ཚེ་འཛིན་མཁའ་འགྲོར་གསོལ་བའི་མགུར་མ།(ཞར་བཀོད་ལྔ།)

1389

རྩོམ་པ་པོ། བོན་རྒྱ་ཆང་གཞོན་ནུ།  [མཚོ་ལྷོ]


ཚེ་འཛིན་མཁའ་འགྲོར་གསོལ་བའི་མགུར་མ།


རྨི་ལམ་རེ་རེར་གསང་བའི་ལྷ་མོ་བྱོན། །
སྙིམ་པའི་མཐིལ་དུ་མཚན་གྱི་ཟླ་བ་ལྷུང་། །
སྐར་མདའ་རེ་རེས་མཐིང་མདོག་ནམ་མཁའ་གཤགས། །
རྒྱང་རིང་གནས་སུ་སྐད་ཅིག་འོད་དུ་ཡལ། ། 
མུན་པ་ཁོ་ནས་མཚན་ལ་རམ་འདེགས་བྱེད། །
རོལ་དབྱངས་འབའ་ཞིག་ཉིད་ཀྱི་སྐྱོ་གྲོགས་ཏེ། །
ཁེར་རྐྱང་མཚོན་པའི་སྙན་ངག་མང་དུ་བྲིས། །

སེམས་ཀྱི་སྒོ་མོ་ཕྱེས་ཤིག་འཁོར་བའི་མི། ། 
དམིགས་པ་གཅིག་ཏུ་གཏོད་ཅིག་སྲོག་གི་ཟླ། ། 
ས་ཚིགས་རེ་རེར་སྐུ་ངལ་ཨེན་ཙམ་གསོས། ། 
གནས་མལ་དེ་རུ་ལས་ཀྱི་གྲོགས་ལ་འཕྲད། ། 
ཚོང་འདུས་མགྲོན་པོ་ཡིན་པ་ཤེས་པར་གྱིས། ། 
ངག་འཆལ་རྩུབ་མོའི་ཚིག་ལ་གཟབ་པར་བྱོས། ། 
རྣམ་དག་སྙིང་གི་གཏམ་ཡང་སྐྱེས་སུ་ཕུལ། ། 
མཇལ་འཛོམས་སྐལ་བ་ཕྲ་བ་ཚོར་བར་གྱིས། ། 

འཁོར་བའི་རྒྱ་མཚོ་བརྒལ་བའི་གཟིངས་ཆེན་དུ། །
ངེས་པར་ཁེར་རྐྱང་གདུང་བ་བཟོད་པར་ཁག། 
ཚེ་སྔོན་སྨོན་ལམ་མཐུན་པའི་བགོ་སྐལ་དུ། ། 
སྙིང་སྡུག་མཚོ་བྱུང་ཟླ་བ་རྙེད་པར་ངེས། ། 
ལས་སྐལ་དགོས་འདོད་ཡིད་བཞིན་ནོར་བུ་ནི། ། 
ཚེ་རབས་སྐྱེ་བ་དུ་མའི་ལས་འབྲས་ཀྱི། ། 
བདེན་པ་སྲོག་ཏུ་གཅེས་ཏེ་བསྐྱེད་པས་ན། ། 
རྣམ་པར་དག་པའི་སྨོན་ལམ་ཁྱོད་སླད་འདེབས། ། 
ཁ་དྲོའི་གཏམ་དང་གློ་བ་ཁྱེད་ཕྱོགས་གཏད། ། 
འགྱུར་མེད་དམ་ཚིག་སྟོང་གི་རྒྱ་ཡང་འདེབས། ། 
སྒོ་གསུམ་བརྩེ་བའི་སྙིང་ཡང་ཁྱོད་ཕྱོགས་འབུལ། ། 
འདི་ཡིས་ཆོག་གམ་ཚེ་ཡི་མགྲོན་པོ་ལགས། ། 
འདི་ཡིས་ཡོང་ངམ་སྙིང་གི་ཟླ་བོ་ལགས། ། 

