འབར་བློ་དཀར་གྱི་བཅད་རྩོམ་སྙན་ངག་ཚན་པ་བཅུ།

3852






      སྟོན་མཇུག་གི་སྨྲེང་བ།

ཞི་བསིལ་དབེན་གནས་སྟོན་མཚན་ཟླ་བའི་མདངས།།
སོ་དཀར་འཛུམ་པའི་ལང་ཚོ་འཕྲོག་གྱུར་ཡང་།།
ཆོས་ཉིད་མེ་ལོང་བཏགས་པའི་ཨ་བུའི་སེམས།།
སླར་ཡང་སྐྱོ་ཤེས་ཕྲ་མོས་ཡང་ཡང་བསྒུལ།།
         
ཕྱི་རོལ་འཇིག་རྟེན་ལས་ཀྱི་གཙང་པོའི་ཁར།།
གྲང་རླུང་ཐོལ་བུས་བདས་པའི་ལོ་འདབ་བཞིན།།
བྲེལ་འཚུབ་བཞུར་བའི་དུས་ཚོད་འཕྲུལ་འཁོར་གྱིས།།
ལང་ཚོའི་རྨི་ལམ་ངོས་སུ་སེར་ཐིགས་ཕབས།།
     
ཁྲུང་ཁྲུང་ཁྱུ་དང་ཁྱུ་བྱས་ལྷོ་རུ་འཕུར།།
ནགས་བྱེའུ་དག་ཀྱང་རང་རང་ཚང་དུ་ལོག།
བསེར་བུ་ལྡང་ཞིང་ཉི་འོད་འཁྱག་པ་ཡི།།
འཇིག་རྟེན་རྒུད་པའི་རྟགས་ཀྱང་མང་དུ་མཐོང་།།
       
སྤྲིན་དཀར་ལུག་ཁྱུ་ཞོགས་པའི་གནམ་མཐའ་རུ།།
སྙིང་སྡུག་ནོར་བུ་ཨེ་བཞུགས་མ་འདྲི་རོགས།།
སྨྲེང་བའི་སྐོར་ཞོག་རྒྱག་པའི་དུས་ཚིགས་འདིར།།
བདག་གི་སྐྱོ་གདུང་སྨུག་པ་གང་དུ་རྒྱུ།།
       
ཁེར་རྐྱང་གཏོང་བའི་གླུ་གཞས་དག་གིས་ཀྱང་།།
གྱེས་བྲལ་གདུང་བའི་རྨ་ཁ་ཡང་ཡང་གཟིར།།
ད་ནི་ངལ་དུབ་མནར་བའི་སེམས་ཉིད་འདི།།
ཡུན་རིང་གསོན་པའི་ཐབས་ཤིག་མེད་དམ་ལགས།།
                 
    འཚམས་འདྲི།

དགོང་ཁའི་མཚམས་སྤྲིན་དམར་སེར་མདངས་ཀྱིས་བཀླུབས།།
བསེར་བུ་ཡང་མོ་ཞིག་ཀྱང་གང་ནས་ལྡང་།།
ད་ཚོད་ལུས་སེམས་འཁྱགས་པའི་སྒྲོམ་དུ་ལུས།།
ཁྱེད་ཀྱི་ཐུགས་ཀྱང་ངལ་བར་མ་འགྱུར་གྲང་།།

གྱེས་པའི་གདུང་བ་ཟབ་ཅིང་ཅི་ཞིག་བགྱི།།
ལས་ཀྱི་མདུད་པ་སུ་ཡིས་དགྲོལ་མི་ནུས།།
མི་རྗེད་སྙིང་དབུས་གནས་པའི་དམ་ཚིགས་དང་།།
སྒུག་པའི་བརྩེ་འདུན་རིང་དུ་བསྲིང་བས་ཆོག།
       
