གཅན་ཆེད་འབར་གྱི་གསར་བྲིས་སྙན་ངག་ཁག་བཞི།

16676




         
           སྤྱང་ཀི་དང་མེ་ཏོག


སྤྱང་ཀི་ཞིག ངའི་ཁ་གཏད་ནས
བྱ་འཕུར་བ་ལྟར་ང་ལ་ཞོགས་ནས་འོངས་པས
ངའི་བ་སྤུ་གྱེན་དུ་གཟེངས་ཤིང
སྒྱིད་པ་ལྷབ་ལྷུབ་ཀྱིས་འདར
ད་ནི་ཤ་ཁྲག་གདོས་བཅས་ཀྱི་ཚེ་ཡི་མཐའ་རུ་བསླེབས་སོང་སྙམ
འོན་ཀྱང སྤྱང་ཀིས་ང་ལ་མིག་ཟུར་གྱིས་ཀྱང་མི་ལྟ་བར
རྔམ་སྟབས་ཀྱིས་བརྒྱུགས་འོངས་ཏེ
ངའི་འགྲམ་གྱི་མེ་ཏོག་ལ་ཧད་དེ་བལྟས་པས
འཁྲབ་ཚན་འདིས་ང་རང་ཧད་དུ་བཅུག་སོང
 
དེ་ནས་བཟུངངས་གོམ་པ་རེ་རེ་སྤོས་པའི་སར
མེ་ཏོག་རེ་རེ་བཙུགས་ཤིང
མེ་ཏོག་རེ་རེ་བཙུགས་རྗེས
ང་ཚོ་སྐྱོབ་པའི་མཁར་རྫོང་དུ་བྱས
འོན་ཏེ། གྲུང་བོར་རློམ་པ་ཁ་ཤས་དང
བལྟས་ཚོད་ལ་ཡ་རབས་གུས་ཞབས་ལྡན་པ་ཁག་ཅིག་གིས
མེ་ཏོག་གི་རྩད་ནས་བལ་ཅིང
མེ་ཏོག་གི་རྩེ་ནས་བཏོགས་ནའང
ངས ངལ་དུབ་སོགས་ལ་མ་འཛེམས་པར
ས་སྒང་གི་མཐའ་དབུས་ཀུན་ཏུ་མེ་ཏོག་བཙུགས
 
དོན་དངོས་སུ  སྤྱང་ཀི་དེ་ཐེངས་གཉིས་པར་ཡོང་བའི་སྐབས་སུའང
ཁུ་སིམ་མེར་མེ་ཏོག་ལ་བལྟས་ནས་བུད་སོང
 
ཡིན་ནའང་ད་ལྟ
ཅིག་ལྟ་དུས མིག་ལམ་དུ
མེ་ཏོག་རྐང་གཅིག་ཀྱང་ལྷག་མི་འདུག
                     ༢༠༡༦ལོའི་ཟླ༡༠པའི་ཚེས༢༥ཉིན་རྒྱ་ནག་ཏུ།

  རྩེད་ཐང་ནས་ལྷ་སའི་བར།

རྩེད་ཐང་མགྲོན་ཁང་དུ
ངས་ཞབས་ཞུ་མར
དངུལ་དེ་ནམ་སློག་གམ་ཞེས་དྲིས་པ་ན
ཞབས་ཞུ་མས་ང་ལ
ཨར་ཧྲི་སི་ཞོད་ཧྲི་ནས༼དུས་ཚོད་ཉེར་བཞིའི་ཚུན༽
དངུལ་དེ་ཕྱིར་སློག་ངེས་ཟེར
འགྲུལ་སྐྱེལ་ས་ཚིགས་སུ
ངས་ལས་བྱེད་པ་དེར
ལྷ་སར་སོང་ན་ལམ་གླ་ག་ཚོད་རེད་ཅེས་དྲིས་པ་ན
ལས་བྱེད་པ་དེས་ལམ་གླར
ཆི་ཧྲི་བུའུ་ཁོའེ༼སྒོར་བདུན་ཅུ་དོན་ལྔ༽རེད་ཟེར
 
