གྲ་ཚེ་དོན་གྱི་གསར་བྲིས་བཅད་མ་བཞི།

2909



          བ་གམ་ལས་འཕྲོས་པའི་ལེགས་བཤད་ཐོར་བུ།
 
ཤེས་བྱས་དབུལ་བའི་སྐྱེ་བོ་ནི།།
 ཇི་ལྟར་རློམ་ཡང་མཁས་མི་སྲིད།།
རྩིག་རྨང་ཞན་པའི་ཁང་བཟང་དེ།།  
ཇི་ལྟར་མཛེས་ཀྱང་ཞིག་ཉེན་ཆེ།།
གང་ཞིག་ཤེས་བྱའི་གནས་ཀུན་ལ།།        
བརྩོན་པས་གཏིང་ཟབ་སྦྱོང་རྒྱུ་གཙོ།།
ཐིགས་བཅག་ནན་ཏན་མ་བྱས་པའི།།    
ཁང་ཆུང་ཆར་ཐིགས་རྫོགས་རྒྱུ་མེད།།
ས་རྡོ་རེ་རེ་བརྩིགས་པ་ལས།།           
ཁང་བཟང་ཀ་བཞི་གདུང་བརྒྱད་བཞིན།།
ཐོས་པ་རེ་རེ་བསགས་པ་ན།།          
ནམ་ཞིག་རིག་པའི་དཔའ་བོར་ངེས།།
ཤེས་བྱའི་རྒྱན་གྱིས་ཕོངས་པ་ན།།       
ཇི་ལྟར་མཁས་པའི་གྲལ་དུ་བཞིན།།
ཁོག་པ་རུལ་བའི་ཤིང་དུམ་གྱིས།།       
གདུང་འདེགས་ཀ་བ་ཡོང་རེ་བྲལ།།
ཕྱི་དེ་རྒྱན་ཆས་བཀླུབས་ན་ཡང་།།       
བློ་རིག་རྨོངས་པས་ཅི་ལ་ཕན།།
མཛེས་རིས་ཚོན་གྱིས་བཀྲ་ན་ཡང་།།    
ཀ་གདུང་མེད་ན་ཁང་བཟང་ཅི།།
དེས་ན་ཕྱི་མཛེས་ནང་སྐྱིད་པ།།      
ཀ་གདུང་རྨང་ལ་བརྟེན་དགོས་བཞིན།།
མཁྱེན་ཡངས་དམ་པའི་གྲལ་འདོད་ན།།   
ཐོས་པ་གསོག་ལ་འབུངས་ཤིག་ཨང་།།
འདི་སྐད་སྨྲ་བའི་སྐྱེ་བོ་དེ།།                
རིག་པའི་དབང་པོ་མ་ཡིན་ཡང་།།
ལྷག་བསམ་དག་པའི་སྐུལ་སློང་གིས།།   
སོར་རྩེ་སྒུལ་ལ་འགལ་བ་ཅི།།
 
       ལོག་པའི་ཉིན་མོ་འཛུམ་གྱིས་བསུ།
 
 ལུས་ཀྱི་སྡོང་རྒན་ཙི་ནའི་གྲོང་བར་དུ་ལུས་ཀྱང་།  །
དྲན་པའི་རྟ་ཕོ་གངས་རིའི་ཕང་བ་རུ་ཤོར་སོང་།  །
ཐོག་མའི་ངོ་མཚར་མཁའ་མཐའི་འཇའ་ཚོན་བཞིན་ཡལ་ཏེ།  །
ལོག་པའི་ཉིན་མོ་སྒུག་པའི་དུས་ཡུན་འདི་རིང་བྱུང་།  །
 
ཡབ་ཡུམ་བགྲེས་སོང་རི་གྲོང་སྐྱ་མོ་ནས་རྒ་བའི།  །
མདུང་གི་རྣོ་ཁ་སྙིང་གི་འབེན་ཐོག་ཏུ་ཟུག་དུས།  །
ཐག་རིང་རྒྱང་དུ་ལུས་པའི་ས་མཐའ་ཡི་བུ་ཆུང་།  །
བསམ་བཞིན་བསམ་བཞིན་སྙིང་ཁ་སྐྱོ་སྣང་གིས་མནར་བྱུང་།  །
 
