དྲན་ཐོ་ཡིག་སྟར་གོ་དྲུག་མ།___འདྲེ་མེ།

6662




      གཏན་ཚིགས།
 
འདས་རྒྱུར་གྱི་སང་ཉིན་ནི
འདས་ཟིན་པའི་ཁ་སང་དང་གཅིག་པ་གཅིག་རྐྱང
ངས་ཇི་ལྟར་སྒུག་ཀྱང
ཁྱེད་ཞལ་མཇལ་ཐབས་མེད་པ་རྟོགས་ཡོད
 
        ཚེས་གསུམ།
 
ལོ་རྙིང་མའི་དར་ལྕོག་གི་གྲིབ་མ
ས་གཞིའི་ངོས་སུ་ལྡེག་ཙམ་ལྡེག་ཙམ་བྱེད
རླུང་གིས་སྐུལ་བ་མ་ཡིན་ཏེ
ལོ་གསར་ཚེས་གསུམ་ལ་ཁྱེད་ཡང་སྣང་ཤར་བ་ཙམ་མོ
 
       དངོས་གནས།
 
“རི་བོ་མཐོང་རེས་ཡོད་ཀྱང་འཛོམས་རེས་མེད
ཆུ་མོ་མཐོང་རེས་མེད་ཀྱང་འཛོམས་རེས་ཡོད”
མདང་ནུབ  ཁྱེད་ང་ཡི་རྨི་ལམ་ནང་དངོས་སུ་བྱོན་ཡང
ངས་རྗེས་བསྙེགས་མ་ཐུབ  དངོས་གནས་རྗེས་བསྙེགས་མ་ཐུབ
 
        ལྷག་བཅས།
 
དྭངས་སིང་ངེ་བའི་ཆང་གང་ཡང
བཏེགས་ཁོམ་མ་བྱུང
མཆོད་མེ་སྟོང་གཅིག་ལས་ལྷག་པའི
ཆང་གང་ཡང་ཁྱེད་ལ་བཏེགས་ཁོམ་མ་བྱུང
  
         གོ་རིམ།
 
ཁྱེད་འདས་ཤུལ་གྱི་དགུན་ཁ་དང་པོ་སླེབས
ཁ་བ་ཐར་ཐོར་བབས  བྱིས་པ་གཅིག་གིས
ཁྱེད་ཀྱི་མིང་ཡིག་ཁ་བ་དང་པོའི་སྟེང་བྲིས
བྱིས་པ་དེ་ནི་ཕ་ཡུལ་གྱི་གཅུང་པོ་མ་ཡིན་ནམ
 
          འདོགས་ཁྱི།
 
ཁྱེད་གཉིས་སེམས་ངོ་སྔར་ནས་འཕྲོད་ཟིན་པས
ཁྱེད་གཤེགས་རྗེས
ཁོས་ཀྱང་ཉིན་འགའ་ལ་ལྟོ་མ་བཟས
འོན་ཏེ  ངས་བདེན་ལྕོག་ལྕོག་གིས་རང་ཉིད་མི་ཡིན་ཞེས་བཤད
 
            དྲན་པ།
 
རས་ཀྱི་རྐང་ལྷམ་མཐོང་ན་ཁྱེད་དྲན
ཆང་གི་དྲི་མ་ཐུལ་ན་ཁྱེད་དྲན
ཕ་ཡུལ་ཞེས་སེམས་ལ་འཁོར་ན་ཁྱེད་དྲན
ཁྱེད་ནི་གདོད་ནས་ས་གཞིར་བཙས་པའི་སོ་ནམ་བུ
 
            དུས་མཐའ།
 
ཁ་པར་ལས་སྒྲ་གྲག་གི་འདུག
ང་ཧ་ཅང་སྐྲག་གི་འདུག  འཚེར་གྱི་འདུག
ངོ་མ་བྱས་ན  དེ་ལས་ལྷག་པའི་སེམས་ངལ་གྱིས
ཉིན་གཅིག་གཞུག་གི་ང་སྒུག་ནས་ཡོད་པ་འདྲ
  
