འབྲོག་ཐང་དུ་ལུས་པའི་དྲན་པ། (ཞར་བཀོད་གསུམ)

17213



རྩོམ་པ་པོ། ཆང་གཞོན་ནུ།


འབྲོག་ཐང་དུ་ལུས་པའི་དྲན་པ།


 འུ་ཅག་འཚར་སའི་རེ་སྦྲ་སྨུག་པོ་དུད་དྲེག་དང་བཅས་རྡོ་ཁང་གྲུ་བཞིའི་ཕུགས་སུ་རལ། ། 
རྟ་ནོར་ལུག་གི་ཐང་མ་བརྡལ་སའི་སྤང་གི་བྲང་དུ་རྣོ་ལྕགས་འཕྲུལ་གྱི་འཁོར་ལོ་བསྐོར། །
རི་བསང་ཕུད་ས་དར་ལྕོག་འཐེན་སའི་རི་རྒན་དེ་ཡི་གློ་མཆིན་མ་ལུས་ཕྱིར་བསློགས་ཏེ། ། 
སྔོན་གྱི་སྨུག་སྤྲིན་ཞགས་པ་འཁྱུད་སའི་རི་ཡི་ཕྲེང་བ་ས་སྨུག་སྐྱ་བོས་བཏུམས་གྱུར་ཀྱང་། །
ཤ་རྩ་སྨུག་ཅིང་དཔའ་བའི་གདེང་ལྡན་རྟ་རྒོད་ལ་བཅིབས་ལུག་ཁྱུ་འདེད་པའི་སྤོ་བོ་དེའི། ། 
སྐད་གསང་མཐོ་བའི་ཀི་སྒྲ་དྲག་པོ་བྲག་ཅ་དང་བཅས་ད་དུང་འདི་རུ་ཡོད་སྙམ་བྱུང་། ། 
 
འུ་ཅག་དགའ་སའི་ཐོ་རུ་རྐྱང་དམར་ན་སོ་རྒས་ཏེ་ལུང་བའི་མདོ་རུ་གཅིག་པུར་འཁྱར། ། 
དེ་སྔོན་རྨིག་བཞི་རླུང་གི་འཁོར་ལོས་ཐང་ཆེན་གཅོད་པའི་བང་རྩལ་དེ་ཡང་རྦད་དེ་ཤོར། ། 
གཡང་ལུག་སྤྲིན་གྱི་ཚོམ་བུ་བསྐྱིལ་སའི་ལྷས་ར་དེ་རུ་རྩྭ་ལྡུམ་འཇག་མས་ཁེངས་ནས་ནི། །
སྟོང་ཞིང་ལྷིང་བའི་སྐྱ་ཐེར་ཐེར་གྱི་མཚེར་ཤུལ་འདི་ནས་འབྲོག་སྡེ་གར་སོང་མ་ཤེས་མོད། །
རྨིག་པས་འཛིན་མ་རྔ་ལྟར་བརྡུངས་ཤིང་འཚེར་སྐད་ལ་ནི་ལྷང་ལྷང་སྒྲོག་པའི་རྟ་ཁྱུ་ཡི། །
རྫི་བོའི་ལ་གླུའི་དབྱངས་རྟ་སྙན་མོ་བསིལ་རླུང་དང་བཅས་ད་དུང་རྣ་བར་འཁོར་བ་འདྲ། ། 
 
