ལྷ་ས་དྲན་ཚུལ་བསྡུས་པ།(ཞར་བཀོད་གཉིས) _རོང་བོ་དགེ་འདུན་ལྷུན་གྲུབ།

4611



          ལྷ་ས་དྲན་ཚུལ་བསྡུས་པ།


ཟབ་ཟབ་ཆོས་ཀྱི་དགོངས་དོན་མ་ལུས་པ།།
གསལ་གསལ་མངོན་སུམ་གཟིགས་པའི་སྟོན་པ་དང་།།
འཛུམ་འཛུམ་ཞལ་ཀྱི་པདྨོས་འགྲོ་རྣམས་ལ།།
ཡང་ཡང་ལྟ་བའི་བླ་མ་སྤྱན་རས་གཟིགས།།
གང་གང་བསགས་པའི་ཚེ་འདིར་དལ་བའི་རྟེན།།
མཐོ་མཐོ་གངས་རིའི་སུལ་དུ་རྙེད་པ་ཡི།།
ཆུང་ཆུང་མི་ཡི་གྲལ་དུ་ལུས་པ་ངས།།
ནམ་ནམ་ལྷ་ས་དྲན་པའི་ཚིག་འགའ་འབྲི།།
དཀར་དཀར་གངས་རིས་རབ་མཛེས་བོད་ཡུལ་གྱི།།
མཛེས་མཛེས་ཏོག་ཏུ་བསྔགས་འོས་ལྷ་སའི་གྲོང་།།
མང་མང་རྣ་ལ་བྱང་བའི་ལོ་རྒྱུས་ནི།།
ཤར་ཤར་འབྲི་མིན་རང་གི་ཚོར་བ་ཙམ།།
ཉུང་ཉུང་ཚིག་གི་ལམ་དུ་འདྲེན་པ་འདི།།
ལེགས་ལེགས་སྙན་པའི་ངག་ཅིག་མ་ལགས་ཀྱང་།།
ཁྲ་ཁྲ་རིག་རིག་ཙམ་གྱིས་བསླུས་པ་མིན།།
དྲན་དྲན་ཞེ་ནས་དྲན་པའི་མཆི་མ་ཡིན།།
བརྗིད་བརྗིད་པོ་ཏཱ་ལ་ཡི་ཡང་སྟེང་ནས།།
མང་མང་ཆོས་སྲིད་ལུགས་གཉིས་མཐའ་དག་ལ།།
བཙན་བཙན་བཀའ་ཡིས་དབང་བསྒྱུར་སྲོང་བཙན་རྗེ།།
ཡང་ཡང་ཁྲི་ལ་བཞུགས་པའི་ལོ་ཟླ་དང་།།
སྙན་སྙན་གྲགས་པ་འབར་བའི་བཙན་པོའི་རྒྱུད།།
གང་གང་གསེར་གྱི་ཁྲི་ལ་འགྱིངས་པ་དྲན།།
ཞིམ་ཞིམ་སྤོས་སྣ་མང་པོ་འཐུལ་བ་དང་།།
འཇེབས་འཇེབས་ཆོས་ཀྱི་དབྱངས་སྙན་མ་ལུས་པ།།
མཆེད་མཆེད་དགུང་ལ་མཆེད་པའི་གཙུག་ལག་ཁང་།།
མང་མང་འགྲོ་བ་ཀུན་ཀྱིས་དུས་རྟག་ཏུ།།
དད་དད་ངང་དུ་ཕྱག་བསྐོར་མཆོད་འབུལ་གྱིས།།
བྲེལ་བྲེལ་ཟང་ཟིང་བྱེད་པའི་ཚུལ་དེ་དྲན།།