         ལེགས་བཤད།
 
ཁྱེད་ན་རེ“ཨང་རིམ་བཞི་པ་ཡིས་ཕན་ཅི་ཐོགས
དེ་ནི་ལ་མགོར་རྡེའུ་བཞི་ལུས་ཚེ
ཤོ་ཕོར་ཁ་ཕྱེ་དུས  ཤོ་མིག་གསུམ་ཡར་གཏད་པ་དང་ཆ་རེད”
ནར་སོན་རྗེས་ངས་སྐད་ཆ་དེ་ལས་གོ་བ་གཞན་གཅིག་རྙེད
 
         ནམ་མཁའ།
 
བས་མཐའི་གྲོང་དུ་ཆང་ཤེལ་དམ་ཉི་ཤུས
མཚན་མོ་གཅིག་རིང  འདས་སོང་བརྗེད་ན་བསམ
རོལ་དབྱངས་དབུགས་མེད་པ་དེས
སླར་ཡང  ཆང་ཕོར་ནང་ཁྱེད་རང་གསོན་པར་བྱས
 
         འཁོར་བ།
 
རྟ་ཕོ་དག་རེ་རེ་བཞིན་ལ་མགོ་འཛེགས་རྗེས
རྟ་ར་གྲུ་བཞི་འཇམ་ཅག་གེར་གྱུར་སོང
ཁྱེད་ཀྱི་ནང་སེམས་སྟོང་སང་ངེར་གྱུར་སོང
ད་ལྟ  ང་ཡང་གོ་མེད་ཚོར་མེད་དུ་གྱུར་སོང
 
           དབྱེ་མེད།
 
གཤོག་པ་གཉིས་བརྡབས་ནས་འཕུར་མཁན་ཁོ་ཚོ
རྐང་པ་གཉིས་བཙུགས་ནས་འགྲོ་མཁན་ང་ཚོ
ཁོ་ཚོ་དང་ང་ཚོ་ཞེས་འབོད་པ་ལས
འདྲ་མཉམ་ཡིན་ཏེ  ཁོ་ཚོས་ཁྱེད་ཀྱི་ཕུང་པོ་ཡང་བཟས་ཚར
 
          ཞི་གནས།
 
ཉིན་མོ་སླེབས་དུས་མཆི་མ་མི་འདུག
ཡུལ་ལ་ལོག་དུས་མཆི་མ་མི་འདུག
ངས་བསམ་མནོ་ཡང་ཡང་བཏང  དོན་ངོ་མ
ཁྱེད་དང་ང་ཡི་བར་དོ་མཚན་མོའི་གཏིང་དུ་རེད་དམ
 
          སྟོང་བསམ།
 
ཤོག་བུ་སློག་པའི་སྒྲ་ཡང་མི་རྟག་པ
སློབ་དེབ་ནང་གི་བུམ་པ་ཡང་མི་རྟག་པ
གསལ་བྱེད་རེ་རེའི་དབྱངས་ཀྱང་མི་རྟག་པ
ཡོད་ཚད་མི་རྟག་ཀྱང  ཁྱེད་ད་བར་རྟག་ན་ཅི་འདྲའི་སྐྱིད
 
        འཕྲུལ་སྣང་།
 
སེམས་སྐྱོ་དུས་སྒེའུ་ཁུང་ལས་བལྟས
སྒེའུ་ཁུང་མེ་ལོང་ཞིག་ཏུ་གྱུར
ངས་མཐོང་བྱུང  རང་ཉིད་མཐོང་བྱུང
གཞོན་དུས་ཀྱི་ཁྱེད་དང་འདྲ་བའི་རང་ཉིད་མཐོང་བྱུང
 
