཆང་ཕོར་གནམ་ལ་བཏེགས་དུས
མེ་ཏོག་གི་གོམ་ཁ་ཡང་ཡང་འཆོལ་ཡོང

༣༧

རྟག་ངུ་མེ་ཏོག་གི་རྨི་ལམ་དུ
དགོན་འདབས་ཀྱི་ཁྱི་གུ་དཀར་པོ་ཞིག
ཁ་ལྷ་ཁང་ལ་ཕྱོགས་ཏེ་ཟུག་སྐད་ཁ་ཤས་ཕྱུང་བ་ཙམ་གྱིས
ཁོའི་རྟུག་པ་ཡོད་ཚད་གསེར་དུ་གྱུར་སོང་མོད
གསེར་ནི་རྟུག་པ་བཞིན་དུ་རིན་ཐང་ཅི་ཡང་མེད་པ་ཞིག་རྨིས
དེའི་རྒྱུ་མཚན་གྱིས་རྟག་ཏུ་ངུ་བཞིན་པར་བཤད

༣༨

ང་རང་སྦུར་ནག་ཅིག་ཡིན་ན
ངས་གུར་ཀུམ་གྱི་རྐང་པ་མཉེན་མོའི་ཐོག་ནས་བསམ་བློ་གཏོང་དགོས
མེ་ཏོག་ནི་ཆུ་ཡི་ཟིལ་པ་ཞིག་ཡིན་སྲིད་པར་རྗེས་སུ་དཔོག་དགོས
ངས་རང་གི་བློ་སྒོ་རྒྱ་ཡངས་པོར་ཕྱེས་ཏེ
ཡིད་ལ་ཡུན་རིང་སྦས་པའི་ཞེ་འདང་ཡོད་ཚད་མེ་ཏོག་ལ་བསྐུར་དགོས

༣༩

སའི་གོ་ལས་རང་གི་བརླ་བར་དུ་ཚེར་མའི་མེ་ཏོག་ཅིག་བསྐྱེད
མེ་ཏོག་ནི་ང་ཡི་གྲུ་ཟུར་ཞིག་ན་ཟིལ་བ་ཁྲོམ་མེར་བཞད་ཀྱང
ཚེར་མ་རྣོན་པོས་སྐད་ཅིག་སྐད་ཅིག་གི་འབུ་ཕྲ་རྒུམ་བཞིན
ངའི་ཚེ་སྲོག་གི་སྤོས་ཐུར་ལ་མེ་སྒྲོན་རོགས་བྱས

༤༠

ལྕགས་ཀྱུ་མེ་ཏོག་གི་གཡེང་བ་མེད་པའི་དྲན་འཛིན
མེ་ཏོག་སྣ་བརྒྱ་བཞད་པའི་མྱོང་སྣང
ཕྱེ་མ་ལེབ་ཀྱི་ལམ་ཡིག་རིང་མོ
ཆུ་ཡི་ཐིགས་པ་ཞིག་གི་དག་ཞིང
ཅུང་ཟད་བདེ་ཐང་མིན་པ་ལྟ་བུའི་བྱ་སྐད
གདོང་ལ་ཉོབ་མདངས་རླུགས་པའི་ཁྱི་རྒན
ང་ཡི་ཕ་ཡུལ
ང་ཡི་བར་སྣང

༤༡

བཙུན་པ་གུར་ཀུམ་ན་རེ
ང་མཆོད་རྫས་མིན་པས་ལྷ་ཁང་དུ་མ་འཁྱེར་རོགས
ང་དུར་རྫས་མིན་པས་བང་སོ་རུ་མ་འཇོག་རོགས
ང་ནི་རང་བྱུང་གི་འཛུམ་ཆུང་ཡིན་པས་རང་སོར་ཀློད་རོགས་ཞུ

༤༢

ང་རང་སྨུག་པའི་མགུལ་དུ་འཁྱུད་དེ་རྩི་ཤིང་གི་ཞི་དུལ་ལ་བློ་སྦྱོང
ཆུ་སྐྱེས་མེ་ཏོག་སྙན་ངག་གི་སྐེད་པར་འཁྲིལ་ཏེ
མི་རྣམས་ཀྱི་མིག་ཆུའི་འབྱུང་ཁུངས་འཚོལ

