གསོལ་འདེབས་འོ་མའི་ཆབ་རྒྱུན།(ཞར་བཀོད་གཅིག)_དཔལ་འབྱོར།

4684



གངས་རིའི་ལྷ་སྐལ་ཨརྱ་ལོ་ཀི་ཤྭ་རིའི་ཐུགས་རྒྱུད་སྐུལ་བའི་གསོལ་འདེབས་
འོ་མའི་ཆབ་རྒྱུན་ཞེས་བྱ་བ་བཞུགས་སོ།།


ན་མོ་གུ་རུ་ལོ་ཀི་ཤྭ་རི་ཡ།
བགྲང་ཡས་རབ་འབྱམས་བསྐལ་བ་རྒྱ་མཚོའི་ངོགས།།
བརྩེ་ཆེན་སྤྱན་རས་གངས་ལ་གཟིགས་པ་ཡི།།
རབ་དཀར་སྙིང་རྗེའི་ལྷ་མཆོག་མིག་མི་འཛུམ།།
མཆོད་ཅིང་བསྟོད་དོ་ཐུགས་བརྩེས་དེང་འདིར་དགོངས།།

བཟློག་མེད་ལས་དབང་རླུང་བུས་སྐྱོམ་པ་ཡི།།
རྒྱུད་ལྔའི་འགྲོ་ཚོགས་སྤྱི་དང་ཁྱད་པར་དུ།།
རྨུ་རྒོད་གངས་ལྗོངས་འདུལ་བའི་སེམས་དཔའ་ཆེ།།
སྐྱབས་མཆོག་ལོ་ཀི་ཤྭ་རིར་གསོལ་བ་འདེབས།།

རྐྱལ་གྱིས་མི་ཤོགས་འདོད་རྔམ་རླབས་ཀྱི་རྒྱུན།།
ལིང་ལོང་འཕྱོ་བ་སྣང་སྲིད་སྒྱུ་མའི་ཁམས།།
འབྱམས་ཀླས་དམིགས་མེད་སྙིང་རྗེའི་གྲུ་ཆེན་གྱིས།།
སྒྲོལ་མཛད་ཞི་བདེའི་དེད་དཔོན་དགོངས་སུ་གསོལ།།

རིང་ནས་དཔག་དཀའ་རླབས་ཆེན་ཐུགས་ཀྱི་སྟོབས།།
སྙིགས་མ་སྙིགས་མའི་གདུལ་བྱར་བརྩེར་དགོངས་ཏེ།།
མཆོག་ཏུ་ཞི་བསིལ་བྱམས་བརྩེའི་ཀློང་ཡངས་པོར།།
ཅིག་ཅར་བཀྲི་མཛད་གངས་རིའི་མགོན་པོར་བསྟོད།།

ཚོགས་གཉིས་ཟླ་གཞོན་བཞུས་པའི་ཆབ་རྒྱུན་གྱིས།།
ཡང་ཡང་དཀྲུས་པས་དག་གཙང་གངས་ཀྱི་རིར།།
སྐུ་བཞི་ཉི་ཟླའི་འཕྱང་འཕྲུལ་གཡོ་བ་དེས།།
སྣོད་བཅུད་བརྟན་གཡོའི་འཚེ་བ་བསྲུང་གྱུར་ཅིག།

ཡེ་ཤེས་རང་གཟུགས་ཏཱ་རེ་སྒྲོལ་མ་དང་།།
མི་ཕྱེད་གཡར་དམ་གཅིག་ཏུ་བཞེས་པ་ཡི།།
ལྷག་ལྷ་གང་དེའི་ཐུགས་རྗེ་གནད་བསྐུལ་ན།།
དུས་མིན་ནད་གདོན་ཉེར་འཚེའི་གཡུལ་ལས་སྐྱོབས།།