ཤར་ཤར་གཞུང་ལུགས་བློ་ནས་སྐྱོར་བ་དང་།།
འཆད་འཆད་བཀའ་དང་བསྟན་བཅོས་ཇི་སྙེད་དག།
ཟབ་ཟབ་དོན་རྣམས་ལུང་རིགས་ཀྱིས་འཛིན་པའི།།
བཙུན་བཙུན་དགེ་འདུན་འདུས་པའི་གྲྭ་ས་ཀུན།།
མཆོད་མཆོད་བསོད་ནམས་ཞིང་དུ་བཞུགས་པ་དྲན།།
ཡང་ཡང་མགོ་བོ་དུད་པའི་རྣམ་པ་ཡིས།།
བཀུར་བཀུར་རྒན་གཞོན་བྱམས་སྐྱོང་ཆེ་བ་དང་།།
འཇམ་འཇམ་ངག་སྒོ་འཇམ་པའི་ཚིག་གིས་ནི།།
འཛུམ་འཛུམ་བསུ་བའི་གྲོང་མིའི་སྤྱོད་པ་དྲན།།
བརླན་བརླན་སྙིང་རྗེས་བརླན་པའི་སྤྱན་རས་གཟིགས།།
ལྷོད་ལྷོད་ངང་དུ་དབྱར་ལ་བཞུགས་པའི་གནས།།
མཛེས་མཛེས་གླིང་ག་མཚོ་རྫིང་གིས་བརྒྱན་པའི།།
མང་མང་སེམས་ཀྱི་ནོར་བུ་གླིང་ག་གཙོས།།
ཆེ་ཆེ་བཟང་བཟང་ཡབ་གཞིས་ཕོ་བྲང་སོགས།།
གང་གང་དད་པའི་ཞིང་ས་དེ་རྣམས་དྲན།།
ཨ་ཨ་སེམས་ཀྱི་ཉི་མ་ལྷ་ས་ན།།
བསམ་བསམ་འདོད་འདོད་ཀུན་པོ་མེད་ཀྱང་རུང་།།
སྐྱོ་སྐྱོ་བྱེད་པའི་མི་རྣམས་འཚོ་ཡང་རུང་།།
གདུང་གདུང་མཆི་མ་འདོན་ས་མོད་ཀྱང་ཆོག།
དྲན་དྲན་དོ་ནུབ་ཡིད་ལ་ཤར་དྲགས་ན།།
ཡང་ཡང་དབུགས་རིང་ཕྱི་ལ་གཏོང་བཞིན་དུ།།
ངེས་ངེས་སྡོད་ཐབས་ཙམ་ཡང་དཀའ་ན་འང་།།
རིག་རིག་མིག་འདི་བཙུམས་ནས་འདུག་དགོས་ཤིང་།།
ཅོར་ཅོར་རྣ་འདི་བསུམས་ནས་འདུག་དགོས་པ།།
ཟབ་ཟབ་ལས་ཀྱི་་སྨིན་ལྕི་བས་ལན།།
མྱུར་མྱུར་མཛུབ་མོ་རྡེབ་པའི་བར་གསེང་ནས།།
ཆེ་ཆེ་སྣོད་བཅུད་ཡོངས་རྫོགས་མ་བྲིས་ཀྱང་།།
ལྷུང་ལྷུང་འབབ་པའི་སྐྱིད་ཆུའི་འགྲམ་ངོགས་ཀྱི།།
ཆུང་ཆུང་རྣམ་པ་ཙམ་ཞིག་གློ་བུར་བྲིས།།