འུ་ཅག་མཉམ་དུ་བེའུ་ཁྱུ་འཚོ་སའི་སྤང་ཁུད་དེ་རུ་ད་ཆ་གཞུང་ལམ་བསྣོལ་མར་བསྐྲུན། ། 
དགུན་ཁར་ལྷན་དུ་དར་ཤུད་སྟེག་སའི་ཆུ་བོ་དེ་ཡང་བྲི་བར་གྱུར་ཅིང་ཙད་པས་བསྐམས། ། 
སྲོད་ཀྱི་གྲིབ་ཆེན་ཐང་ལ་ལྷུང་འདྲའི་ནོར་གནག་ཁྱུ་ཚོགས་ཉུང་ནས་ཉུང་དུ་ཕྱིན་ཚར་ཏེ། ། 
སྣ་གཅུ་མེད་པའི་གཡག་རྒན་དེ་ཡང་ན་སོ་རྒས་པས་མཚེར་ཤུལ་དེ་རུ་བསྐྱུར་མོད་ཀྱང་། ། 
ལྷགས་རླུང་རྒོད་པའི་གྲང་འཁྱག་མཚན་མོའི་བུ་ཡུག་ཁྲོད་ན་ལྷས་རའི་ལུག་ཁྱུ་སྲུང་བ་ཡི། ། 
སྒོ་ཁྱིའི་ཟུག་སྐད་ལྕགས་ནག་ཐག་པའི་སིལ་སྒྲ་དང་བཅས་ད་དུང་འདི་རུ་ཡོད་ཡོད་འདྲ། ། 
 
འུ་ཅག་རྒྱུན་དུ་སྦེ་ག་འགྲན་སའི་དེའུ་འབུར་དེ་ཡང་ད་ཆ་ལྕགས་ཚེར་ར་བས་བསྐོར། །
སྔོན་ཆད་མཐོང་བའི་བྱ་དང་རི་དྭགས་ཁ་ཤས་ཤིག་ནི་དེ་ལ་ཐོགས་ནས་ཤི་སོང་ཟེར། །
ཨ་ཇོའི་ཕྱག་གི་ཐོག་རྒོད་འདྲ་བའི་འུར་ཆ་དེ་ཡང་དེ་སྔོན་རི་ནས་གཡུགས་ཟིན་ཅིང་། ། 
རྩེད་ར་གཅིག་ཏུ་མཉམ་དུ་ནར་སོན་ཆུང་འདྲིས་དེ་ནི་གཞན་ཡུལ་གནས་སུ་ཆས་ན་ཡང་།།
ངེད་གཉིས་རྟག་ཏུ་ལ་གཞས་གཏོང་སའི་རི་རྒན་ནག་ལྡང་ན་བུན་ཞགས་པས་དཀྲིས་པ་ཡི།། 
རི་འདབས་དེ་རུ་ལུག་ཁྱུ་དང་བཅས་མགོ་རས་གློ་སྐྱ་ད་དུང་རླུང་གིས་བསྐྱོད་པ་འདྲ། ། 
 
འུ་ཅག་རྩེད་སའི་བུམ་པ་འདྲ་བའི་རི་བོ་དེ་ཡི་ནང་སྙིང་བརྟོལ་ནས་ཕུགས་ལམ་བསྐྲུན། ། 
ཨ་མྱེས་དགའ་སའི་གེ་སར་སྒྲུང་གི་དབྱངས་རྟ་དེ་ཡང་དུས་ཀྱི་རླུང་བུས་ཁྱེར་སོང་ཟེར། ། 
འུ་ཅག་འཛོམས་སའི་འབྲོག་སྡེ་སྨུག་པོ་སྦྲ་ཡི་ཚོམ་བུ་སྤྱང་ཀིས་གཏོར་བའི་ལུག་ཁྱུ་འམ། ། 
སད་སེར་འདྲེས་མའི་རླུང་གིས་ཁྱེར་བའི་མེ་ཏོག་བཞིན་དུ་ཤར་དང་ནུབ་ཏུ་འཐོར་ན་ཡང་།།         
མགོ་བོ་སྔས་ཐོག་གཅིག་ཏུ་བཞག་ནས་ཁ་ཚུབ་ནང་གི་ཟླ་བར་མཉམ་དུ་བལྟས་མྱོང་བའི། །
སོ་སོར་གྱེས་པའི་ཆུང་གྲོགས་དག་ནི་འཛུམ་བག་དང་བཅས་ད་དུང་དྲུང་ན་ཡོད་ཡོད་འདྲ།། 
 