ཇི་སྙེད་གནས་པའི་མི་ཚེ་རིང་མ་ཐུང་།།
ངེས་མེད་སྐྱེས་པའི་རྣམ་རྟོག་ཆེ་མ་ཆུང་།།
འཁོར་བའི་བདེ་སྡུག་མི་རྟག་ཆུ་རིས་ཏེ།།
བསམ་ན་རང་ཅག་ལས་འདི་སྐྱོ་བའི་གནས།།
     
ཡིན་ཡང་མ་བརྟག་བློ་ཡི་འཆར་སྒོ་ལས།།
ཕྱི་ཚུལ་བཅོས་མའི་རྫུན་བག་ཙམ་མིན་པར།།
ཡིད་སེམས་གཏིང་ནས་བསྐུལ་བའི་ཚིག་སྡེབ་འདི།།
གྲོགས་ཁྱེད་ཁམས་བདེ་འདྲི་སླད་རིང་ནས་ཕུལ།།

 2020 10  30ཉིན་གྲོགས་པོ་ཞིག་ལ་འཚམས་འདྲི་ཐུང་ངུ་ཞིག་གི་དོད་དུ་རྒྱང་རིང་ནས་བསྲིངས་སོ།།


        མི་རྟག་པ།

མཐོ་སར་བརྩེ་བའི་སྤྲིན་དཀར་ལྷོ་རུ་བཞུད།།
སྤྲིན་ཐོག་ཉི་མས་ཕྱིར་མིག་ཡང་ཡང་འཕེན།།
ཚེ་སྲོག་ཡོད་དགུ་མུན་པར་ལྕེབ་པ་ལ།།
མཇུག་མཐར་གདུང་བས་སྐྱེལ་མ་ཞུ་བ་འདྲ།།
ཁྱེད་ཀྱིས་ཤེས་སམ་དུས་ཚོད་འདི་དག་ལ།།
ཡང་ན་ཉི་ནུབ་འདི་ཡི་སྔ་ཕྱིའི་འཚམས།།
སྐྱེ་དངོས་ག་ཙམ་སྐྱེ་ཞིང་ག་ཙམ་འཆི།།
   
སེམས་ཅན་སྐྱེ་འཆིའི་འཕང་ལོ་འཁོར་བ་ན།།
འཆི་བ་གློ་བུར་ཡོང་བའི་ཆགས་སྒོ་སྟེ།།
བསམ་མེད་དྲན་མེད་ཁྱེད་ཀྱི་རྐང་འཐིལ་དུ།།
ཚེར་མས་ཕུག་དང་ཅིས་ཀྱང་མཚུངས་པ་ཡིན།།
       
ད་ལྟ་བག་ཕེབས་འཚོ་ཞིང་དགའ་ལྡན་གནས།།
རང་དབང་བདེ་བའི་གླིང་ཀ་གཏོང་བ་ཡི།།
ཡུ་བུ་ཅག་ནི་བསོད་ནམས་ཆེ་བ་ལ།།
མི་རྟག་དར་རྒུད་སྦྲེལ་བའི་མྱ་ངན་ཐང་།།
རེ་འགའ་འབྱུང་ཡང་སྲིད་ལ་མི་འབྱུང་བའི།།
མེ་ཏོག་ནང་གི་ཨུ་དམ་ཝ་ར་ལགས།།                    

    ཁྱེད་ཞལ་མཇལ་རྒྱུ་མ་བྱུང་།

ཁྱེད་རང་སྔོན་ཆད་རི་འདིའི་འདབས་ན་ཡོད།།
རི་འདབས་ནགས་ཚལ་མཛེས་པའི་གླིང་ཀ་ལ།།
འཚམས་རེར་ཁྱེད་རང་ལྗོངས་རྒྱུར་ཕེབས་པ་འདྲ།།
ཁྱེད་ཞལ་དངོས་སུ་མཇལ་བ་མ་བྱུང་ཡང་།།
གྱ་གྱུར་འཐེན་པའི་ལམ་ཕྲན་ཆུང་ངུ་དེར།།
ཁྱེད་ཀྱིས་རྐང་ཆུང་རྡེག་པའི་སྒྲ་ཙམ་ཞིག།
བདག་གི་ཐོས་འཛིན་བུ་གར་ཡང་ཡང་ལྷུང་།།

