རྟ་ཁྱུ་འདྲོག་པ།(ཞར་བཀོད་གཅིག)

3682


རྩོམ་པ་པོ། བཙན་ཞགས།




རྟ་ཁྱུ་འདྲོག་པ།  


 
                       
                                      
མེ་ལོང་ནང་དུ་གཙང་བོ་རིགས་གཉིས་འཕྱོ།།
མི་རྟག་སྒྱུ་མའི་ཁ་ཡི་མེ་ཏོག་དང་།།
ཞེན་པའི་མཚོ་ལ་བབས་པའི་རི་མོ་གཉིས།།
གང་ལ་དྲིས་ཀྱང་རྫུན་རིས་ཤིག་ཤིག་གཡོ།།
འཆར་སྣང་རྗེན་པའི་གདོང་ལ་རེག་པ་ན།།
འཇིག་རྟེན་བྱེ་མའི་ཆང་བུ་འདར་ཤིག་ཤིག།

དྲན་པའི་ནམ་མཁའ་སྔོ་ཤིང་དྭངས་བ་ལ།།
སྒྱུ་འཕྲུལ་བྱེ་བ་དགུ་བརྒྱའི་ཕོ་བྲང་དང་།།
ཐ་སྙད་བུམ་པའི་ཁ་རྒྱན་བསླས་མ་གཉིས།།
སྣང་ཚོད་སྒེག་མོའི་ཞལ་ལ་གཅར་བ་ན།།
མཛེས་སྡུག་འཇའ་ཚོན་རི་མོ་ཡ་ལ་ལ།།
མི་ཡུལ་རྟོག་བཏགས་སྣང་བ་འཕུར་ལ་ཁད།།

སྟོང་འདང་རི་མོའི་འཁྱུག་ལུགས་སྔོག་པ་ན།།
ཐ་སྙད་ཚིག་གིས་དྲུབས་པའི་དུང་བ་དང་།།
དོན་དམ་ལག་པས་ཤོར་བའི་གདུང་བ་གཉིས།།
འཁྲུལ་སྣང་སྒྱུ་མའི་གྲོང་ལས་ཕྱིར་འཁོར་ན།།
སོ་སོའི་རྨི་ལམ་མཐའ་ཡི་སྐད་ཅིག་མ།།
མི་ཚེའི་གཙང་བོའི་གཉེར་རིས་ཁྲ་སྒོར་སྒོར།།

སྣང་བ་ཤེད་ཀྱིས་བཙུར་བའི་བར་གླགས་དེར།།
སྙན་ཚིག་གོས་བཟང་གྱོན་པའི་ནང་སེམས་དང་།།
ཕྱི་རོལ་དཔེ་རིས་མནབས་པའི་ཡིད་བརྙན་གཉིས།།
འཆར་ཡན་སྒྱུ་མའི་ཀློང་དུ་འཁྱུག་གྱུར་ན།།
བདེ་སྡུག་ཚོར་བའི་སྤུ་རིས་ཟིན་ཚོད་བར།།
མི་སེམས་ཞེན་ཆགས་གཏིང་ན་སྐྱོ་ལྷང་ལྷང་།།

ལོ་ཟླའི་སྐ་རགས་དཀྲིས་ཐེངས་བཅུ་གཉིས་ན།།
རེ་འབྲས་མཚོ་ལ་ནུབ་པའི་སྐྱོ་གཞས་དང་།།
ཡིད་འགྱུའི་རྦ་རླབས་འཕྱོ་བའི་དགོད་སྒྲ་གཉིས།།
རེ་དོགས་འཁྲུལ་བའི་ཟོས་པའི་རྨི་ལམ་ན།།
རྨོངས་པའི་རྒྱལ་ཁམས་མཚོ་རུ་མ་ནུབ་བར།།
འཁོར་བ་འཁྲུལ་སྣང་གཞུང་ན་སྨྲེང་དུང་དུང་།།

