ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་གཉིས་དང་ཕྲན་དཔྱད་ཅིག

16107



སང་ཉིན་མཇལ་འོང་།



མིག་བཙུམས་རྗེས།
སུ་ཞིག་ལ་སྒུག་བཞིན།
རྨི་ལམ་རྨི་འདོད་ཀྱང་།
ནད་ཡམས་ཀྱི་འཇིག་རྟེན།
སྐྲག་སྣང་ཞིག

སང་ཉིན་གྱི་ང་ཚོ།
ང་ཚོ་ཡིན་ནམ།
དྲན་འཕྲོ་དེ་དག་གིས།
རྣམ་ཤེས་འདི།
གང་ལ་འགྲོ།

ད་དུང་ལྟར།
ད་དུང་གི་མི་ཚེར།
མིག་གི་འཇིག་རྟེན།
མུན་ནག་གི་མཚན་མོ།
ཅི་ཞིག་གང་ཞིག

སེམས་ཁྲེལ་ཡིན་ན་ཐང་།
ཡང་དང་ཡང་གིས།
སང་ཉིན་ལ་འགྲོ་དགོས་སྙམ།
སེམས་ཁྲེལ་མིན་ན་ཐང་།
མཚན་མོའི་གོ་རིམ་ནི།
ཡང་ན་མཛེས་སྡུག་ཅིག

                 2020/04/22–26


བྱིས་པ་ཚོ།



དུས་ཚིགས་དེར།
ཁ་བ་འབབ་དོན།
རྨི་ལམ་མ་ཡིན།
དེ་ནི་གཞེས་ནིང་ལོ་རེད།

གྲང་ཤར་ཤུར།
དགུན་ཁ་ཡིན་ནམ།
དེ་དུས་ཀྱི་ཁ་བ།
ཁ་དོག་གཅིག
སྒྲུང་གཅིག
ངས་སུ་ལ་བཤད་མ་ཕོད་པ།
ངའི་ཞེ་རྩ་འཁྱག་སོང་།

སོ་སོའི་མིག་ཟུང་།
སོ་སོར་དབང་ན།
ཡང་ཡང་ཁ་བར་ཉན་པ།
ལས་འཕྲོ་ཡིན་ནམ།
ཡང་ན་མང་པོ་ཞིག་གིས།
དགུན་ཁ་དེ།
དྲན་པའི་ངོས་ན་འགུལ།

དུས་ཚིགས་དེར།
ཁ་བ་འབབ་དོན།
གློ་བུར་ཞིག
གློ་བུར་དུ་དྲན་ཙམ་མིན་ན།
ཁྱོད་ཚོ་བདེ་མོ་སྐྱིད་པོ་ཡིན་ནམ།

2020/05/04


ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་<བྱིས་པ་ཚོ་>ལས་བྱིས་པ་ཚོ་བཙལ་བ།

ན་བུན།


ཧྥ་རན་སིའི་སྔོན་བྱོན་སྙན་ངག་མཁན་དང་མཚན་ཉིད་སྨྲ་བ་ཁཱ་མུ་སིས། “མི་ཡུལ་འདིར། ཇི་སྲིད་དབར་ཕྱིར་དྲན་མཛེས་སྡུག་གིས་འཚོ་བ་དེ་སྲིད་དུ། བདག་རང་ཅིས་ཀྱང་ཁེར་རྐྱང་ཡིན་མི་སྲིད།” ཅེས་པ་ལྟར། ཙོང་ཁ་ཚེ་བརྟན་རྒྱལ་གྱིས་འདས་སོང་གི་འཚོ་བའི་སྣང་གནས་འབྲི་བྱར་བཟུང་སྟེ། / དུས་ཚིགས་དེར/ ཁ་བ་འབབ་དོན / རྨི་ལམ་མ་ཡིན / དེ་ནི་གཞིས་ནིང་ལོ་རེད / ཅེས་མངར་ལ་སྐྱུར་བའི་དུས་ཚིགས་ཤིག་གི་ལོ་ཟླ་དང་། དུང་ཞིང་དྲན་པའི་དུས་ཆད་ཅིག་གི་འཁོར་བ། ཐོབ་ཅིང་ཤོར་བའི་ཕུགས་བསམ་ཞིག་གི་ནང་ནོམ་ལ་ཕྱིར་དྲན་བསླངས་པར་སྙམ།

