རྩོམ་པ་པོ། རྨིས་པ།
ང་རང་འཚོ་བས་ཡང་ཡང་དེད་ན་ཡང་།།
ཁོམ་ལོང་བཙལ་ནས་སྙན་ངག་སློང་དུ་སོང་། །
དང་པོ་མི་མེད་སྤྲིན་གྱི་ཡང་སྟེང་ནས། །
བསམ་པ་རྫོགས་པའི་མགུར་ཞིག་ཆར་ལ་དྲངས། །
དེ་ཡི་བརྗོད་བྱ་སྐྱོ་བའི་ཉིན་མཚན་བྱས། །
ངེས་པར་འབྱུང་བའི་མིག་ཆུ་ཤག་ཤག་བཞུར། །
དེ་ནི་རི་ཁྲོད་འཁྱག་པའི་བྲག་ཕུག་ན། །
ཉིན་བཞིན་གཅེར་བུར་བུད་ནས་མགུར་བཞེངས་བའི། །
སྤྲང་བོ་མི་ལ་རས་པ་ཁོང་ལ་སློང་། །
དེ་ནས་ང་རང་ཆོས་ཀྱི་དབྱིངས་ནས་སྨྱོས། །
དེ་ནས་རྒྱལ་ཁམས་འགྲིམ་བཞིན་གླུ་ཆུང་བླངས། །
ཆུ་ཟོམ་གཏུགས་པའི་མི་ལ་བཀྲ་ཤིས་བླངས། །
ཚོར་བ་མི་དང་འཕྲད་ན་མཛེས་སེ་བླངས། །
དེ་ལྟར་སོང་ནས་རྫོང་རྒྱབ་ཁང་དུ་འབྱོར། །
གོམ་པ་དང་པོ་བཞག་ཚེ་ཚོར་བ་ཟིང་། །
གོམ་པ་གཉིས་པ་བཞག་ཚེ་མགྲིན་པ་བརྣངས། །
དེའི་སྐོར་སྣང་བའི་སྤྲིན་ཕུང་འཕྱུར་བ་ཡི། །
མ་སྐྱེས་ཨ་མ་དྲན་པའི་གླུ་ངག་ཅིག །
ང་ཡིས་ཡུམ་ཆེན་ཕ་རོལ་ཕྱིན་ལ་བླངས། །
དེ་ནི་མདོ་སྟོད་ལྷ་སའི་ཆང་ཁང་ན། །
ར་བཟི་བ་ཞིག་བདུད་རྩིའི་དྲི་ལ་འདྲེས། །
སྙན་ངག་འདི་ནི་ནང་མ་ཁང་དེ་ནས། །
ཚངས་རྒྱམ་ཞེས་བྱའི་གླུ་ངག་གཡར་ལེ་ཡིན། །
དེ་ནས་གླུ་ཆུང་ལེན་བཞིན་ཆང་རག་རྔུབ། །
བཟི་སྣང་ཁྲོད་ནས་ཡུམ་ཆེན་ཕར་ཕྱིན་མཇལ། །
བཟི་བཞིན་དྭངས་བཞིན་སྲང་ལམ་ཉུལ་བ་ནི། །
མཉམ་བཞག་རྗེས་ཐོབ་རེས་མོས་སྐྱོང་བ་འདྲ། །
དེ་ལྟར་གླུ་མགོ་དབུས་གཙང་སྟོད་ལ་བཞག །
དེ་ལྟར་གླུ་སྔ་ལི་ཐང་ཡུལ་ལ་བཞག །
དེ་ལྟར་ར་ས་བརྒལ་ནས་ཡོང་བ་ན། །
སྟོང་ཚོགས་ཤིག་གི་ཁྲོམ་ར་འགབ་མ་ན། །
ཁ་བཙོག་སྙན་ངག་གཅིན་པ་གཏོང་གཏོང་གིས། །
ཀུན་ལེགས་སྨྱོན་པའི་སྟོང་ཉིད་གྱེན་དུ་བསྒྲེང་། །
དེའི་ཚེ་སྟོང་བ་ཉིད་སོགས་ཁ་བཙོག་གིས། །
འཆིང་བྱེད་བུ་མོ་ཐམས་ཅད་བྲོས་པར་བྱས། །
དེའི་ཚེ་ཚིག་དང་ངག་རྟ་ངར་དགོས་ཞེས། །
ཐུ་བའི་ཞབས་ནས་གདམས་པ་ཞུས་པ་ན། །
སྟོང་བ་ཉིད་ཀྱི་ཡོན་ཆབ་ངག་ལ་བྲན། །
དེའི་ཚེ་ང་ཡི་སེམས་སུ་གླུ་ཞིག་ཡོང་། །
དེ་ཡི་མིང་ལ་སྦྲང་རྩི་སྒྲོལ་མ་ཟེར། །
སྟོང་བའི་ངག་རེ་བཀུགས་ན་རྟ་རེ་དགོས། །
སྙན་པའི་ཚིག་རེ་མགུར་ན་མཛོ་རེ་དགོས། །
དེ་ལྟར་ང་ཡིས་ས་ནག་འདོམས་ལ་འཇལ། །
སྤྲིན་དཀར་ཐོད་པས་གཏུགས་ཏེ་ཡོང་བ་ན། །
ངག་ལ་གཙང་བོ་འཁྱིལ་བཞིན་ཡོང་བ་ན། །
ཡུལ་ལུང་ངེས་མེད་ཅིག་གི་ལ་ཙེར་སླེབས། །
ག་ཤེད་དམངས་གླུ་ཨ་ལ་ཐ་ལ་ཞེས། །
གླིང་སྒྲུང་ནང་གི་ཕོ་མོ་ཆ་ཡིས་ལེན། །
ངས་ཀྱང་དེ་ལ་འགྲོགས་ནས་སྙན་ངག་བརྐུས། །
སེམས་ཀྱི་རྗེ་བཙུན་སྒྲོལ་མ་མཚོན་ནི་བརྐུས། །
