སྒྱུ་མའི་མཚོ་ལ་ལྕེབས་པའི་བྱ་ཁྱུ།(ཞར་བཀོད་གཅིག)

4185


__སྡེ་དགེའི་རྣོ་ངར།



འཚོ་བ་སྨུག་པས་བསྒྲིབས་པའི་ཟོམ་ཆུང་ནང་དུ།།
འདུ་ཤེས་ཆུ་བོ་གཅུས་པའི་ཤུགས་རིང་འཐེན་ཡང་།།
སྟོང་གསལ་ཟླ་བའི་ཁྱིམ་ནས་ཕེབས་མཛད་སྙམ་པའི།།
བུང་བའི་མིག་གི་མཐའ་ནས་ཅི་ཞིག་འཐོར་རོ།།

དུས་བཞིའི་ཕྲག་པར་འགེལ་བའི་ཙག་དང་བསེར་བུས།།
ཚེ་ཡི་ཕུ་ཐུང་ནང་ནས་བརྡབ་བསིགས་རྒྱག་སྟེ།།
མཚོན་རྩེས་དཔྲལ་བར་བསྣུན་པའི་བཟི་བོ་དག་གིས།།
སོམ་ཉིའི་བྱ་ཁྱུ་འཛིན་བཞིན་ལྐོག་ལྟ་བགྱིའོ།།

ངང་པ་ཁྱོ་ཤུག་རེ་ཡི་བརྩེ་བའི་མིག་ཆུ།།
སྐྱིད་སྡུག་མཚོ་ཆུང་ནང་དུ་ལྟེམ་མེར་འཕྱོ་ཞིང་།།
འདོད་འདུན་རྔ་རྔོག་གསེད་པའི་ལམ་གྱི་སྦར་མོས།།
སྒྱུ་མའི་སྐྲ་ལ་འཇུས་ཏེ་ལན་བུར་བསླས་པ།།

རླུང་གི་མཁར་གྱང་བརྩིགས་པའི་ཤེར་སྒོའི་ངོས་ན།།
སྨུག་པ་འཐེང་བོ་ཞིག་གིས་ཁ་རླངས་བཏབ་པས།།
རྡུལ་དང་གྲུབ་མ་འབྱོ་བའི་ཁ་ཚུབ་ནང་དུ།།
འཆི་བའི་ས་ཁྲ་འཚོས་སྟེ་ཡུད་ཙམ་ལུས་སོང་།།

གཞུང་ལམ་ཁ་བས་བཙེམ་པའི་གླིང་ཕྲན་འདི་རུ།།
བྱེ་མའི་བང་སོ་འཛུགས་བཞིན་རྔུལ་ནག་ཁྲོམ་མེར།།
ཚོར་རྟོག་རླུང་བུའི་རྗེས་ཀྱི་ཤ་དང་རུས་པས།།
ཞེད་སྣང་ལྕགས་ཀྱུའི་ཟོམ་ལ་སྐེ་སོ་འཕངས་འདུག།


                       2020   4   16


    ང་ཡིས་བྲིས་པའི་རྒྱང་རིང་གི་རི་མོ།


སྤྲིན་དཀར་ཚོམ་བུ་ཞིག་མཁའ་ན་རྒྱུ་ཞིང་།།
ལྷུང་ལྷུང་དྲན་གདུང་གི་ཡལ་ག་བརྐྱངས་དུས།།
ཚེ་འབར་མེ་ཏོག་གི་རྡོག་སྒྲ་ཁྲིག་ཁྲིག།
སེམས་ཀྱི་ཉག་རྩེ་ནས་ཐོལ་གྱིས་སྤོས་བྱུང་།།

མི་ཚེའི་གཤེར་གཟུགས་ཀྱི་གདོང་ལ་བྲིས་པའི།།
ཞེན་ཆགས་ཆུ་རྫིང་གི་མཉེན་ལྕུག་བར་ནས།།
སྔས་མགོའི་འཛུམ་ཆུང་ལ་འཕལ་ཀ་བསྒྲིགས་ཡོད།།
འཆར་ཡན་བྱ་རྒོད་ཀྱིས་སུན་གཙེར་མ་གནང་།།

ལོ་ཟླའི་ཕོར་བ་རུ་ལྷོག་ལྷོག་གདུ་བའི།།
སྣང་རྟོག་མཚོ་ཆུང་གི་རྦ་ཀློང་འཁྲིགས་ཀྱང་།།
སྟོང་བའི་རླབས་ངོགས་ན་ལན་བུ་ཤད་བཞིན།
ཞེ་འཛུམ་གཤོབ་ཟུང་གིས་སྤྲུག་སྤྲུག་བྱས་ཡོད།།

གྱེས་བྲལ་ངུ་ཤུམ་གྱི་ལོ་འདབ་འོག་ཏུ།།
སྙིང་ཆུང་འཕུར་ལྡིང་གི་དྲི་བསུང་འཐུལ་བས།།
འདས་དོན་མེ་ལོང་གི་ཉིན་སྲུབ་གཉིས་ན།།
མཐིང་མདོག་དོན་སྤྱི་ཡི་ཡོལ་བ་ཕྱེས་འདུག།

ལོ་མའི་རྟོག་དཔྱོད་ཀྱི་འཚོ་བའི་མགུལ་ན།།
འཁྲུལ་སྣང་སྐྱི་སེར་གྱི་ཀ་རགས་དཀྲིས་ཀྱང་།།
མཚན་མོ་ཁྲག་ཁྲིག་གི་མིག་ཆུའི་ནང་ནས།།
གཡུང་དྲུང་རི་མོ་ཞིག་རྒྱང་ལ་བྲིས་ཡོད།།


                  2020。4。14   

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།