         སྒྲ་རྒྱན་སེམས་ཀྱི་འཛུམ་རིས།


མཐོ་མཐོ་སྙེ་མ་དུད་པ་སྟོན་གྱི་དུས།།
མང་མང་རེ་བའི་རི་མོ་སྨིན་པའི་དུས།།
ལྷུང་ལྷུང་འབབ་ལྡན་དགུ་ཀླུང་སྔོན་མོའི་འགྲམ།།
ཧྲེང་ཧྲེང་རྒྱུ་བ་ཁོ་བོའི་གཡས་གཡོན་ན།།
ང་ང་སྙམ་པའི་ཤ་དར་ཁྲག་དར་དང་།།
འདར་འདར་བྱེད་པའི་ལུས་ཟུངས་ཀོག་པོའི་རིགས།།
ཡར་ཡར་འགྲོ་ཞིང་མར་མར་འདུར་བ་ཡིས།།
ཁྲ་ཁྲ་རིག་རིག་སྣང་བ་ཟམ་མི་ཆད།།
ཚུར་ཚུར་འོང་བའི་ཉི་ནུབ་གྲིབ་རིས་དང་།།
ཕར་ཕར་ཡལ་བའི་རི་རྩེ་ཉི་ཟེར་སོགས།།
གང་གང་འགྱུར་ལྡོག་ངང་དུ་གནས་པ་འདིས།།
མྱུར་མྱུར་རང་ཡང་རྒ་བའི་ལམ་དུ་འཁྲིད།།
ཡང་ཡང་ཡིད་ལ་ཤར་བའི་གྲོགས་དང་བཅས།།
དུངས་དུངས་བརྩེ་བས་སེམས་སུ་བཀུག་ན་ཡང་།།
རིག་རིག་མིག་གི་ལམ་ནས་མཇལ་དཀའ་བས།།
དྲིལ་དྲིལ་མཆི་མས་མཁུར་མགོ་བརླན་པར་བྱས།།
ཤར་ཤར་མེ་ལོང་ནང་གི་གཟུགས་བརྙན་བཞིན།།
བདེན་བདེན་འདྲ་ཡང་བདེན་པར་མ་གྲུབ་ཀྱང་།།
གསལ་གསལ་ཞེན་པར་གོམས་པ་མཐུ་ཆེ་བས།།
འདྲིས་འདྲིས་གང་ཞིག་བློ་ཡིས་འདོར་མ་ནུས།།
ཆེ་ཆེ་མ་ཡིན་ཆུང་ཆུང་མ་ཡིན་པའི།།
ཉར་ཉར་སེམས་སུ་རིང་ནས་བསྲེལ་བ་གང་།།
དེ་དེ་རྨི་ལམ་ཚུལ་དུ་སྒོམ་དཀའ་བ།།
ངེས་ངེས་སོ་སོའི་སྐྱེ་བོའི་ཆོས་ཉིད་ལགས།།
ཟབ་ཟབ་ཆོས་ཉིད་ཆེན་པོའི་དབྱིངས་ཤིག་ན།།
འདི་འདི་དེ་དེ་མེད་པར་མཉམ་ན་འང་།།
གང་གང་དེ་ཡི་མྱོང་བ་མ་ཐོན་བར།།
འདུ་འདུ་བྲལ་བྲལ་མཚམས་སུ་སྡུག་བསྔལ་ལྕི།།
གུས་གུས་དཀོན་མཆོག་མཆོད་པའི་བྱིན་རླབས་ཀྱིས།།
མྱུར་མྱུར་འཁྲུལ་བའི་དྲི་མ་བསལ་བ་དང་།།
མདུད་མདུད་རྟོག་པའི་དྲ་བའི་ཕ་རོལ་གྱི།།
ཟབ་ཟབ་ཡང་ཟབ་བདེན་པའི་དོན་མཐོང་ཤོག།


             སེམས་ཁྲལ།

ལིང་ལིང་སེམས་ཀྱི་ཕ་རོལ་ཚུ་རོལ་ན།།
ཡང་ཡང་རྒྱུ་བའི་གྱེས་བྲལ་ཁུར་ལྕི་བ།།
ཨེ་ཨེ་སུས་ཀྱང་བཟློག་པར་དཀའ་བ་ཡིས།།
གཉོམ་གཉོམ་ཚེ་འདི་འདོར་ཡང་ཅི་ལ་ཕངས།།
ང་ང་སེམས་ཀྱིན་མི་ཚེ་ཕྱེད་ཀ་འདས།།
ཁྱོད་ཁྱོད་འབོད་ཀྱིན་མི་ཚེ་ཕྱེད་ཀ་འདས།།
ཨ་ཨ་ད་ནི་ཅི་དང་གང་བྱེད་དམ།།
ལྷག་ལྷག་སང་ལོ་ཙམ་ཡང་ཕུད་དཀའ་འོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།