རྩོམ་པ་པོ། ནག་རླུང་ཐར།
མཚོ་སྔོན་པོ།
སྦྲུལ་བཞིན་འཁྱུག་པའི་གཞུང་ལམ་དང
བརྟན་བརླིང་ངང་འགྱིང་བའི་རི་བོ་དེ་ཚོ་རེ་ཞིག་བསྐྱུར་ནས
ལེ་བར་བརྒྱད་བརྒྱའི་རེ་སྨོན་གྱི་རྡོག་ཁྲེས་མཚོ་བོད་མཐོ་སྒང་དུ་ཁྱེར
ཤ་ལའི་འཕྲེང་ལམ་བརྒལ་རྗེས་སུ
སྔོ་མེར་མེར་དུ་མངོན་པ་ནི་ཁྲི་ཤོར་རྒྱལ་མོའི་ཞལ་ཐང་ཡིན་སྐད
ཡིད་ཆེས་ཐབས་བྲལ་ཏེ
མགྲོན་པོ་དག རང་རང་གི་མིག་ལའང་བློ་ཁེལ་ཐུབ་མ་བྱུང
རྟ་ནག་མ།
པཎ་ཆེན་ལབ་རྩེ་ནས་ཉི་ཤར་ལ་མཇལ་ཚེ
རྣམ་ཤེས་ཀྱི་ངལ་དུབ་ཆུ་ལ་བཀྲུས་ཆོག་ཟེར
འོན་ཀྱང རྟ་ནག་མ་ནས་འཕྲད་པའི་འབྲོག་མི་དེ་ཚོ
ཉི་ཤར་ལས་ཀྱང་ལྟ་ན་སྡུག་ཨང
ཚྭ་མཚོ་དཀར་མོ།
གངས་རི་ཉི་མས་བཞུས་ན
ཆུ་མདོག་དཀར་པོ་ཨེ་ཡིན
འོ་ན ཉི་མས་གངས་རི་བཞུ་སྲིད་དམ
ཁྱོད་ནི་གངས་ཆབ་ཏུ་འགྱུར་ངེས་སམ
ཉི་ཟླ་རི་བོ།
རྡོ་ལས་གྲུབ་པའི་ཝུན་ཤིང་མ
མེ་ལོང་ལག་པར་བཅངས་ཏེ་ཁྲང་ཨན་དུ་འཁོར་འདུག
ཉག་ག་དེ་ཙམ་མཐོ་རྒྱུ་མེད་རུང
སྒང་གཞོང་གཉིས སྐད་རིགས་གཉིས་སུ་བྱས
སྐུ་འབུམ་བྱམས་པ་གླིང་།
སྐུ་འབུམ་གསེར་སྡོང་མཇལ་བྱུང
བདེ་གཤེགས་མཆོད་རྟེན་ཡང་མཇལ་བྱུང
རྗེ་རིན་པོ་ཆེ
ཙནྡན་ལྗོན་ཤིང་གི་གྲིབ་བསིལ་འོག་ན
དཔེ་ཀློག་ལ་བྲེལ་གྱིན་པའང་མཇལ་བྱུང
2020/7/26མཚན་མོར་མཇུག་གྲུབ།
9
མེ་ལོང་། མདོ་དབུས་མཐོ་སྒང་། (སྙན་ཚོམ)
རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།
འབྲེལ་ཡོད་རྩོམ་ཡིག