ཁམས་དྭངས་ཨ་སྔོན་དགུང་གི་དྲོ་སྐྱིད་ཀྱི་ཉི་མ།  །
མུ་མེད་རྩྭ་ཐང་སྟེང་གི་རྣམ་བཀྲ་ཡི་མེ་ཏོག  །
ནས་ཞིང་རླུང་གིས་བསྐྱོད་པའི་ལྡེམ་ལྡེམ་གྱི་མགོ་ལྕོག  །
ང་རང་ལོག་ཤོག་ཟེར་བའི་ཕྱག་གཡུག་དེ་ཡིན་ནོ།  །
 
ཀ་ཁའི་དབྱངས་རྟ་གྱེར་སའི་མཐོ་སྒང་གི་རུམ་ནས།  །
དྭངས་གཙང་མཁའ་དབུགས་གསོས་པ་ངོམ་མེད་དུ་རྔུབ་སྟེ།  །
བོད་སྐད་སྙན་མོའི་སྙིང་གཏམ་ཕར་བཤད་དང་ཚུར་བཤད།  །
གཞོན་ནུ་ཕོ་མོའི་བརྩེ་དུང་མིག་མདའ་དེ་དྲན་བྱུང་།  །
 
བྱང་ཐང་འབྲོག་སའི་མཐིང་སྨུག་སྦྲ་གུར་གྱི་འདབས་སུ།  །
མ་སྲུ་རྒད་མོས་འོ་མའི་བཞོ་ལུགས་དང་དཀྲོག་ལུགས།  །
ལྷོ་ཡི་རོང་པའི་ཞིང་གི་མུ་ཚིགས་ཀྱི་འགྲམ་ནས།  །
བུ་མོའི་འཛུམ་ཞལ་མེ་ཏོག་བཞད་འདྲ་དག་དྲན་བྱུང་།  །
 
ལོག་འདོད་སེམས་ཀྱི་རྟ་ཕོ་ཉིན་མཚན་ཀུན་རྒྱུག་ཀྱང་།  །
ལུས་ཀྱི་སྡོང་གོག་སྔར་བཞིན་པེ་ཅིང་དུ་ལུས་སོང་།  །
དྲན་གདུང་ཐག་པས་སེམས་པའི་ཡན་ལག་རྣམས་བཀྱིགས་ཀྱང་།  །
དགའ་བའི་འཛུམ་གྱིས་ལོག་པའི་ཉིན་མོ་དེ་བསུ་འོ།  །
                              ༢༠༡༦/༠༥/༠༩པེ་ཅིང་དུ།
 
             བསྟོད་པ་སྤུ་སུད་ཙམ།
 
མིག་མདུན་གར་གྱི་རང་བཞིན་ཁྲ་ཁྲ་དག  །
ཅོལ་ཆུང་མིག་རྒྱང་ཐུང་བས་དཔའ་རྟགས་རློམ།  །
ནམ་དཔྱོད་མཁའ་ལྟར་ཡངས་པའི་དམ་པ་གང་།  །
དེ་ལྟ་ཙམ་གྱིས་དབུ་འཁོར་ཅི་ལ་མཛད།  །
གསེར་སྐུ་མི་འགྱུར་རི་རྒྱལ་ལྷུན་པོ་ཡིས།  །
ངེས་མེད་དུས་རླུང་ལྡོམ་པོ་རྩད་ནས་བཀག  །
མ་མེད་འགྲོ་རྣམས་བར་མདོའི་གཙང་པོ་ཆེར།  །
ཕ་མཐར་གྲོལ་བའི་མགོན་དེ་ཁྱེད་ལས་སུ།  །
གསུང་གི་བདུད་རྩིའི་ཐིགས་ཕྲེང་རེ་རེས་ཀྱང་།  །
ཡིད་ཀྱི་སྐོམ་གདུང་ཐན་པ་རྨང་ནས་འཇོམས།  །
མྱ་ངམ་བྱེ་མའི་ཐང་གི་སེམས་ཅན་ཚོགས།  །
དབུགས་ཀྱི་རྒྱུན་བུ་མཐུད་པའི་སྟོབས་ཤུགས་བསྩལ།  །
ཐུགས་ཀྱི་པད་དཀར་མི་ཟུམ་འོད་བརྒྱ་ཡི།  །
སྣང་བའི་དྲིན་གྱིས་འཇིག་རྟེན་རབ་ཏུ་གསལ།  །
ཞབས་མེད་མུན་པའི་གཏིང་གི་ལོང་བ་ཡང་།  །
མ་རིག་གདུང་བའི་ཡོལ་བ་ཚལ་བུར་དབྲལ།  །
བརྗིད་པའི་དབུ་འཕང་མ་དུད་མཐོན་པོར་བཏེགས།  །
གནམ་སའི་ཕ་རོལ་ཡེ་ཤེས་སྤྱན་དབང་བསྡུས།  །
ངན་སྙིགས་ལྗན་ལྗིན་རྣམ་པར་སོ་སོར་དབྱེ།  །
ཡང་དག་བདེན་པའི་ལམ་སྣེ་ལེགས་སྟོན་མཛད།  །
 