༤༣

འཁོར་བ་ནི་སྣུམ་ཚོན་གྱི་རི་མོ
རྒྱང་ཐག་ཅུང་ཟད་བཀྱེད་ན་མཛེས་པའི་རི་མོ
མེ་ཏོག་ནི་དད་གུས་ཀྱི་རི་མོ
འགྲམ་དུ་ཨན་ཙམ་བཅར་ན་དྲོ་བའི་རི་མོ།

༤༤

སྨྲ་འདོད་ཀྱི་མགྲིན་པ་གཟེངས་སུ་བཏེགས་པའི་བྱིའུས
སྐྱ་རེངས་གསར་པའི་སྒོ་མོ་དལ་གྱིས་བརྡུངས་ཙ་ན
ཉིན་གུང་གི་ལྷ་མོས་གོ་ནོར་ཐེབས་ཏེ
སྨུག་སྤྲིན་ཕུད་ནས་བྲང་གཞུང་གི་མེ་ཏོག་རྗེས་པར་བསྟན
བྱིའུ་ནི་ངོ་ཚ་སྨིན་ཐག་ཆོད་དེ་སྨྲ་བ་མེད་པར་ལུས

༤༥

མེ་ཏོག་ནི་དེང་རབས་ཞེས་པའི་མཐོ་རླབས་སྒྲོག་མཁན་དེ་མིན་པར
བརྗོད་མི་ཤེས་པའི“བདག”གི་མཛེས་པ་ཕྲ་མོ་དག
རྣམ་འགྱུར་སྣ་ཚོགས་པའི་སྒོ་ནས་ཕྱིར་མངོན་ན་འདོད་པའི
སྙན་ངག་པ་ཆུང་ཆུང་དེ་ཡིན

༤༦

ངས་སེར་ཆེན་གྱི་གདོང་ལ་བལྟས་ནས་ཁོའི་གསང་བ་འཚོལ་དགོས་བསམ་མོད
སེར་ཆེན་གྱིས་ང་ལ་ཅེར་ནས་ངའི་ཟབ་ཚད་འཇལ་བཞིན་འདུག
དེ་ལ་ངས་ཁྲེལ་དགོད་གཏིང་ཟབ་མོ་ཞིག་བྱས་པས
ཁོས་ཁྱོད་ཀྱི་ཟབ་ཚད་ཡོངས་སུ་རྟོགས་སོང་ཨང་ཟེར

༤༧

བུང་བའི་གླུ་ངག་གི་ཁྲོད་ནས་པདྨའི་དྲི་བསུང་ཚོར
པདྨའི་འཛུམ་ཞལ་ནང་དུ་བུང་བའི་བརྩེ་སེམས་འཆར
འདི་ནི་ཡི་གེ་ཙམ་གྱིས་མཚོན་པར་མི་ནུས་པའི
དུངས་སེམས་ཀྱི་ཁུར་ཆེན་པོ་དེ་ཡིན་ནམ

༤༨

བྱིའུས་སྐད་གསང་མཐོན་པོས་མེ་ཏོག་གི་མཛེས་པར་བསྔགས་པ་བརྗོད
ཞི་འཇམ་གྱི་མེ་ཏོག་གིས་ཨ་ལན་གང་ཡང་མ་བྱིན
བྱིའུ་འགྱོད་པ་སྐྱེས་ཏེ་མེ་ཏོག་གི་ཨ་གསར་ལ་སྨད་ར་བཏང

༤༩

གནམ་ལ་འཕྲིན་པ་ཡང་ཡང་སྐུར་བའི་ཁུར་མོང་མེ་ཏོག་ལགས
ནམ་མཁའ་ནི་ཁྱོད་ཀྱིས་སེམས་ཁུར་བྱ་ཡུལ་དེ་མིན་པར
བཟོད་སྒོམ་གནང་དགོས་ས་དེ་ཡིན་པ་འདྲ

༥༠

མེ་ཏོག་རེ་རེས་རང་ཉིད་གསར་གཏོད་བྱས་ཏེ
མེ་ཏོག་གཞན་དང་འདྲ་བཟོ་བྱས་མ་མྱོང་བས
མེ་ཏོག་གི་བསམ་བློ་ཆུ་ནང་དུ་བྱིང་མི་སྲིད


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།