སྒྱུ་འཕྲུལ་གྱི་ལྷ་མོ།

20463


__ཁམས་པ་རབ་དབྱངས། (རྫ་སྟོད)




དར་སྔོན་གྱོན་པའི་ལྷ་མོ་དེས། །
ཚོར་བའི་འདུ་བྱེད་གཡོ་བ་ན། །
ནགས་ཀྱི་འཁྲིས་སུ་བྱེའུ་དག །
རྩེད་དགའི་ངང་ནས་འཕུར་ལྡིང་བྱེད། །
དབྱངས་ལ་ས་རྡུལ་མ་གོས་པའི། །
ཚིག་གི་ཟླ་བའི་འོད་པོ་ཆེ། །
ཚོར་བའི་རྟོག་པ་འགྱུ་བའི་ཚེ། །
སྙན་ངག་མེ་ལོང་གསལ་བར་བྱས། །
སྙན་ངག་འབབ་ཆུ་མ་སྙོག་པ། །
ལྗོན་པའི་འདབ་མ་འགུལ་བའི་ཚེ། །
དྲི་བསུང་འཐོར་བའི་ལྷོ་མོ་དེ། །
ཐོལ་བྱུང་མགུར་མ་ཅི་ཡང་འཐུལ། །

སེམས་འགྱུ་སྣང་བ་བྲིས་པ་ན། །
མགྲིན་པ་གླུ་ཡིས་དེད་པའི་ཚེ། །
དབྱངས་ཀྱི་གླུ་ཆུང་གཉོམ་པོ་ལ། །
ཚོར་བའི་ལུས་ངག་འདར་འདར་བྱེད། །
ཤེས་བྱ་མཐོང་བའི་མེ་ལོང་ངོས། །
སྣ་ཚོགས་ཚོར་བའི་རི་མོ་བྲིས། །
སྙན་འཇེབས་ངག་གི་འཁྲི་ཤིང་ལ། །
ཚིག་གི་རྩེད་འཇོ་འཁྲབ་པར་བྱེད། །

དབྱངས་ཀྱི་སྣང་བ་རྩེར་སོན་པའི། །
གཡའ་བྲལ་ཚངས་པའི་པི་ཝང་ཅན། །
ངག་གི་མགྲིན་པ་རྩེ་གཅིག་རོལ། །
སྙན་ངག་ལྷ་མོ་ཡིད་ངོར་བྱོན། །
རྟོགས་བརྗོད་འཕྲུལ་བའི་རྩེད་འཇོ་ལ། །
བཅོས་མིན་ཚིག་གི་ཕུང་པོ་གྲོལ། །
སྙན་ངག་རླུང་བུ་ལྡིང་ཙམ་གྱིས། །
སྐྲ་ལོའི་རྩེ་ནས་ཟིལ་བ་བཞུར། །

ལུས་ཀྱི་འགྱུར་བག་ལྡེམ་ལྡེམ་འདི། །
མིག་མཐའ་ལྷུང་བ་རྩིས་གྲངས་མེད། །
འཛུམ་པའི་འོད་ཀྱི་མདངས་རས་འདི། །
སེམས་ནས་དྲན་པ་ཐེངས་ཅིག་མིན། །
གངས་རི་ངོས་ལ་མ་བྲིས་པའི། །
མཚོ་མོ་རླབས་ཀྱི་མ་བརྒྱན་པའི། །
མཛེས་སྡུག་འཁྱུད་པའི་གར་མ་འདི། །
སྙན་ངག་ལུས་ཀྱི་སྲོག་ཤིང་ཡིན། །

སྒྱུ་འཕྲུལ་ངག་གི་རིག་བྱེད་མ། །
སྙན་ངག་ཡངས་པའི་སྐྱེད་ཚལ་དུ། །
སྣང་སྟོང་མགུར་མ་བླངས་བའི་ཚེ། །
དབྱངས་ཀྱི་ཨ་ཅག་ཁྱེད་རང་དྲན། །
ཡེ་ནས་མཛེས་པའི་ཞལ་ངོ་ལ། །
འཇའ་མཚོན་དམར་སེར་བཀྲ་བཞིན་འདུག །
སྙན་ངག་གཙང་ཆུ་འབབ་བཞིན་འདུག །
དེ་ནི་དབྱངས་ཅན་ལྷ་མོ་ཞེས། །
གཉུག་མའི་ཚིག་གི་ཟློས་གར་ལ། །
དགོད་པའི་མིག་མདངས་རིམ་བཞིན་འཕྱུར། །
ཚོར་གཤིས་རླུང་བུ་ལྡིང་འགྲོས་ལ། །
ངག་གི་རིག་བྱེད་གང་སར་གཡོ། །
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།