དར་ཙམ་གྱི་རྗེས་སུ
ང་རང་སྐྱིད་ཆུའི་འགྲམ་ངོགས་སུ
འཆམ་གཡེང་དུ་འདོང་སྐབས
མདུན་གྱི་ང་དང་རིགས་གཅིག་པའི་བྱིས་པ་དེས
སྡོང་བོའི་ཡལ་ག་ལས
ལོ་མ་ཞིག་སར་ཟགས་པ་ན
ཆིག་ཐེན་དོད་ལི༼སྟོན་ཁ་སླེབས་སོང༽ཟེར།
དེ་ནས ངས་དྲ་བ་བརྒྱུད་ནས
རུའུ་ཅ་ཅིག་ཏེན་ཏའེན༼ཁྱིམ་བཞིན་མགྲོན་ཁང་གླས༽པ་ཡིན
མཛའ་མོར་ཁ་པར་བཏང་སྟེ
བེད་མིན་ལིན་དུ་ཧིན༼ཕྱི་རོལ་ཤིན་ཏུ་གྲང༽
ད་ང་རང་འཆམ་འཆམ་དུ་མི་འགྲོ
རུའུ་ཅ་རུ་ལོག་རྒྱུ་ཞེས་བཤད
 
རླུང་བུ་འཚུབ་ཉིལ་ལེར་མི་འདུག
སྤྲིན་པ་ནག་ཡོར་རེར་མི་འདུག
རྩེད་ཐང་ནས་ལྷ་ས་དབར
ཅི་ཡང་མ་བྱུང་བ་དང་འདྲ
 
མགྲོན་ཁང་དུ་ཉལ་ཁྲིར་བསྡད་དེ
ཡུད་ཙམ་ལ་ཅི་ཡང་མ་དྲན་པར་བསྡད་པ་ན
གློ་རྡེག་ཏུ མངའ་རིས་སུའང
སྡོང་བོའི་ལོ་མ་ས་ལ་ལྷུང་བཞིན་པ་དྲན

                 ༢༠༡༧ལོའི་ཟླ༩པའི་ཚེས་༢༤ཉིན།

      སྐྱེ་རབས་ཀྱི་རི་མོ།


ཉི་འོད་ཀྱི་སྐྲ་ལོ
འོད་ཀྲིག་གེར་གང་སར་ཐོར་ཞིང
དྲ་ཡོལ་ཀྱིས་ཕྱེད་ཙམ་བསྒྲིབས་པའི་སྒེའུ་ཁུང་ལས
ཁང་བརྩེགས་ཤིག་དང་མདངས་ཤོར་བའི
སྤང་རྩྭ་ཞིག་གི་ཆ་ཤས་མཐོང་ཐུབ
རྒུད་པའི་ཕྱོགས་ལ་ཆས་བཞིན་པའི
ནམ་མཁའི་ཕྱོགས་ཙམ་མཐོང་ཐུབ
 
རྒྱབ་ལྗོངས་གངས་རི་དེའི་བླ་རུ་ས་རྡུལ་ཆགས་ཤིང
རྩིག་ངོར་བཀལ་བའི་བརྙན་འཕྲིན་ལས
སྟོན་གྱིན་པ་ནིསྤྱི་ལོ་སྔོན་ཡང་མིན་ལ་དུས་མཐའ་འང་མ་ཡིན
བརྙན་འཕྲིན་འགྲམ་གྱི་ཐང་ག་དེའི་སྤྱན་ཟུམ་ནས་འདུག
གསུང་འབྱོན་རྩིས་ཀྱི་ཚུགས་ཀའང་མི་འདུག
སྒྲོག་ཙེའི་སྟེང་གི་མཆོད་མེ་ནི
ཉིན་མཚན་མེད་པར་ནག་མོག་གེར་འདུག
ཡིག་འབྲུ་གསལ་པོ་མེད་པའི་དཔེ་ཆ་རེ་གཉིས
གོ་རིམ་གསལ་པོ་མེད་པར་སྒྲོག་ཙེ་རུ་བཞག་འདུག
ཚ་དེམ་དང་ཤོག་ཕོར་ནི་སུ་ཞིག་གིས་ད་སོ་མ་བཞག་པ་དང་འདྲ
རྨི་ལམ་ཁ་ཤས་ཉི་འོད་མེད་སར་བསྐམས་ནས་འདུག
རེ་འདུན་ཁ་ཤས་ཁུ་སིམ་མེར་རླུང་ཁར་འཕྱན་ནས་འདུག
 