ཀུན་ནས་བསིལ་བ་ཟླ་ཤེལ་ཁ་བའི་མདངས།།
དམིགས་མེད་སྙིང་རྗེའི་རླབས་དང་བསྡེབས་པ་ལས།།
ཀུན་རྟོག་བན་བུན་འཐིབ་པའི་འཁྲུལ་སྣང་གྲོང་།།
གསལ་མཚེར་ཡེ་ཤེས་འོད་ཀྱིས་འགེངས་ལ་བསྟོད།།

འབྱམས་ཀླས་མོས་ཁམས་སྣ་ཚོགས་པིར་གྱི་རིས།།
ཇི་སྙེད་འཚམས་པའི་སྐུ་ཐུགས་བཀོད་པ་བརྒྱ།།
ཟླ་གཟུགས་འབུམ་སྣང་ཆུ་ཟླའི་རོལ་གར་བཞིན།།
གང་འདུལ་འཕྲིན་ལས་ལྷུན་འགྲུབ་མགོན་ཁྱོད་རྒྱལ།།

གནམ་སའི་ཁུགས་པ་འདོད་རྔམ་རླབས་ཀྱིས་སྦྲེལ།།
བཅོས་ཟོལ་སྒྱུ་མའི་སྨག་ཆེན་གཏིབ་པ་ན།།
ཐུགས་བརྩེས་ཁ་བའི་ཡུལ་རིས་སྐྱོབ་པོ་ཞེས།།
ཞལ་བཞེས་ཐུགས་བསྐྱེད་དམ་བཅའ་གནད་ནས་སྐུལ།།

བརྩེ་ཆེན་ཐབས་ཀྱི་རང་བཞིན་མ་ཎི་དང་།།
སྟོང་གཟུགས་ཤེས་རབ་རྣམ་འགྱུར་པདྨ་སྟེ།།
གཉིས་མེད་མཉམ་སྦྱོར་ཆེས་ཟབ་གདམ་པའི་གནད།།
ཡི་གེ་དྲུག་མ་གངས་རིའི་ཆོས་སྐལ་ལགས།།

སེམས་དཔའ་ཆེན་པོའི་ཐུགས་བསྐྱེད་དབུ་སྙུང་གིས།།
བདག་གིར་བགྱིས་པའི་བསིལ་ལྡན་ལྗོངས་འདིས་མཚོན།།
བརྩེ་ཆེན་འོད་དཀར་ཟེགས་མ་གར་ཕོག་ལ།།
ཕུན་ཚོགས་འདོད་དགུའི་གྲུ་ཆར་ཡང་ཡང་ཕོབས།།

ཉེས་བརྒྱའི་གཡང་ཁར་གྱར་བའི་འུ་བུ་ཅག།
སྐྱེས་རབས་སྲིད་པའི་མྱུ་གུ་ཕྲེང་བརྒྱུད་དུ།།
མཐོང་གྲོལ་འཕགས་མཆོག་དམ་པའི་ཞལ་བཟང་དང་།།
ལྷན་ཅིག་ཆོས་ཀྱིས་འཚོ་བའི་བཀྲ་ཤིས་ཤོག།

ཚེ་རབས་ལེགས་བྱས་ཀུན་ད་བཞད་པའི་ལྟོར།།
ཕན་བདེའི་ཟིལ་དངར་འཐུལ་བའི་ཟེའུ་འབྲུ་ལས།།
དངོས་གྲུབ་འོ་མའི་ཆབ་རྒྱུན་ལུད་པ་ཡིས།།
གངས་ཅན་སྣོད་བཅུད་ཡུག་ཏུ་དཀར་གྱུར་ཅིག།

             ཅེས་གངས་ཅན་ལྷག་པའི་ལྷ་མཆོག་གང་དེར་ཐུགས་དམ་གནད
་ནས་སྐུལ་བའི་དད་གསོལ་སྨོན་ཚིག་འདི་ཉིད། གུས་འབངས་སྐྱབས་འོག་པ་མང་གྲྭ་
དབུ་མ་བར་འབོད་པ་དེས་བཀྲ་ཤིས་ལྕགས་བྱིའི་ལོ་མགོ་གསར་དུ་ཚེས་པའི་རྟེན་འབྲེལ་
ཐོག་མར་ཕུལ་བ་ལགས་ན། ཁ་བ་རི་བའི་ལུགས་གཉིས་ངོ་སོ་དགུང་དུ་རེག་པའི་རྒྱུར་གྱུར་ཅིག