བདག་ནི་རི་རྩེར་བསམ་གཏན་སྒོམ་མཁན་ཏེ།།
ཅུང་མེད་ཨ་སྐྱོའི་ལས་འདི་ཁྱད་རེ་མཚར།།
ལྟོ་འགྲང་ཙམ་གྱིས་མི་ཚེ་ཆོད་ཙམ་ལས།།
རེ་འདུན་ལྷག་མ་གང་ཡང་འཆིང་མི་ཕོད།།
རྣམ་རྟོག་བྱེ་མའི་ཕུང་པོ་གང་དེ་ཉིད།།
དྲན་འཛིན་འཆིང་བུའི་ནང་ནས་བཟུང་བ་དང་།།
དེ་ཉིད་རྟག་ཏུ་སྲུང་ཞིང་སྐྱོབ་པ་ཡི།།
ང་ཡི་ལས་སྐལ་སུ་ཡིས་རྟོགས་མི་སྲིད།།

རི་ཟོམ་སྨུག་པས་དར་ཟབ་བཀླུབས་པ་དང་།།
གཅན་གཟན་འཇིགས་པའི་སྒྲ་ཡང་མང་ཐོས་པས།།
བདག་ཉིད་གནས་དེར་འོང་བ་མི་ཕོད་ལ།།
གལ་སྲིད་སྲོག་བསྡོས་བརྩམ་སྟེ་འོང་གྱུར་ཅིང་།།
ཁྱེད་ལ་ཉེ་བར་བཅར་བའི་སྤོབས་པ་ནི།།
བདག་གི་ལུས་སྟེང་བསྩལ་ཡང་མི་རྙེད་དོ།།

དེས་ཕྱིར་སྨོན་ལམ་སྤྲིན་དཀར་ཚོམ་བུ་ཞིག།
ཆར་འབྲུ་ཇི་བཞིན་ཁྱེད་ཕྱོགས་ནམ་མཁར་གཏོར།།
སྐབས་རེར་བདེ་བའི་དབུགས་དབྱུང་ཕྲ་མོ་རེ།།
འབྱུང་ཚེ་བདག་གི་རེ་འདོད་འགྲུབ་པ་ཡིན།།
                          
     ང་ཡི་རྟ་ཕོ།

ང་ཡི་རྣམ་རྟོག་རྟ་ཕོ་མཐུར་ཡན་གྱིས།།
འཆར་ཡན་རི་དྭགས་བྱེ་བ་ཐང་ནས་བདས།།
རྨིག་བཞི་གོར་མོ་ཐྲིག་ཐྲིག་བརྡུང་བ་ཡིས།།
མེ་ཏོག་བུང་བ་དཀྲོགས་ཤིང་ཟེའུ་འབྲུ་བསྒྲུགས།།
རྔོག་ཆུང་སྤྲིན་རིས་ལང་ལོང་འཁྲིགས་པ་ལས།།
མ་ངེས་གློག་གི་ཆོ་འཕྲུལ་སྣ་ཚོགས་བསྟན།།
སྣང་བ་མཚོ་མོ་ལྡེམ་པའི་ཆུ་གཉེར་ལ།།
གཡེང་བའི་མཛེས་སྡུག་ཉི་ནུབ་བྱ་ཁྱུའི་ཚོགས།།
ལྷང་ལྷང་འཚེར་སྐད་གཅིག་གིས་གཉིད་ལས་དཀྲོགས།།