          དོགས་པའི་འཕྱང་འཕྲུལ།
 
འདི་ལྟར་ལས་ཀྱི་འཕྲང་ལམ་འགྲིམ་པའི་སྐྱེ་བོ་དག  །
སྐད་ཅིག་མེ་ཏོག་གླིང་ཕྲན་འདོད་ཐོག་རྟས་མ་རྒྱུག  །
མུན་པའི་གཙང་པོས་སེམས་དང་སེམས་པའི་སྨྲ་སྒོ་བཅད།  །
རང་རང་ས་ནས་ངལ་བའི་འཁོར་ལོ་བར་མེད་བསྐོར། །
ཐོབ་ཤོར་རྒྱལ་ཕམ་མངོན་སུམ་མཛུབ་རྩེར་དུག་སྦྲུལ་འཁྲིལ།  །
བར་ཐག་མྱ་ངམ་ཐང་ཆེན་ལུས་སེམས་གཞོམ་པའི་དགྲ།  །
རྨི་ལམ་ཞིང་ནས་སྐྱིད་ཀྱི་ཉི་མ་འཆར་བར་སྒུག  །
ཐར་པའི་ལམ་ནི་ཕྱི་མའི་སྒོའམ་ཡང་ན་ཅི།  །
མི་ཁ་མཐུན་ཚེ་བདེན་པའི་རྫིང་གི་ཆུ་དྭངས་སྙོགས།  །
སྒྱུ་མའི་ཚིག་གིས་རྟེན་འབྲེལ་ཐག་གུ་སོ་སོར་ཕྲལ།  །
ཡིན་མིན་མིག་ཤེས་ནོམ་པའི་གཡའ་ཡིས་བསླད་གྱུར་བས།  །
རང་འབྲས་མགོ་བོ་ལྗིད་པོ་གཞན་གྱི་རུམ་ནས་འཛུམ།  །
འཛུམ་ཆུང་མེ་ཏོག་ལྷ་མཛེས་ཐགས་དཀར་ཚེམས་ཀྱི་ཕྲེང་།  །
གུས་པའི་ལུས་དང་སྙན་པའི་ཚིག་འཇམ་བུ་རམ་རོ།  །
ནག་པའི་འཆར་བཀོད་སྒྲིབ་པའི་འཇམ་གཉེན་ཟ་འོག་དར།  །
ཀྱེ་མ་རྒྱུ་འབྲས་རྒྱ་མ་ནོར་རམ་འཁྲུལ་ལམ་ཅི།  །
 

0

One Response to གྲ་ཚེ་དོན་གྱི་གསར་བྲིས་བཅད་མ་བཞི།

  1. གྲ་ཚེ་དོན། ལགས་ཀྱིས:

    རྩོམ་སྒྲིག་པར་བཀའ་དྲིན་ཆེ་ཞུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།