 
                                          ༢༠༢༠/༤/༧ ཉིན་གྱི་ས་སྲོད་དུ་བྲིས་སོ། །

               ࿑ སྐྱོ། 

 ནུབ་ཁའི་མཚམས་སྤྲིན་འོད་ཀྱི་ཚོམ་བུ་ལས། ། 
རྒྱང་བཞུད་ཉི་མ་གཞོན་ནུའི་ཕྱི་མིག་གཉོམ། །
སྲོད་ལ་ལྡང་བའི་གྲང་འཁྱག་རླུང་བུ་ཡིས། ། 
ཡིད་ལ་གཞལ་མེད་སྐྱོ་བའི་འཕྲིན་པ་ལྷུང་། །
བརྩེ་བའི་གདུང་བ་ལྕི་བའི་ན་ཚོད་འདིར། །
སྡུག་གི་མཚོ་མོར་ལྷུང་བ་ལན་གཅིག་མིན། །
 
ཨེ་མ་བདག་ནི་རླུང་གིས་རབ་གཡོ་བའི། ། 
དར་གྱི་ཤམ་བུ་ཡུག་ཡུག་བསྐྱོད་ལ་ཆགས། ། 
དུས་ཀྱིས་ཟད་པའི་སྐད་རགས་ལྗང་གུའི་སྣེར། ། 
ཞེ་མཐུན་ཞིག་དང་འདྲིས་པའི་གཏམ་རྒྱུད་ཡོད། ། 
དུས་ཀྱིས་མ་སུབ་དྲན་གདུང་སྐྱུར་མའི་ཆང་། ། 
 
སྐྱོ་གདུང་སྙིང་རྩར་འཁྱིལ་བ་ལན་གཅིག་མིན། །
རྟག་ཏུ་བརྗོད་མེད་སེམས་ཀྱི་གཙང་བོའི་ཁར། །  
ཁྱོད་ཀྱི་མཛེས་པ་ཉིད་ཀྱི་གཟུཊ་བརྙན་འཁོར ། །
འདར་བའི་ངག་གིས་ཁྱོད་ལ་ཁམས་བདེ་ཞུ། ། 
ལྡིང་བའི་སྙིང་ཆུང་ཁྱོད་དང་ཉེ་བར་བཅར། ། 
འདི་ནི་ཚེ་སྔོན་ལས་འཕྲོའི་ཞགས་པ་ཡིས། ། 
གཅིག་ཏུ་བཅིངས་པ་ཨེ་རེད་སྙིང་མཐུན་ཀྱེ། ། 
 
འབྲལ་ཁ་གྱེས་ཁའི་རྒྱབ་གཟུགས་མོག་པོ་དེ། ། 
མཆི་མ་འཁྲིགས་པའི་སྤྱན་གྱི་སྒྲོག་ལ་ཚུད། །
རྣམ་དག་སྨོན་པའི་ཚིག་ཅིག་སྐྱེས་སུ་འབུལ། །       
ཁ་དྲོ་ཡོང་བའི་གཏམ་གྱིས་སྐྱེལ་མ་ཞུ། ། 
ཚེ་འདིའི་ལ་མོ་བརྒལ་བའི་ཕ་རོལ་ནས། ། 
ཞེ་འདྲིས་བཞིན་དུ་འཕྲད་ཤོག་སྙིང་མཐུན་ཀྱེ། ། 
 