ལན་རེར་འཁོར་བའི་ཐང་ཆེན་བརྒལ་བརྒལ་ནས།།
ངལ་བའི་དངུལ་ཆུ་གྲངས་མེད་ས་ལ་གཏོར།།
སྐབས་རེར་སྲིད་པའི་རི་སྒང་འགྲིམས་འགྲིམས་ནས།།
སྡུག་བསྔལ་རྔ་ཚུབ་ལན་མང་བྱེད་པ་ཡོད།།
འཚམས་རེར་ཉིན་སྲིབ་ལ་རྒྱབ་ཚུན་ཆོད་ལ།།
འདྲོགས་ནས་བདེ་སྐྱིད་སྣ་སྦྲིད་ཡང་ཡང་གཏོང་།།

བདག་གི་རྟ་འདི་ལོན་ནས་ཡུན་རིང་འགོར།།
རང་ཚོད་ཤིང་སྒ་བཏད་ནས་ཡུན་རིང་འགོར།།
འོས་འཚམས་ལྕགས་སྲབ་བཀོན་ནས་ཡུན་རིང་འགོར།།
ད་ནི་མི་རྒས་རྟ་ཡང་སྔོན་ཆད་བཞིན།།
རྣམ་རིག་དྭངས་པའི་ཚོད་ན་མེད་པ་འདྲ།།

    ས་སྲོས་དེར་སྙན་ངག་ཅིག་སྦྱར།

ཁྱེད་ཀྱི་ཁང་ཀླད་བྱ་ཁྱུ་མང་པོ་ཞིག།
གཤོག་རྡང་སྦྲེལ་ནས་འཕུར་བའི་ཐད་དེ་ཡི།།
རྒྱང་རིང་གནམ་མཐར་སྐར་མ་ཆུང་ཆུང་ཞིག།
དམར་བོང་བོང་གིས་ཤར་བ་མཐོང་ལགས་སམ།།
དེ་ལྟར་ང་རང་ནང་སེམས་གཉོམ་དུང་ངེར།།
ཧ་ཅང་འཁོས་ཀ་ཞན་པའི་ཚུལ་དུ་ཡོད།།
སྤྱིར་ན་མི་ནི་གྱང་ཁའི་རྩྭ་སྐྱ་བཞིན།།
གང་སར་རླུང་གིས་གཡོ་བ་ཆོས་ཉིད་རེད།།
ཚེ་ཡང་སྡོང་མགོར་འབྱར་བའི་བྱེའུ་བཞིན།།
འཁོར་བའི་ཉིན་སྲིབ་གཉིས་སུ་རྒས་ཤིང་འཁོགས།།
དེ་བཞིན་ཉི་མས་འཆི་བ་བཙལ་ནས་སོང་།།
དེ་བཞིན་གྲིབ་མས་སྐྱེ་བ་བཙལ་ཏེ་ཐོན།།
འོན་ཀྱང་ང་ནི་སྐར་ཕྲན་ཞིག་སྤྲུལ་ནས།།
རྒྱང་རིང་ཁྱེད་ཕྱོགས་འོད་མདའ་འཕེན་ཙམ་བྱས།།

      ལེགས་སྐྱེས།

དགུ་ཚིགས་གཙང་བོ་དེ་ཡི་ལོགས་ཤིག་ན།།
མ་མོག་འཚེར་བའི་ཚེས་རིས་ཆུང་ཆུང་ཞིག།
བཟོ་ལྟ་གུག་པོ་ཡིན་པས་སེམས་འབྲས་མཚོན།།
རྡུལ་བྲལ་དྭངས་གཙང་ཡིན་པས་འུ་གཉིས་མཚོན།།
སྤྲིན་པའི་སྐས་ཐེམ་བརྒྱུད་ནས་དལ་གྱིས་ལེན།།
རྟེན་འབྲེལ་སྨོན་ཚིག་ཅིག་གི་ཚབ་ཏུ་འཇོག།

