《འཕྱོངས་རྒྱས་ཟླ་བ་སྒྲོལ་མ》ཞེས་པའི་བཅད་རྩོམ་ཞིག

426



འཕྱོངས་རྒྱས་ཟླ་བ་སྒྲོལ་མ།

རྩོམ་པ་པོ། གོ་ཁྲབ་ཉི་མ། (འཇོ་མདའ།)

ཟླ་བའི་བཞིན་ལ་དངུལ་གྱི་འཛུམ་རིས་འཁྱིལ། །
བརྩེ་བའི་ཐུགས་ལ་འོད་ཀྱི་ཚན་ཁ་འབར།།
མགྲིན་པའི་ངག་ལ་དབྱངས་ཀྱི་བྱིན་རླབས་ཆགས། །
འཕྱོངས་རྒྱས་བུ་མོས་དབྱངས་ཅན་དགའ་མར་འགྲན། །

དཀར་དམར་ཚོན་གྱིས་ངོ་གདོང་མ་བསྒྱུར་ཅིང་། །
རིན་ཆེན་ནོར་གྱིས་སྐུ་ལུས་མ་བརྒྱན་ཀྱང་། །
དེང་རབས་བུད་མེད་སྟོང་གིས་མི་ཟླ་བའི། །
ཟླ་བ་སྒྲོལ་མ་བོད་ཀྱི་མཛངས་མ་ཡིན། །

གདུལ་བྱའི་སླད་དུ་སྤྲུལ་པ་ངོས་འཛིན་མེད། །
སྣ་ཚོགས་ཐབས་ཀྱིས་བསླུ་བའི་ཆོ་འཕྲུལ་མེད། །
མི་སེམས་ཁ་ལོ་བསྒྱུར་པའི་དབང་ཆ་མེད། །
ཟླ་བ་སྒྲོལ་མ་ཕལ་བའི་མི་ཞིག་ཡིན། །

དབང་ཆེན་དཔོན་གྱིས་གཅེས་པའི་སྲས་མོ་མིན། །
རིག་པའི་གནས་ལ་བྱང་བའི་མཁས་པ་མིན། །
སྒོར་མོའི་ཆེད་དུ་རྩེད་པའི་སྨན་འཚོང་མིན། །
ཟླ་བ་སྒྲོལ་མ་ལྷ་སའི་ཆང་མ་ཡིན། །

ཆང་ཕོར་ནང་དུ་ལྷ་ཡི་བདུད་རྩི་ཕབ། །
ཆུང་འདྲིས་མིག་ལ་དཔྱིད་ཀྱི་ཕུན་ཚོགས་བྲིས། །
གསར་སྐྱེས་གཞོན་པ་ས་ཡི་རྡུལ་བཞིན་འཐིབས། །
ཟླ་བ་སྒྲོལ་མ་ལྷ་སའི་མཛེས་མ་ཡིན། །

སྨྲ་བརྗོད་མེད་པའི་ལྕགས་ཀྱི་འདྲ་སྐུ་མིན། །
ཤེས་མེད་སྒང་གི་བེམ་པོའི་མེ་ཏོག་མིན། །
ཐོགས་རེག་བྲལ་བའི་དབྱིངས་ཀྱི་འཇའ་ཚོན་མིན། །
ཟླ་བ་སྒྲོལ་མ་འཕྱོངས་རྒྱས་བུ་མོ་ཡིན། །

དམར་པོ་རི་ལ་བོད་ཀྱི་སྐུ་དྲག་བཞུགས། །
གཟུགས་མེད་སེམས་པ་ཟླ་བ་སྒྲོལ་མས་བརྐུས། །
ཉིན་མཚན་བར་མེད་དྲན་པའི་སྒོ་མོ་རྡུང་། །
འཚོ་བའི་རི་ལ་སྐྱོ་བའི་ན་བུན་བཏབ། །

བཅོ་ལྔའི་ཟླ་བ་དལ་གྱིས་བགྲོད་པའི་ཚེ། །
མ་སྐྱེས་ཨ་མའི་ཞལ་རས་དྲན་བྱུང་གསུངས། །
མཛེས་པའི་ཟླ་སྒྲོན་ལན་གཅིག་མཇལ་ན་བསམ། །
ཟླ་བའི་ལྷན་དུ་སྐུ་དྲག་སྲང་ལམ་ཉུལ། །

ཟླ་བར་བལྟས་ཀྱིན་ཟླ་སྒྲོན་ཡང་ཡང་དྲན། །
ཟླ་བ་སྒྲོལ་མའི་ཆང་གི་མངར་ཁ་དྲན། །
ཟླ་བ་སྒྲོལ་མ་གཅིག་པུ་ཐོབ་ན་བསམ། །
བརྩེ་བའི་སྤྱན་རས་འཕྱོངས་རྒྱས་ཕྱོགས་སུ་གཡོས། །

ཟླ་བ་སྒྲོལ་མའི་མཆུ་སྒྲོའི་དམར་ཁ་ཡིས། །
རྒྱལ་བའི་མི་ཚེ་ཆང་ཁང་ནང་དུ་བཅུག །
འབངས་མིའི་སེམས་ཀྱི་དཀའ་སྡུག་ཆུ་ལ་བསྐྱུར། །
ཟླ་བ་སྒྲོལ་མ་བསུབ་མེད་ཞེ་ལ་ཐོགས། །

ཕོ་གཞོན་སྟོང་གི་སེམས་པའི་མཁར་རྫོང་དུ། །
ཟླ་བ་སྒྲོལ་མ་སྐྱིད་སྡུག་ཀུན་ཏུ་གནས། །
ཚངས་དབྱངས་རྒྱ་མཚོའི་སྐུ་ཚེའི་རྣམ་ཐར་ལ། །
ཟླ་བ་སྒྲོལ་མ་མེད་ན་རུང་བ་མིན། །

སྒེའུ་ཁུང་གསེང་ནས་དྲན་པའི་མགུར་གླུ་ཤོར། །
བར་སྐོར་ལམ་ནས་གསང་བ་རླུང་གིས་ཁྱེར། །
གཡུ་ཐོག་ཟམ་ནས་སྒུག་པ་གཞན་གྱིས་མཐོང་། །
ཚངས་དབྱངས་རྒྱ་མཚོ་མཐོན་པོའི་ཁྲི་ནས་ཕབ། །

ཨ་ཅག་ཟླ་སྒྲོན་བོད་ཀྱི་སྲས་མོ་ཡིན། །
ཚངས་དབྱངས་རྒྱ་མཚོའི་ངག་གི་རམ་འདེགས་ཡིན། །
ཚངས་མགུར་དེབ་ཀྱི་བརྗོད་བྱའི་ཡང་སྙིང་ཡིན། །
ཚངས་དབྱངས་རྒྱ་མཚོའི་སྙིང་སྡུག་མཛའ་མོ་ཡིན། །

མཛེས་མ་ཟླ་སྒྲོན་འཕྱོངས་རྒྱས་ཡུལ་དུ་འཁྲུངས། །
ཕོ་གཞོན་སེམས་པ་སྟོང་གི་གཅེས་ཕྲུག་ཡིན། །
སྙན་ངག་མཁན་པོའི་ཚིག་གི་བརྗོད་བྱ་ཡིན། །
ཟླ་བ་སྒྲོལ་མའི་རང་རྣམ་འདི་བཞིན་ཡིན། །


               ༢༠༢༠/༩/༤ཉིན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།