  འཕྲང་དུ་ལུས་པའི་སེམས་པ། 

བདག་གི་སེམས་ནི་རི་དྭགས་རྨས་མ་བཞིན། །
ཞེན་ཆགས་ལྕགས་ཀྱི་རྒྱ་ལས་ཐར་བར་དཀའ། །
སྒེའུ་ཁུང་བརྒྱུད་ནས་ཟླ་འོད་སྔས་སུ་འཕྲོས། །
གྱེས་ཁའི་ཁྱོད་ཞལ་སྙིང་དུ་ཝ་ལེར་དྲན། །
ད་དུང་འཕྲད་པའི་ལས་སྐལ་ཡོད་ན་བསམས། །
ལག་པ་སྙིང་ཁར་བཞག་ཚེ་སྔར་བས་སྨྲེང་། །
བདག་གི་དགུན་ལ་དབྱར་ཟླ་ལྟ་བུའི་ཁྱོད། །
ཕྱིར་ལྡོག་མེད་པར་ཀྱེ་མ་གང་དུ་ཆས། །
ང་ཡི་འཁོར་བའི་འདམ་གྱི་པད་མོ་ཁྱོད། །
དུས་ཀྱི་སོར་རྩེས་བྲེགས་ནས་གང་དུ་འཐོར། །
མཚན་ལ་རོལ་དབྱངས་ནད་པས་སྐྱོ་གྲོགས་མཛད། །
དོ་ནུབ་ལྷགས་རླུང་ལྡང་བར་ཟམ་མ་ཆད། །
ཀྱེ་མ་བདག་གི་གནས་མལ་ཅི་འདྲའི་འཁྱག ། 

    ཆར་སྡོད་བྱེའུ་ཞིག་ལ་བྲིས་པ། 

ད་ལོའི་དཔྱིད་ཟླ་ར་བར་ཆར་ཞོད་ཆེ། །
ཁྱོད་ཀྱི་ཕྱི་ནང་ངེས་པར་བརླན་པར་ངེས། །
རྩྭ་ལྗང་ཟིལ་བ་ཁྲོམ་མེར་འདུག་པ་འདི། །
ང་ཡི་དྲན་པའི་ཀློང་གི་ཆུང་འདྲིས་ཤིག། 
དབུ་ལྕང་ལན་ཚར་འཕྱོ་བཞིན་གོམ་ཆུང་གི། ། 
རྡོག་པས་གཏོར་བཞིན་གཏོར་བཞིན་ཡོང་སྙམ་བྱུང་། ། 
སྒྲོ་གཤོག་ཆུ་ཡིས་བཟུང་བའི་ངང་ཚུལ་ལས། ། 
འོ་སྐོལ་ལས་སྐལ་ཅུང་ཟད་མཐུན་ཙ་ན། །
རྒྱང་བཞུད་འདུན་པར་རྨ་ཁ་ཕོག་པ་ཚོར། ། 
མིག་ཟུང་གཉོམ་པོས་ཕྱི་མིག་ལན་གཅིག་ལྟ། ། 
བྱང་ཁོག་སྨྲེང་བའི་ན་བུན་གཡོ་ཙམ་བྱེད། ། 
ཞེན་ཆགས་གང་ཞིག་བློས་གཏོང་ཁག་པ་འདྲ། ། 
བྱེས་གྱར་ཁྱོད་རང་ཆར་གཡོལ་སྐྱིབས་ཤིག་ཏུ། ། 
མ་གནས་ལས་དམན་མངོན་ཆུང་འུ་ཚོ་ལ། ། 
སེམས་པར་བརྩེ་བའི་རྨ་དང་རྨི་ལམ་ལ། ། 
ཆག་གྲུམ་ཤོར་བར་སེམས་གསོའི་བློ་དཀར་ཚིག། 
ཙམ་ཡང་མེད་པར་ཁེར་ཆད་ཡིན་སྣང་ཤར། ། 
གཞན་དག་གཤོག་རྡང་སྦྲེལ་བའི་ཁྲུངཁྲུང་ཁྱུ། ། 
ལྷོ་བཞུད་མཐོང་བས་སྨྲེང་བ་སྐྱེས་པར་སྐད། །
ཁྲུང་ཁྱུ་མིན་ཡང་ཆར་སྡོད་བྱེའུ་ཁྱོད། ། 
ང་ཡི་ཡ་ཆུང་གཡོ་བར་བྱེད་པའི་གཞི། ། 