རྩྭ་ལྗང་རལ་བ་འཛིངས་པའི་ཟུར་ཞིག་ན།།
འདབ་མ་ཕུང་ཕུང་གཡོ་བའི་མེ་ཏོག་ཅིག།
ཟེའུ་འབྲུ་ཁུར་དུ་ལྕི་བས་བརྩེ་བ་མཚོན།།
ཕྱེ་ལེབ་ཆ་གཅིག་ལྡིང་བས་འུ་གཉིས་མཚོན།།
དར་གྱིས་ལག་པ་ལྕིབས་ཏེ་ག་ལེར་འཐུ།།
རྣམ་དག་འཁྲེང་ཞེན་ཞིག་གི་ཚབ་ཏུ་འཇོག།

སྙན་ངག་བརྒྱ་རྩ་བརྒྱད་ཀྱི་ངོས་ཤིག་ན།།
རང་བྱུང་ཚིག་གིས་སྤུད་པའི་ངག་འཕྲུལ་ཞིག།
ཚོར་ཤེས་སྤྲིན་དཀར་ཞོགས་པས་འཁྲེང་ཞེན་མཚོན།།
སྡེབ་ལེགས་ཉི་ཟླ་གསལ་བས་འུ་གཉིས་མཚོན།།
ལྕུག་ཕྲན་སྨྱུ་གུའི་རྩེ་ཡིས་ཐང་མལ་བརྡལ།།
ཟོལ་མེད་ལྷག་བསམ་ཞིག་གི་ཚབ་ཏུ་འཇོག།

      རྒྱང་རིང་།

ཀྱེ་ཀྱེ་ན་ཚོད་ཕྲ་བའི་གཞོན་ནུ་ལགས།།
དུས་ཚིགས་འདི་ཡི་མིང་ལ་དགུན་ཁ་ཟེར།།
དགུན་ཁ་ནང་སེམས་འཁྱག་པའི་གོ་དོན་ཡིན།།
འཁྱག་རུམ་སྔོན་པོའི་སྟེང་གི་རྡོ་བ་དག།
ང་ཡི་སྙན་ཚིགས་ནང་གི་རྒྱང་རིང་བཞིན།།
སྙུང་དུ་སྡུག་ཀྱང་སྙིང་ལ་རྨ་ཁ་འཇོག།

ང་ཡིས་སྙན་ཚིག་ནང་ནས་རྟག་པར་དུ།།
རྒྱང་རིང་རྒྱང་རིང་ཞེས་ཏེ་ཡང་ཡང་བོས།།
རྒྱང་རིང་རྒྱང་རིང་ཞེས་པ་རྒྱང་རིང་གི།
གནམ་སའི་མཐའ་དང་གངས་རིའི་རྒྱབ་ལ་ཟེར།།
ད་བར་ང་ལ་དབང་བ་ཅི་ཡང་མེད།།
ཅི་ཡང་མེད་པའང་མིན་ཏེ་རྒྱང་རིང་གི།
འཇིགས་རྟེན་བློས་སླངས་བྱེད་པའི་སེམས་སྐྱེད་ཡོད།།

སེམས་ཉིད་སྐད་གཅིག་དེ་ཡི་བཞུར་རྒྱུན་དང་།།
བསྡོངས་པའི་སྒྲ་དང་དབྱངས་ཀྱི་ཟིལ་བ་དེ།།
ང་ཡི་ཡིད་ཀྱི་གདུང་བ་སེལ་རོགས་ཡིན།།
ང་ཡི་སྨོན་པའི་དར་ལྕོག་སྒྲོན་རོགས་ཡིན།།

     མེ་ལོང་།
 
བདག་གི་མེ་ལོང་ནང་དུ་འཇིག་རྟེན་འཆར།།
ཕྱེད་ཀ་འཆི་བ་ཕྱེད་ཀ་གསོན་པ་འཆར།།
འཆི་བ་རླུང་ནང་དུ་བ་སྔོན་པོ་བཞིན།།
མི་ཚེའི་དགའ་སྡུག་གཞན་དུ་བྲོས་ཚུལ་ཏེ།།
ཡང་ན་བྲག་ངོས་ཆུ་ཐིགས་བཞུར་ཚུལ་ཏེ།།
སྒྲ་དང་རོལ་མོའི་དབྱངས་རྟ་འཇགས་ཚུལ་ཏེ།།
ཆང་དང་སྙན་ངག་གཏན་དུ་མེད་ཚུལ་ཏེ།།
སྒེའུ་ཁང་ནས་ཉི་མ་ནུབ་ཚུལ་ལོ།།
 
