
ཁོ་དང་ཁོ་དང་ཁོས།
ཡིད་ཆེས་རྩ་སྔོན་ཁ་ལ་ཁྱི་སྐྱག་གཏོང་། ། སེམས་དཀར་འོ་མའི་ནང་དུ་ཁ་ལུད་འཕེན། ། སྙིང་གཏམ་ཆུ་དྭངས་ནང་དུ་ཁྲག་ཐིགས་བགོ ། ཕར་ལ་རིན་ཆེན་གསེར་གྱི་མདངས་བཞག་ཀྱང་། ། ཚུར་ལ་ས་རྡོའི་རྩིས་ཀྱང་མེད་པ་ཡི། ། དུས་ངན་མི་ཡི་ཁོག་པ་མུན་ནག་ཡིན། ། དེ་རུ་སོལ་བ་འབབ་ཅིང་འདམ་བག་འཕྱུར། ། དེ་རུ་འདྲེ་སྲིན་འདུ་ཞིང་རོ་ལངས་རྒྱུག ། དེ་རུ་ཚ་དམྱལ་ངུ་ཞིང་གྲང་དམྱལ་སྨྱོ། ། དེ་ཕྱིར་ཕྱི་གཙང་ནང་གཙང་བྱང་ཁོག་སྟོད། ། སུ་ལའང་མ་སྟོན་གཅེས་སུ་ཉོར་ཅིག་ཨང་། ། རང་ངོར་གཡག་རྒན་རྒྱུག་པ་མི་མཐོང་བར། ། གཞན་ངོའི་ཤིག་གི་གྲངས་ཀ་བརྩི་བ་ལ། ། ཁ་བདེ་ལག་བདེ་ཁོག་བདེ་སུམ་འཛོམས་ངང་། ། ཉིན་མཚན་དབྱེར་མེད་འཁྲབ་པ་འདི་ཀོ་ཡིས། ། གཡར་པོའི་ཤ་ཁྲག་སྒྱུ་ལུས་ཐང་རེ་ཆད། ། གསར་རིག་སེམས་ཀྱི་བུ་ཆུང་ཉོན་རེ་མོངས། ། དེ་ཕྱིར་རང་ལ་ལྟ་བའི་མིག་ལོངས་ཀྱང་། ། གཞན་སྐྱོན་འཚོལ་བའི་རྒྱང་ཤེལ་འཆང་མཁན་ཚོར། ། ལུས་སེམས་འབྲེལ་ཐག་ཧྲིག་གེར་ཆོད་ཅིག་ཨང་། ། ངོ་ལ་ངོ་ཡི་དོན་དུ་ཁ་ཡག་ཅིག ། ལྐོག་ལ་ལྐོག་གི་ཆེད་དུ་སེམས་ནག་ཅིག ། འཛུམ་མདངས་མེ་ཏོག་འདྲ་བའི་ཕར་ནང་ན། ། གཡོ་སྒྱུ་རལ་གྲི་འདྲ་བ་སྐུང་མཁན་གྱིས། ། ཁྱོད་རང་ལྷ་རུ་བྱས་ཏེ་ཡར་ལ་འཕེན། ། དེ་དུས་ནམ་ལངས་ཉི་མ་ཤར་བ་འོང་། ། ཁྱོད་རང་འདྲེ་རུ་བསྒྱུར་ཏེ་མར་ལ་སྒྲིལ། ། དེ་དུས་མུན་རུབ་རླུང་དམར་ལྡང་བ་འོང་། ། རེས་དཀར་རེས་ནག་འཁོར་བའི་ཀློང་དེ་ན། ། ཁྱོད་རང་འཚོ་བའི་གཞིས་ཀ་མི་སྣང་བས། ། ཁེར་ཆད་བསེ་རུ་ནང་བཞིན་སྡོད་ཅིག་ཨང་། ། མི་ནི་ཚོགས་དང་བཅས་ཏེ་འཚོ་བ་དང་། ། ཚོགས་ལ་ཕན་ཚུན་འབྲེལ་བ་དགོས་པ་སྟེ། ། འབྲེལ་བའི་ཐག་པ་རེ་རེའི་མདུད་མཚམས་ལ། ། མི་འགྱུར་དམ་ཚིག་རེ་རེའི་རྒྱ་བཏབ་པ། ། ཤི་བ་སྲོག་ལ་ཐུག་ཀྱང་སྲུང་ན་ནི། ། ང་ཁྱོད་སྐྱིད་ཀྱི་ལམ་དུ་སླེབས་ངེས་མོད། ། ཅི་སྟེ་དེ་འདྲའི་གཙང་དག་མིན་ན་ཡང་། ། ཕན་ཚུན་ཆེད་དུ་སྡུག་ལ་མི་སྒྲེ་བ། ། མ་མཐའི་ས་མཚམས་ཙམ་དུ་ཡོད་འོས་ཏེ། ། དེ་ཡང་མི་སྲིད་ཕྱིར་དང་དཀོན་པའི་ཕྱིར། ། སོ་སོ་རང་རང་རང་རང་སོ་སོ་རུ། ། འདུག་པ་མི་ཚེའི་བདམས་གར་མཁྱེན་པར་མཛོད། ། ༢༠༢༠. ༩. ༨ཉིན།