                       ༢༠༢༠/ ༣/ ༢༦ ཉིན་གྱི་མཚན་མོར་བྲིས་སོ། ། 


ངག་གི་དངོས་གྲུབ་ཞུ་བའི་རབ་བྱེད།  

 
ཆུ་འཛིན་འཁྲིགས་པའི་ལྷ་ཡི་རྫིང་རིང་འཇའ་འོད་ཀྱིས་བསྐྲུན་གུར་ཁང་དུ། ། 
ས་གསུམ་མཛེས་པའི་གཟི་མདངས་འཕྲོག་པ་དཔལ་གྱི་སྒེག་པས་དྲེགས་གྱུར་པ། །
རིག་བྱེད་ངག་གི་རྒྱལ་ཡུམ་ཆེན་མོ་གླུ་དང་གར་གྱིས་རྩེན་ལགས་ན། །
སྐྱེ་དགུའི་དང་འདྲེན་རྣ་བའི་བཅུད་ལེན་ངག་གི་ཡོན་ཏན་བདུད་རྩི་ཡི། །
འགྲོ་བའི་སྙིང་དང་སྙན་དབང་བཟི་བའི་རོ་མངར་ད་དུང་འཁྱིལ་ལགས་ན། །
མཁྱེན་པའི་ཐུགས་རླབས་ཕྱོགས་བཞིའི་ཉལ་འགྲོའི་གཏེར་གྱི་རླབས་ལ་རབ་འཁུ་བ། ། 
ཡེ་ཤེས་ཉི་ཟླའི་དཀྱིལ་འཁོར་གསལ་བ་སྲིད་གསུམ་མུན་པ་གཞོམ་མཛད་པ། །
སྙན་འགྱུར་སྟོང་ལྡན་ཕྱག་སྟོང་འཕྲུལ་གྱིས་རྒྱུད་མངས་ལན་ཅིག་དཀྲོལ་བ་དང་། །
ཀ་ལ་པིང་ཀའི་སྒྲ་དབྱངས་ཟིལ་གནོན་སྒྱུ་འཕྲུལ་སྙན་པའི་བརྡ་གླུ་བཞེངས། །
དེས་ཀྱང་ནད་ཀྱི་མྱ་ངན་གྱིས་གདུང་སྐྱེ་བོར་དངོས་གྲུབ་སྤྲིན་ཆར་འཇོ། ། 
དེ་ཡིས་སེམས་སུ་བདུད་རྩིའི་སྨན་སྦྱིན་ནད་ཀྱི་གདོན་ལས་གྲོལ་བདེན་ན། ། 
འཁོར་བའི་ཞིང་དུ་འཁོར་བའི་སྡུག་བསྔལ་རབ་ཏུ་འཁོར་བའི་འཁོར་བ་རུ། ། 
མྱ་ངན་གྱིས་གདུང་སྐྱབས་གནས་འཚོལ་བཞིན་དབྱངས་ལ་ཆགས་པའི་ཐ་མལ་བ། ། 
ངག་གི་དངོས་གྲུབ་རབ་ཏུ་འདོད་ཅིང་ལྷ་མོ་འཚོལ་ལ་ཡིད་རངས་པའི། ། 
མགྲིན་པ་ལོངས་སྤྱོད་འཁོར་ལོའི་གདན་དུ་ཁབ་ཏུ་བསུ་ལ་རབ་བྲེལ་བའི། ། 
ངག་གི་ཡུམ་ཆེན་ཚངས་ཆེན་སྲས་མོ་ཚེ་རབས་ཀུན་ལ་བསྟེན་མགུ་བ། ། 
སྒྲིབ་གཉིས་མིག་ཟུང་རབ་ཏུ་བསྒྲིབས་པས་ལྷ་མོ་མཐོང་བའི་མིག་ལྡོངས་པ། ། 
ལས་ཉོན་ལྕི་བས་ཐོས་འཛིན་དབང་བོས་ལྷ་མོས་དཀྲོལ་བའི་སྒྲ་མ་ཚོར། ། 
ཀུན་ཏུ་རྒྱུ་ཞིང་ཕྱོགས་ལྷུང་བྲལ་བའི་འགྲོ་བ་ཀུན་གྱི་ཡུམ་ཆེན་མོ། ། 
བརྩེ་ཆེན་སྤྲིན་པ་འཁྲིགས་པའི་ཕང་ནས་དངོས་གྲུབ་རྩྭ་རྩེའི་ཟིལ་བའི་ཆ། །
བདག་ལ་གནངས་ཏེ་རྗེས་སུ་ཟུངས་ཤིག་འཇིགས་པ་ཀུན་སྐྱོབ་སྒྲོལ་མའི་སྤུན། ། 
བྱམས་པ་ཆེན་པོས་རིགས་དྲུག་ཡོངས་སུ་སྐད་ཅིག་ཙམ་ལའང་མི་སྡོད་པར། ། 
གློག་གི་འགྱུ་དང་རླུང་གི་སྤུན་ལྟར་སྲིད་པ་ཀུན་ཏུ་བྱོན་བདེན་ན། །