    སྙིང་སྡུག་འཁོར་བའི་པདྨོ། 

དེའི་ཚེ་ང་ཡི་དྲན་པའི་ཡུར་དུ་ཁྱོད་ནི་དྭངས་གཙང་ཆུ་ལྟར་བཞུར། །
མི་སྡུག་སེམས་པའི་གཅོང་གི་དྲི་ཡང་སྐད་ཅིག་དེ་ལ་དག་པར་བྱས། །
ཚེ་ཡི་ཉི་མ་ནུབ་ལ་ཉེ་ཡང་བདག་ནི་འཇིགས་པའི་བློ་དང་བྲལ། །
གློ་རྡེག་ཁྱོད་ནི་མཁའ་ཟླ་བཞིན་དུ་སྒྲ་གཅན་གཟའ་ཡིས་བཟུང་གྱུར་ན། །
ངེས་མེད་འཕྱུར་བའི་དབྱར་གྱི་ཆུ་འཛིན་ལྷོ་བཞུད་ཤར་སྐྱོད་བྱེད་པ་བཞིན། །
གཏན་དུ་མཐོང་བའི་སྐལ་བ་དབེན་པའི་གཞན་ཡུལ་ཆས་པའི་དུས་ཚིགས་དེར། ། 
བདག་ནི་ཡིད་འོང་འདབ་མ་ལས་ལྷུང་གདུང་བ་ཁུར་བའི་ཟིལ་ཆབ་ཡིན། །
བདག་ནི་པང་གི་བུས་པ་སྟོར་བའི་མ་ཡུམ་དེ་བཞིན་མྱ་ངན་ལྕི། ། 

    ནུབ་ཁའི་སེམས་ཁྲལ་ལྷག་མ། 

ནུབ་རླུང་ལྡང་བས་རྩྭ་ཕྲན་ཤུགས་གླུ་གྱེར། ། 
གློ་རྡེག་སེམས་སུ་ཁེར་རྐྱང་གདུང་བ་ལྷུང་། ། 
དེའི་ཚེ་བཙན་གཡེམ་ཐེབས་པའི་བུ་མོ་བཞིན། ། 
གནམ་རྒན་མ་ནི་མིག་ཆུ་ཁྲོམ་ཁྲོམ་བཞུར། ། 
ཁོ་བོས་ཁྱོད་ཕྱོགས་དྲན་ཚེ་དབང་མེད་དུ། ། 
ཆར་ཁྲོད་ལུས་སམ་སྐུ་གཟུགས་བདེ་འམ་ཞེས། །
དྲི་འདོད་སྐྱེས་ཀྱང་སོམ་ཉིའི་རྒྱ་རུ་ཚུད། །
ཀྱེ་མ་བདག་ལ་སེམས་ཁྲལ་ལྷག་མས་ཅི། ། 

    དྲན་གདུང་། 

སྨྲེང་བ་སྒྱེ་གང་ཁུར་ནས་གང་ལ་འགྲོ། ། 
ཁྱོད་ཞལ་མ་མཇལ་བགྲང་བྱ་མང་ཙམ་ཕྱིན། ། 
ལོ་ཟླ་འདས་ཀྱང་ཕྱིར་དྲན་སྔར་ལས་གསལ། ། 
ཨ་ཙི་སྙིང་སྡུག་བསླུ་བྲིད་ད་དུང་ཆེ། ། 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།