གསོན་པ་སྙིང་སྡུག་ཡང་བསྐྱར་འཕྲད་པ་བཞིན།།
རྭ་སྐོར་ནང་ནས་མེ་ཞིང་རྨོས་པ་སྟེ།།
ཡང་ན་མཐོ་སར་ཁ་བ་བབས་པ་སྟེ།།
ཕོ་སར་རྟ་གོང་ལ་གཞས་ལེན་པ་སྟེ།།
ཨོང་བ་བསྒྲུགས་ཤིང་མེ་ཁ་གསོས་པ་སྟེ།།
ཚོར་བའི་སྒས་སྟེང་འཇའ་འོད་འཕྲོས་པ་སྟེ།།
བྱིས་པ་གཅེར་རྗེན་རྐང་རྒྱུགས་འཐེན་པ་སྟེ།།
ཉམས་ཟིལ་དང་བཅས་སྣང་བ་འདྲེལ་ཚུལ་ལོ།།


    རླུང་ནང་གི་དུས་ཚོད།

ད་ནི་མུན་རུབ་སྐར་མ་སྟོང་ཡང་ཤར།།
གྱ་གྱུར་འཐེན་པའི་ལམ་ཕྲན་ཆུང་ངུ་དེ།།
རེས་གསལ་རེས་མོག་ཚུལ་གྱིས་མཐོང་ཞིང་སྒྲིབ།།
ཉིན་ཞགས་གྲངས་མེད་འཁོར་བ་གྲངས་མེད་བརྒལ།།
ཞ་ཞོར་ལམ་གྱི་འགྲུལ་བ་རེ་གཉིས་ལ།།
གཏམ་གླེང་འུར་སྐྱེད་ཕོ་ཚོད་ཤེད་ཀྱང་ངོམ།།
སྐབས་རེར་གྲོགས་སྒྲིག་བདུད་རྩི་ཆང་བཞེས་ཤིང་།།
སྣ་ཚོགས་མི་ཡི་རྣམ་རྟོག་མེ་ཡང་བུས།།
          
ད་བར་ཅུང་ཟད་ངལ་ཞིང་དུབ་པ་འདྲ།།
མི་ཚེ་ལོ་ཟླའི་ནང་དུ་ཁངས་སྐྱ་འཚུབ།།
མ་ངེས་སྐྱོ་གདུང་མཚོན་པའི་དུས་ཚོད་དག།
རང་ཉིད་བ་སྤུའི་ཁུང་བུར་ཚང་བཅས་བྱུང་།།
རྩྭ་རྣམས་སྐྱེས་ནས་དར་མའི་ལང་ཚོ་རྙེད།།
བྱེའུ་རྣམས་འཕུར་ནས་སྐྱེད་ཚལ་གཞན་དུ་སོང་།།
འབུ་རྣམས་རང་སྤྱིལ་ཁུང་བུར་དྲོད་ཀྱང་བསུས།།

ད་ཚོད་ང་རང་གཅིག་པུས་ནགས་ཚལ་དུ།།
སྐྱེ་འཆིའི་མདའ་མོ་བཟུང་ནས་རི་དྭགས་རྔོན།།
དེ་བཞིན་སྙན་ངག་མཛའ་མོར་བརྩེ་འཕྲིན་གྱི།།
ཤོག་བྱ་གཏོང་བའི་དུས་ཚོད་མིན་སྲིད་པས།།
མཚན་རྒྱབ་རྟ་བཞོན་ལམ་རྒྱག་ཚགས་ཚུད་ནས།།
གནས་འདི་བསྐྱུར་ནས་ངེས་མེད་ཕྱོགས་གཞན་འགྲོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།