མི་ཕྱེད་དད་པས་ལུས་ངག་ཡིད་ཀྱིས་ཡང་ཡང་བསྟེན་པའི་དད་ལྡན་བདག །
རིས་སུ་མ་གཅོད་རྒྱང་དུ་མ་འཕུད་བདག་གི་ལྷ་མོ་མཚོ་བྱུང་མ། ། 
ཡིད་ཀྱི་གདུང་བ་ཤིན་ཏུ་ལྕི་ཚེ་སྙན་པའི་ངག་གིས་བདག་སེམས་གསོ། ། 
སྨྲེང་སྐྱོའི་ཁ་བ་སེམས་སུ་བབས་ཚེ་ངག་རིག་འོད་ཀྱིས་དྲོད་ཁོལ་སྦྱིན། ། 
ལམ་གྱི་གྲོགས་དང་ལས་ཀྱི་སྤུན་ཡིན་བདག་ནི་རིག་བྱེད་ངག་ལ་ཆགས། ། 
དེ་ལ་བྱིན་རླབས་ཚན་ཁ་སྩོལ་མཁན་རྡོ་རྗེ་ངག་རིག་ལྷ་མཆོག་རེད། ། 
བསྙེན་ཅིང་བཀུར་ན་ཚེ་རབས་ཕྲེང་བར་རྗེས་ནས་མ་འདོར་ཡིད་འཕྲོག་མ། ། 
ལྔ་རིག་མཁས་པའི་དབང་བོ་ཡིན་ཡང་ཁྱེད་རང་རྟག་ཏུ་མཆོད་ཀྱིན་ཡོད། ། 
གྲུབ་པའི་དབང་ཕྱུག་ཆེན་མོ་ཡིན་ཡང་ཁྱེད་ལ་རྟག་ཏུ་བཀུར་ནས་ཡོད། ། 
རྒྱལ་བསྟན་གཙང་མའི་ཤིང་རྟའི་སྲོལ་འབྱེད་རྒྱལ་བ་གཉིས་པར་གྲགས་པ་ཡི། ། 
བློ་བཟང་གྲལས་པའི་དཔལ་མཆོག་གིས་ཀྱང་སྙན་པར་འདོད་ཚེ་ཁྱེད་ཉིད་བསྟེན། ། 
དེ་དང་དེ་མིན་རྒྱ་གར་འཕགས་ཡུལ་མཁས་དང་དབང་བོའི་ཁྱུ་མཆོག་རྣམས། ། 
གངས་ཅན་ལྔ་རིག་པཎ་གྲུབ་བྱེ་བས་ཁྱེད་རང་བསྟོད་ཅིང་ཁྱེད་ལ་གུས། ། 
ངག་རིག་སྨྲ་བའི་དབང་བོ་རྣམས་ཀྱིས་ཁྱེད་ལ་རྟག་ཏུ་སྙན་ངག་འབྲི། ། 
མཁའ་རུ་རྒྱུ་བའི་མཁའ་འགྲོའི་ཚོགས་ཀྱིས་ཁྱེད་ཀྱི་མཐའ་ནས་ཡོངས་སུ་བསྐོར། ། 
དབེན་པ་བསྟེན་པའི་རྣལ་འབྱོར་རྣམས་ཀྱིས་ཁྱེད་ལ་མཆོད་པ་རྒྱུན་མི་ཆད། ། 
སྙན་འདོད་བུ་སློབ་ཁྲག་ཁྲིག་དུ་མས་ཁྱེད་ལ་གསོལ་འདེབས་རྒྱུན་མི་ཆད། ། 
ཁྱེད་ཀྱི་སྙན་པའི་གྲགས་པའི་བ་དན་སྲིད་པ་གསུམ་དུ་གཡོ་བ་ལགས། ། 
ཁྱེད་ཀྱི་མཛེས་སྡུག་དཔལ་གྱི་ཆ་ལ་ལྷ་རྣམས་འགྲན་པའི་སྤོབས་པ་ཞི། ། 
ཁྱེད་ཀྱི་སྙན་པའི་གསུང་དབྱངས་ཀུན་གྱིས་ལྷ་དང་ལྷ་མིན་དམ་ལ་འདོགས། ། 
ཁྱེད་ཀྱི་སྙན་པའི་སྒྲ་དབྱངས་འཇམ་པོས་ནགས་ཀྱི་རི་དྭགས་ཚུར་ལ་བཀུག། 
ཁྱེད་ཀྱི་གསུང་དང་ཁྱེད་ཀྱི་ངག་གིས་འགྲོ་ཀུན་སེམས་པ་བདུད་རྩིས་བཟི། ། 
ཁྱེད་ཀྱི་གསུང་སྙན་ལན་གཅིག་ཐོས་པས་སྐྱེ་འགྲོའི་མྱ་ངན་གདུང་བ་ཞི། ། 
དེ་བས་ཁྱེད་ཀྱི་ལྗགས་རྩེ་ལས་ལྷུང་ཞལ་ཆུ་ཡིན་ཡང་བདག་ལ་གནོངས། ། 
ཟིལ་ཐིགས་ལྟ་བུའི་ཞལ་ཆུ་ཙམ་ཡང་བདག་ནི་དགའ་བས་དང་དུ་ལེན། ། 
 