<བྱིས་པ་ཚོ་>ཞེས་པའི་སྙན་ངག་འདིའི་ཚན་པ་གཉིས་པའི་ནང་དུ། / གྲང་ཤུར་ཤུར / དགུན་ཁ་ཡིན་ནམ། དེ་དུས་ཀྱི་ཁ་བ / ཁ་དོག་ཅིག / སྒྲུང་གཅིག / ངས་སུ་ལ་བཤད་མ་ཕོད་པ / ངའི་ཞེ་རྩ་འཁྱགས་སོང་ / ཞེས། སྐྱིད་ལ་སྡུག་པའི་འཚོ་བའི་ཕྱི་ནང་གི་ཁ་དོག་ཡི་མུག་པ་དག་དང་། དྲོ་ཞིང་འཁྱག་པའི་འཁོར་བའི་སྣང་བརྙན་ངོ་མཚར་བོ་དག་བསྡུས་གཟུགས་སུ་བརྗོད་ཡོད།

  / སོ་སོའི་མིག་ཟུང / སོ་སོར་དབང་ན / ཡང་ཡང་ཁ་བར་ཉན་པ / ལས་འཕྲོ་ཡིན་ནམ / ཡང་ན་མང་པོ་ཞིག་གིས / དགུན་ཁ་དེ/ དྲན་པའི་ངོས་ན་འགུལ / ཞེས་པའི་ཚན་པ་འདིའི་ནང་དུ་སྙན་ངག་པས། དགུན་ཁ་ཡིན་པའི་དུས་ཚིགས་དེར་ལས་འཕྲོ་ཡིས་འདུས་ཤིང་། སླར་ཡང་དགུན་ཁ་ཡིན་པའི་དུས་ཚིགས་དེར་ལས་དབང་གིས་བྲལ་བའི་འཁོར་བའི་རྩེད་ཐང་དང་འཁོར་བའི་རྩེད་མཚར་དེ་དག་ད་དུང་རང་སེམས་ན་གཟུགས་ཅན་དུ་འགུལ་བཞིན་པར་ཅིས་ཀྱང་ཕྱིར་མིག་ཐེངས་གཅིག་འཕང་བའི་རེ་འབོད་གནང་བར་སྣང་།

བྱིས་པ་ཞིག་གི་ངག་འཕྲིན་ཏུ། ལོ་ཟླ་མེད་ན་སྙན་ངག་མེད་ལ་སྙན་ངག་མེད་ན་ལོ་ཟླའང་ཡོད་མི་སྲིད་པ་ནང་བཞིན། / དུས་ཚིགས་དེར / ཁ་བ་འབབ་དོན / གློ་བུར་ཞིག / གློ་བུར་དུ་དྲན་ཙམ་མིན་ན / ཁྱོད་ཚོ་བདེ་མོ་སྐྱིད་པོ་ཡིན་ནམ / ཞེས་རེ་ས་རྟེན་ས་མེད་པར། མི་ཡུལ་ས་མཐའ་ནས་རང་ཡུལ་དྲན་པའི་གདུང་བ་ཁོ་ནས་གཙེས་ཤིང་། གཞན་གྱི་གནམ་འོག་ཏུ་གློ་བུར་འཛོམས་ཤིང་གློ་བུར་ཐོར་བའི་སྙིང་ཉེ་བའི་ཚེ་སྲོག་གམ། ཞེ་རྩར་ཐོགས་པའི་ངོ་གདོང་དག ཁྱེད་སྐྱིད་ཁྱེད་བདེ་ཡི་རེ་སྨོན་ཀློང་གི་འཁྲེང་ཞེན་བསྲིངས་པར་མངོན།

༢༠༢༠།༥།༦


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།