སྐྱ་མོ་ལམ་ནས་གཏམ་རྒྱུད་ཆ་གཉིས་བསླས།།
མཚན་གཞས་རྒྱང་ལ་ཁྱེར་བའི་སྐར་མ་དང་།།
དྲན་པའི་ལུག་ཁྱུ་སྐོར་བའི་གཞས་ཆུང་གཉིས།།
མི་ཡུལ་ལག་མཐུལ་འདྲ་ནས་འཕྲད་སྲིད་ན།།
ཞེ་ལ་རྨོས་པའི་གཏམ་རྒྱུད་ཁུགས་པ་བརྒྱ།།
འདི་ཕྱི་དོག་མོའི་འགག་ན་གཉོམ་ཆུང་ཆུང་།།
       2020/10/20


     སྨུག་ལང་ལོང་། 
                                                           
སྨུག་པ་རླན་དང་བཅས་ཏེ།།
རི་ལུང་ཁོད་ལ་བབས་པས།།
འཇིག་རྟེན་འཁོར་བའི་རྨི་ལམ།།
རབ་རིབ་ནང་ནས་རྨིས་སོང་།།

སྡོང་ལོ་ཆུ་རིས་ཤིག་ཤིག།
གཙང་བོའི་འགྲམ་ནས་རྒས་ན།།
དྲན་པས་ཕྱིར་ལ་བསྙབས་ཏེ།།
མི་ཚེའི་གསང་བ་འཐོར་བྱུང་།།

རི་མགོར་ཁ་བ་སིམ་སིམ།།
གྲང་བ་མིག་ཁར་འཐོར་ན།།
འདས་སོང་དྲན་པའི་ལྟེབ་ལས།།
སྙིང་སྡུག་གཡུ་ཆུང་དྲན་བྱུང་།།

སྟོན་ཟླའི་གཅོང་སྐད་ལྷང་ལྷང་།།
ཕྱི་རོལ་བརྩེ་བ་ལྷོད་ན།།
ནང་སེམས་དམར་ཆུང་རིལ་བུ།།
སྨྲེང་བའི་མཚོ་ལས་བོར་བྱུང་།།

གཙང་བོ་དལ་བྲེལ་མེད་པར།།
རྒྱང་རིང་འཐེན་ནས་བཞུད་ན།།
ནང་སེམས་ཕྱི་ལ་ཤར་བའི།།
ཡིད་བརྙན་མེ་ལོང་ཕྱིས་ཡོད།།

ཉི་འོད་བཀྲག་མདངས་ཤོར་བའི།།
གྲིབ་མ་འཁྲིས་ནས་བོར་ན།།
འཆི་བ་སེམས་ཀྱི་ཁ་སྒོག།
དཔེ་མཚོན་ནང་ནས་རིག་བྱུང་།།

ནགས་མའི་ཚང་ཆེན་ཡོམ་ཡོམ།།
འདབ་མ་རླུང་ལ་སྦྱིན་ན།།
འདུ་འབྲལ་སྒྱུ་མའི་མེ་ཏོག།
གོམས་པའི་གཤིས་ལ་བཞད་བྱུང་།།

ཞིང་ཁའི་སྙེ་མ་ལྡེམ་ལྡེམ།།
མགོ་འཕང་སྟོང་བར་འགྲེང་ན།།
མི་ཚེའི་དར་སྐུད་ཕྲ་མོ།།
འགྱུར་བ་དེ་དང་འདྲ་བྱུང་།།

གཙང་བོ་ཁུག་པ་སྟོང་ལྡན།།
རླངས་པ་ཐོལ་ལེར་འཁྱིལ་ན།།
ལོ་ཟླའི་གསེང་གི་དགའ་སྐྱོ།།
སྙན་ཚིག་ནང་ལ་ལྕེབས་ཡོང་།།

འཁོར་བའི་རི་ཐང་གྱ་གྱུར།།
སྨུག་པའི་ཁ་ལེབ་བརྒྱབས་ན།།
སེམས་ཉིད་ཞི་བའི་ཕ་རོལ།།
སྙེག་འདོད་ཡིད་ཙམ་འཕར་ཡོང་།།
        2020/10/23

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།