གོས་དཀར་ལྷ་རྗེར་ཕུལ་བའི་སྙན་ཚིག་ཨུ་དུམ་ཝ་ར། 

 
 ཨེ་མ་གང་གི་གསང་གསུམ་སྒྱུ་འཕྲུལ་གྱི་དྲ་བས། ། 
ངག་རིག་པད་མོར་ཆགས་པའི་རྐང་དྲུག་གི་ཚོགས་ལ།། 
ངག་གི་ཀློང་ཆེན་བརྡོལ་ལ་རམ་འདེགས་དེ་བདེན་ན།། 
ད་ལྟ་ཉིད་དུ་བདུད་རྩིའི་ཟིལ་ཐིགས་ཙམ་སྩོལ་རོགས།། 

འགྲོ་བའི་བདེ་སྡུག་ཐུགས་ཀྱིས་རྒྱང་རིང་དུ་མ་དོར། ། 
སྐྱེ་འགྲོ་ཡོངས་ལ་རིས་མེད་བྱམས་པ་ཡིས་སྐྱོང་བ། ། 
ན་ཚའི་གདུང་བ་ཞི་བསིལ་བདུད་རྩི་ཡིས་སེལ་བ། ། 
སངས་རྒྱས་སྨན་གྱི་ལྷ་ལ་གུས་ཕྱག་གིས་འདུད་དོ། ། 

གངས་ཀྱི་ས་འཛིན་དུ་མས་ཕྱོགས་ཡོངས་སུ་བསྐོར་བའི།། 
རང་རེའི་གངས་ལྗོངས་ས་ཡི་ཐིག་ལེ་ནས་འཁྲུངས་པ། ། 
བོད་ཀྱི་འཚོ་བྱེད་དང་པོའི་སྙན་གྲགས་ཀྱི་བ་དན། ། 
ཕྱོགས་སུ་གཡོ་བའི་དུང་གི་ཐོར་ཅོག་ཅན་མཆོད་དོ། ། 