མི་ཞིག སྣང་ཚུལ་དེ་དག་ལ་ཅེར་ནས
བློང་བློང་པོར་ལུས་འདུག
མི་ཞིག མི་དེའི་འགྲམ་ན
སྒྲོབ་ཉམས་ཀྱིས་ལག་པ་མཆན་ལ་བརྒྱབ་ནས་འདུག
ངས་རི་མོ་དེའི་རྒྱབ་ལྗོངས་ཀྱི
ས་རྡུལ་སྤུར་འདོད་ཀྱིས
ཕུ་ཞིག་བཏབ་ཀྱང་རྔོ་ཅི་ཡང་མ་ཐོགས
མིག་ཟུང་ཕར་ལ་གཡེངས་པ་ན
མི་ཞིག་གིསསྣང་ཚུལ་འདི་དག་རི་མོར་འབྲི་བཞིན་པ་མཐོང

                          ༢༠༡༧ལོའི་ཟླ༡པོའི་ཚེས༩ཉིན།
 
      གདུང་གླུ།


ལོ་ཟླ་མང་པོ་ཞིག་རླུང་བཞིན་འཇགས་རྗེས
ས་ཆེན་འདི་ལ
དྲོད་ཁོལ་མེད་པ་ཡ་མཚན་ཆེ
 
ཁྱེད་རངཉི་ཟླའི་སེང་ཁྲིར་བཞུགས་ཏེ
མི་ཡུལ་ལ་ཉི་འོད་ཀྱི་ས་བོན་བཏབ
དགུན་ཁ་ཧ་ཅང་མཐུག་དྲགས་པ་ཡིན་ནམ
ད་དུང་ཡང་ཞུ་མི་འདུག
 
ཚིག་གི་རི་མོ་འོད་བཞིན་འཕྲོས་ནས་ཡུན་རིང་འགོར
མི་སེམས་ལ
དཔྱིད་ཀ་མ་བསླེབས་པ་ག་རེ་ཡིན་ནམ
 
ངས་ནི འཚོ་བའི་གད་སྐྱིབས་སུ
ཉིན་མཚན་རེས་མོས་ངང
རང་ཉིད་ཡང་ཡང་རྗེ་དགོས་འདུག

              ༢༠༡༧ལོའི་ཟླ༡༢པའི་ཚེས་༢༡ཉིན་གཏན་ལ་ཕབ།

     འཁོར་བ།


ངརང་ཉིད་ཀྱི་སྐྱོ་སྡུག་གི་རྫི་བོ་བྱས།
 
ཆུ་བཞུར་བར་ཡུར་བ་བཟོས་འདུག
མི་འགྲོ་བར་ལམ་བཟོས་འདུག
བརྡ་སྤྲོད་པར་སྐད་ཡིག་བཟོས་འདུག
 
འགྲོ་བཞིན་འགྲོ་བཞིན
བརྗེད་ཀྱིན་བརྗེད་ཀྱིན
འདུས་བཞིན་འདུས་བཞིན
འབྲལ་གྱིན་འབྲལ་གྱིན
ལམ་ནི་རིང་ནས་རིང་དུ་ཕྱིན
 
སྐྱོ་སྡུག་གི་ཤ་གཅུས་ཙམ་གྱིས
སླར་ཡང་མངོན་སུམ་ཁྲོད་ཁྲིད་ཡོང
མངོན་སུམ་ཁྲོད སྐྱོ་སྡུག་ཁོ་ན་ལས
སྲོག་འཚོ་བྱེད་དུ་ཅི་ཡང་མི་འདུག
 
མི་རྣམས་སྐོམ་སེལ་དུ
དུག་འཐུངས་ཀྱང་ཤི་ཡས་མི་འདུག
གྲ་མ་ཉམས་གྲུ་མ་ཆགས་པ་དེ་རུ
བསམ་བློ་དགོས་ཀྱིན་མི་འདུག
 
ངས་ང་རང་འཚོ་བཞིན་འཚོ་བཞིན
རང་ཉིད་ཀྱི་སྐྱོ་སྡུག་གི་རྫི་བོ་བྱེད་དགོས་བྱུང

                           ༢༠༢༠ལོའི་ཟླ༧པའི་ཚེས༡༡ཉིན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།