གངས་རིའི་ལྷ་སྐལ་ཨརྱ་ཏཱ་རེ་མའི་ཐུགས་རྒྱུད་སྐུལ་བའི་གསོལ་འདེབས་
གཡུ་ཡི་སྦྲང་ཆར་ཞེས་བྱ་བ་བཞུགས་སོ།།


ན་མོ་གུ་རུ་ཨརྱ་ཏཱ་རེ་ཡ།

ཇི་སྙེད་བྱེ་བ་ཕྲག་བརྒྱའི་སྟོང་ཆེན་ཁམས།།
འཕྲིན་ལས་འོད་ཞགས་གཅིག་གིས་དམ་འཁྱུད་དེ།།
ཉམ་ཐག་འགྲོ་བ་སྒྲོལ་བའི་དམ་བཅའི་ཁུར།།
མཐར་ཕྱིན་བཅོམ་ལྡན་འདས་མར་མཆོད་ཅིང་བསྟོད།།

མ་དག་སྙིགས་མའི་རྒུད་ཚོགས་ཆེས་བདོ་ཞིང་།།
གཡང་ཆགས་སྣོད་བཅུད་ལང་ཚོ་བྲི་ཙ་ན།།
མྱུར་མགྱོགས་ཐུགས་རྗེའི་འཇུག་པ་བླ་མེད་པའི།།
སྐྱབས་གཅིག་ཨརྱ་ཏཱ་རེར་གསོལ་བ་འདེབས།།

གང་ལ་བསྟེན་ན་ཞི་བསིལ་བདུད་རྩིའི་ཆར།།
འདོད་སྲེད་ཚ་གདུང་གཅིལ་བའི་གསོས་སྨན་དུ།།
ཡོལ་མེད་དུས་བཞིན་འཇོ་བའི་དངོས་གྲུབ་གཏེར།།
མྱུར་མ་དཔའ་མོའི་ཐུགས་དམ་གནད་ནས་སྐུལ།།

འཇིགས་རུང་ལས་ཀྱིས་དུབ་པའི་མྱ་ངན་འགྲོ།།
མི་བཟད་འཁོར་བའི་འདམ་ལས་སྒྲོལ་བ་ལ།།
དུས་གསུམ་རྒྱལ་བའི་ལས་བཞི་ཀུན་རྫོགས་པ།།
འཕྲིན་ལས་ལྷ་མཆོག་མརྒད་མདངས་ལ་བསྟོད།།

མཐོང་གྲོལ་མཛེས་ཟླུམ་ཟླ་བཞིན་འཛུམ་པ་ཡི།།
སྤྱན་དཀྱུས་ཨུཏྤལ་འདབ་བརྒྱ་རྒོད་པ་དེས།།
ཀུན་རྨོངས་ཆགས་སྡང་འཐབ་རར་གཡུལ་བཀྱེ་བའི།།
མ་དག་འཁོར་བའི་མུན་ཚོགས་བསལ་གྱུར་ཅིག།

འཇིག་རྟེན་གསུམ་མགོན་ཞལ་སྐྱེས་མུ་ཏིག་ལས།།
སྟོང་གཟུགས་འཕྲིན་ལས་ལྷ་མོར་རོལ་བ་གང་།།
དད་དམ་ལས་སྨོན་དམིགས་ཀྱིས་སྦྲེལ་ལགས་ན།།
ཐུགས་རྗེའི་མཐུ་དཔུང་སྐྱེད་ཅིག་མ་ཅིག་མ།།

ལྕུགས་ཕྲན་གཡུ་ཡི་ཡལ་ག་ལྡེམ་པ་ལས།།
འཆི་མེད་ཚེ་དང་ཡེ་ཤེས་བསིལ་སྦྱིན་ཞིང་།།
བརྒལ་དཀའ་ལས་ཉོན་འོབས་སུ་བྱིང་པའི་འགྲོ།།
ཐབས་མཁས་ཐུགས་རྗེའི་ཕྱག་གིས་འདྲེན་ལ་བསྟོད།།