ཕོ་མོ་གཉིས་ཀ་སྣང་བ་སྟོང་བ་བྱས། །
དོན་དམ་སྣང་སྟོང་ཆ་ཡིས་གླུ་རེ་བླངས། །
སེམས་ལ་ཁྲབ་རྨོག་འཁོར་གསུམ་དམ་སེ་དཀྲིས། །
ཤེས་རབ་གཞུ་ཡིན་སྒོམ་ནི་མདའ་མོ་ཡིན། །
སྟོང་བ་རྟ་རྒོད་གོང་ནས་འགྱུར་ཙམ་གྱིས། །
བདག་འཛིན་དགྲ་བོའི་སྙིང་ག་ཕུགས་གླུ་བླངས། །
གླུ་འདི་ངག་གི་གདུང་རབས་བརྒྱུད་པའི་གླུ། །
གེ་སར་འབྲུག་མོས་ང་ལ་གནང་བ་ཡིན། །
སྙན་ངག་འདི་ཡིན་གླུ་ཡང་འདི་ཉིད་པས། །
ངག་གི་སྒྲིབ་པ་སངས་སོང་ཨ་ལ་ཡེ། །
སེམས་ཀྱི་གོ་འཕང་བརྙེས་སོང་ཐ་ལ་ཡེ། །
ང་རང་གླུ་བ་མིན་ན་ཅི་ཞིག་ཡིན། །
ཨ་ལ་ལ་ཧོ་སྙན་པའི་ཨ་ལ་ལ། །
2020 2 5
༈ མཐའ་ཡས་པའི་སྐར་མ།
རྩོམ་འདི་ཀརྨ་པ་མཐའ་ཡས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ།
1
དར་རྒུད་ཀྱི་མེ་མདའི་ཁ་ནས་ཤོར་བའི། །
སྐུ་མཚར་སྡུག་གི་རི་དྭགས་ཤྭ་བ་དེ། །
ཐིག་ལེ་ཡི་དཔེ་བྱད་ལམ་ལམ་ལམ། །
སད་སེར་བས་མ་ཐུབ་ལམ་ལམ་ལམ། །
སྐྱེ་འགྲོ་ཡི་མིག་ལ་འགྲོ་ལུགས་ལ། །
བྱིན་ཆགས་ཀྱི་ཉི་འོད་ལྟོས་དང་གདའ། །
ངག་འཁྱལ་གྱི་རྟོད་ཐག་བཅད་ནས་ཤོར་བའི། །
གསུང་འགག་མེད་ཀྱི་རྟ་ཕོ་མཐུར་མེད་དེ། །
རྒྱུགས་གོམ་པའི་བབས་སོ་རྣོ་ལུགས་ལ། །
ལ་ལུང་བའི་རྒྱལ་ཁམས་འགྲིམ་ལུགས་ཀྱིས། །
ཚེ་འདི་ཕྱི་གཉིས་ཀྱི་སྐྱོར་ཡ་ལ། །
དོན་སྙིང་གི་མཚེར་སྐད་ཉོན་དང་གདའ། །
འཆིང་འཛིན་གྱི་གཟེབ་དྲྭ་གཏོར་ནས་ཤོར་བའི། །
ཐུགས་ཏིང་འཛིན་གྱི་བྱེའུ་ཆུང་རྒོད་པོ་དེ། །
གནམ་འཕང་གི་སྟོང་ཉིད་བཅད་བཅད་ནས། །
རྗེས་ཐོབ་ཀྱི་སྤྲིན་པ་སངས་སེ་སངས། །
འགྲན་སེམས་ཀྱི་སྡེར་མོ་ཆད་དེ་ཆད། །
བྱམས་བརྩེ་བའི་གཤོག་པ་སོམས་དང་གདའ། །
2
ཡུལ་གངས་ཁྲོད་ནས་བཞུར་བའི་མཛད་པའི་ཆུ་མིག །
སྐུ་ངལ་བ་མ་འཛེམས་དྭངས་སེ་འདུག །
མགོ་ཉི་མས་དྲོས་པའི་ཉམ་ཆུང་གི་ཉ་ལ། །
འཇམ་མཉེན་གྱི་བསིལ་བ་ཤག་ཤག་འཇོ། །
ཆུ་མིག་འདིའི་བཞུར་རྒྱུན་ཤར་ནས་ནུབ་ལ་རྒྱུགས། །
ནུབ་གླིང་བའི་སྐོམ་གདུང་སེལ་ལུགས་ཁ་ཁ་ཡིན། །
བཀའ་མདོ་རྒྱུད་ཀྱི་བུམ་པ་བསྣམས་པའི་ཕྱག་ཟུང་དེས། །
མ་འགྲོ་བའི་ཡི་ག་སྨན་གྱིས་གསོས། །
བློ་འཁྲུལ་བའི་སྨག་གིས་མནོལ་བའི་སྙིགས་མ་ལ། །
བྱིན་རླབས་ཀྱི་བསང་དྲི་ཐུལ་ལི་ལི། །
གསུང་རྫོགས་ཆེན་གྱི་ལྷ་བཟོ་དཀོན་ཉིན་དེར། །
གནད་གསང་བའི་ཐང་ག་འབྲི་མཁན་གཅིག་པུ་རེད། །
6
མེ་ལོང་། སྙན་ངག་སློང་བའི་གླུ་ཨ་ལ་ལ་ཧོ་ཞེས་པ། (ཞར་བཀོད་གཅིག)
རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།
འབྲེལ་ཡོད་རྩོམ་ཡིག