གངས་ཅན་གསོ་བ་རིག་པའི་སྙན་པ་དེ་འཕུར་དུས། ། 
གསོ་བཤད་བསྟན་པ་དར་བའི་ཁྲི་སྲོང་གི་སྐབས་སུ།། 
ལྷ་ཡི་རྗེ་བོར་བཀུར་བའི་མཚན་ཐོབ་དེ་བྱིན་པ། ། 
རྒྱུད་བཞིའི་མཛད་པོ་གཡུ་རྙིང་མགོན་པོ་ལ་འདུད་དོ།། 

ད་ནི་གོ་ལའི་ཁྱོན་ལ་ནད་ཡམས་ཀྱིས་གཙེས་ཤིང་། །
སྐྱེ་འགྲོའི་གཅེས་སྲོག་གཅིག་རྗེས་གཉིས་མཐུད་དུ་འཕྲོག་པ།།
ཕྱོགས་ཀུན་ནད་ཀྱི་རྒོལ་བས་འཇིགས་པ་ཡིས་ཁེངས་དུས། ། 
འཚོ་བྱེད་ལྷ་རྗེ་ང་ཚོའི་སྐྱབས་མགོན་དུ་ཕེབས་བྱུང་། ། 

ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་དཔལ་འབར། ། 
བག་ལ་ཞ་བའི་ནད་པའི་སྙིང་ཁ་ནས་བསྒྲོན་པས། ། 
ཀུན་ནས་ཕམ་པའི་ནད་པའི་མུན་པ་རང་སེལ་ནས། །
གདོང་ལ་རེ་བའི་ཉི་གཞོན་དལ་དལ་གྱིས་འཛུམ་བྱུང་། །

ཁྱེད་ཀྱི་ལྷག་བསམ་ཟླ་བ་མཁའ་དབྱིངས་སུ་འཛུམ་དུས། །
ནད་ཀྱིས་གདུང་བའི་སྐྱེ་བོ་སྡུག་བསྔལ་ལས་གྲོལ་ཏེ། །
དགའ་བདེས་མྱོས་པའི་ཞལ་གྱི་ཀུ་མུད་དེ་གྲོལ་ནས། །
བདེ་སྐྱིད་འཛུམ་པའི་མགོ་ལྕོག་ལན་མང་དུ་ལྡེམ་བྱུང་། །

ཉིན་མཚན་དབྱེར་མེད་དུས་ཚོད་ཉེར་བཞི་ཡི་རིང་དུ། །
པྲོག་དབྱིབས་ནད་ངན་དེ་དང་གཡུལ་འགྱེད་དེ་བཤམས་ནས།། 
ཁོང་ལོང་ཇ་ཡུན་ཙམ་ཡང་ཆུད་ཟོས་སུ་མ་བྱས། །
ཀུན་ཏུ་རྒྱུ་བའི་འཕགས་པ་བྱང་སེམས་དང་ཁྱད་མེད། །

གཉེན་དང་བུ་ཕྲུག་ཡོད་ཀྱང་རེ་ཞིག་དེར་བསྐྱུར་ནས། །
གཞན་དོན་ཁོ་ནར་འབད་པ་བྱམས་སེམས་ཀྱི་བདག་པོ།། 
དེ་བས་བྱང་ཆུབ་སེམས་དཔའ་གཞན་ས་རུ་མི་འདུག ། 
སྙིང་རྗེའི་སྤྱན་ལྡན་ལྷ་རྗེ་སེམས་དཔའ་རང་རེད་དོ། །

ཀུན་ནས་གཞན་ཕན་ནོར་བུའི་མཛེས་རྒྱན་དེ་སྤྲས་པའི།།
ལྷག་བསམ་ཆུ་ཤེལ་ཟླ་བའི་ཅོད་པན་གྱིས་མཛེས་པའི། །
དུས་ཐོག་ཆར་བ་ལྟ་བུའི་ལྷ་རྗེ་ཡི་ཚོགས་ལ། །
སྙན་ཚིག་ཨུ་དུམ་ཝ་རའི་མགུལ་རྒྱན་འདི་འབུལ་ལོ། །

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།