ཟབ་ཡངས་རྒྱ་མཚོ་ཀུན་གསལ་ནམ་མཁའི་ནོར།།
མཐའ་བྲལ་ནམ་མཁའ་འདོད་འབྱུང་གཏེར་ལ་སོགས།།
རབ་འབྱམས་འཕྲིན་ལས་སྒྲུབ་པའི་དཔེར་འོས་ཀྱི།།
ཐོགས་མེད་ལས་བཞིའི་དབང་སྡུད་མ་ཁྱོད་རྒྱལ།།

བག་མེད་གཡེང་དང་དུག་ལྔ་སྟོབས་འབར་བའི།།
ས་ཆེན་མུན་པའི་ཀློང་དུ་འབྱམས་པ་ན།།
ཆེར་སྙིགས་རྒུད་ཚོགས་གཡང་ལས་སྒྲོལ་ལོ་ཞེས།།
འཕགས་མའི་ཐུགས་དམ་འཕྲིན་ལས་ཡང་གཅིག་སྐུལ།།

ཏཱ་རེས་སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ།།
ཏུཏྟཱ་ར་ཡིས་འཇིགས་ཆེན་གཡུལ་ལས་སྐྱོབ།།
ཏུ་རེས་འཕྲལ་ཡུན་ནད་གདོན་བར་ཆད་སེལ།།
ཡི་གེ་བཅུ་བ་ལྗོངས་འདིའི་ཆོས་སྐལ་ལགས།།

མཐོན་མཐིང་ལན་བུ་གཡོ་བའི་ཟེགས་མ་རེས།།
སྣང་སྲིད་གཏན་བདེའི་རྒྱལ་སར་ཡོངས་འདྲེན་ན།།
ཟག་མེད་གསང་གསུམ་ཡོན་ཏན་རྒྱ་མཚོའི་གཏེར།།
བསྟོད་དང་འབྲི་བས་ཆ་ཙམ་ག་ལ་ལོངས།།

བླང་དོར་བློ་མིག་ལྡོང་བའི་ཁོལ་བོ་ཅག།
སྐྱེ་ཞིང་སྐྱེ་བར་འཕགས་མའི་ཐུགས་བརྩེ་ཡི།།
བདེ་ཆེན་དགའ་དྲོད་འབར་བའི་འོད་ཀློང་ནས།།
འབྲལ་མེད་བུ་བཞིན་སྐྱོང་པའི་བཀྲ་ཤིས་ཤོག།

དད་གདུང་སྙིམ་པ་སྦྱོར་བའི་ཡལ་འདབ་རྩེར།།
སྨོན་འདུན་ཨུཏྤལ་ཚེམ་འཕྲེང་དགོད་པའི་རླབས།།
བདེན་གསོལ་དྭངས་གསལ་གཡུ་ཡི་སྦྲང་ཆར་རྒྱུན།།
ས་ཆེན་ཕན་བདེའི་གསོས་སུ་རྟག་འབབ་ཤོག།

               ཅེས་གངས་ཅན་ལྷག་པའི་ལྷ་མཆོག་གང་དེར་ཐུགས་དམ་
གནད་ནས་སྐུལ་བའི་དད་གསོལ་སྨོན་ཚིག་འདི་ཉིད། གུས་འབངས་སྐྱབས་འོག་པ་
མང་གྲྭ་དབུ་མ་བར་འབོད་པ་དེས་བཀྲ་ཤིས་ལྕགས་བྱིའི་ལོ་མགོ་གསར་དུ་
ཚེས་པའི་རྟེན་འབྲེལ་ཐོག་མར་ཕུལ་བ་ལགས་ན།
ཁ་བ་རི་བའི་ལུགསགཉིས་ངོ་སོ་དགུང་དུ་རེག་པའི་རྒྱུར་གྱུར་ཅིག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།