         རྡོག་ཐོན།
 
ངས་ཁེར་རྐྱང་དང་དྲན་གདུང་ཁྱེར་ཏེ
ཡུལ་ལས་ཐོན  ཟླ་བཞིའི་རྗེས
ཁྱེད་ཀྱི་ཅི་ཡང་མ་ཁྱེར་བར
ང་རང་བསྐྱུར་ཏེ་རྒྱང་ལ་ཆས
 
           སྣང་བ།
 
མེ་ལྕེ་རེ་རེ་ནི་སེམས་བྱུང་རེ་རེ
ང་ཡི་ལུས་པོ་ཐལ་བར་བསྲེགས
རླུང་བུ་འུར་འུར་དུ་ལྡང  ང་ཡང
ཁྱེད་ཀྱི་རྣམ་ཤེས་ལྟར  གང་ལ་ཡང་མ་ཐོགས
 
           རྨོ་སློག
 
ཡོད་ཚད་ལྷིང་འཇགས་ན་ཡང
གཡོག་རོག་པོའི་སྐེ་དྲིལ་ལས  སྒྲ་སིལ་སིལ་དུ་གྲག
ཁྱེད་ཀྱིས་གཏོད་པའི་རོལ་གྱི་རྗེས་དེད་སྐབས
བྱིས་པ་ལོ་བརྒྱད་གཅིག་ལ  སྒྲ་འདི་ཐོག་མར་ཐོས
 
་          སྐུ་ཉིད།
 
གྱེས་ཁར  ཁྱེད་ལ་འགྱོད་པ་འདུག་གམ
འགྱོད་པ་ག་ཚོད་འདུག་གམ
གལ་ཏེ  གཅིག་ལས་མེད་ན་ངས་ཀྱང་ཤེས
དེ་ནི་མི་རབས་གཅིག་གི་རྨི་ལམ་མོ
 
          སྦྲིད་སྨན།
 
ནམ་རྒྱུན  འཚོ་བ་ལ་གོམས་པར་བྱས
ཁེར་རྐྱང་ལ་གོམས་པར་བྱས
ཁྱེད་མེད་ཤུལ་དུ  ངས
རང་ཉིད་གང་ལ་གོམས་དགོས་པ་ཡང་མ་ཤེས
 
          ཨ་སྟོང་།
 
དཀར་ཡོལ་དཀར་གཙང་ནང་དུ
བླུགས་པ་དེ  སེང་གེའི་འོ་མ་མ་རེད
མངར་ལ་བསྐྱུར་བའི་ཆང་དང་འཚོ་བ་རེད
བྱས་ཙང  ཁྱེད་ཀྱིས་སྐྱེ་བ་གཅིག་ལ་ཆང་དཀར་མ་གཡུགས
 
        གདགས་སྲིབ།
 
གློག་སྐུད་སྟེང་བྱེའུ་གཅིག་བབས
གཉིས་བབས  མང་པོ་བབས
ངས་ཞོགས་པ་ནས་བརྩིས་ཀྱང་གྲངས་ཀ་མ་ཤེས
དེ་དུས  ཁྱེད་གཤེགས་ཏེ་ཉིན་མཚན་བརྒྱ་དང་བཅུ་གཅིག་བགོར
 
         གཅོང་རོང་།
 
ནང་སེམས་ཀྱི་མུན་རུབ
ཕྱི་ལོགས་སུ  གློག་སྒྲོན་རིམ་གྱིས་འབར
འཇིག་རྟེན་དེ་ལྟར་མཐའ་གཉིས་སུ་གྱེས་པས
ངས་ཁྱེད་ཀྱི་མིང་ནས་ཡང་ཡང་འབོད་དགོས་བྱུང
 
          འབྱམས་ཀླས།
 
མཚམས་འདིར་སླེབ་དུས  ཤེལ་མིག་ལ་འཁྱག་བད་ཆགས
འཁྱག་བད་དག་གཙང་པོར་ཞུས
གཙང་པོའི་ཕ་རོལ་ན་བསྒྲེང་ཡོད་པ་དེ 
སྤོ་བོ་ཚེ་རིང་ནོར་བུ་ཁྱེད་ཨེ་ཡིན
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།