
ང་དང་མེ་ཏོག་ན་སོ*་ཡིན།
ང་དང་སྐར་མ་ན་སོ་ཡིན།
སྐར་མ་ཁ་ཚུབ་ནང་ན་ལམ་ལམ་འཛུམ།
ང་རང་ཨ་མའི་རུམ་ན་དམུལ་དམུལ་འཛུམ།
ང་དང་བྱེའུ་ཆུང་ན་སོ་ཡིན།
བྱེའུ་ཆུང་ལྗོན་པའི་རྩེ་ན་ལྡེམ་ལྡེམ་གཡོ།
ཨ་མའི་ཕྱག་ན་ང་ཡི་གོམ་ཙེ་ལྡེམ་ལྡེམ་གཡོ།
ང་དང་མེ་ཏོག་ན་སོ་ཡིན།
མེ་ཏོག་ཆར་ཆུའི་ནང་ན་སག་སག་སྐྱེ།
ང་ཡི་སེའུ་ཨ་མའི་ནུ་ཆུའི་ནང་ན་སག་སག་སྐྱེ།
སྐར་མ་མང་པོ་ནམ་མཁར་འཛུམ།
མེ་ཏོག་མང་པོ་ས་གཞིར་འཛུམ།
གཅེན་གཅུང་མང་པོ་ཕ་མའི་པང་ན་འཛུམ།
*ན་སོ། ཁ་སྐད་དུ་ན་མཉམ་གྱི་དོན་ནོ།།
ཟླ་འཛིན།
རྣ་ཅོར་ཅོར་དེས་གནམ་བཀྱགས།
སུག་ཏི་ཐུང་ཐུང་དེས་ས་གནན།
སྐར་མ་རེ་རེ་འོད་འཁྱུག་གེ
གང་དུ་ཡལ་སོང་།
ཟླ་བའི་མེ་ལོང་ནང་དུ་ལྷུང་སོང་ངམ།
མེ་ལོང་ནང་གི
རྣ་ཅོར་ཅོར་དེའི་ནང་དུ་ལྷུང་སོང་ངམ།
རྣ་ཅོར་ཅོར་དེ་སིག་སིག་གནང་བས།
ཁ་བ་སིམ་སིམ་བབས་བྱུང་།
སྐར་མ་རེ་རེ། ཁ་བ་རེ་རེ།
ས་རུབ་སོང་།
ཁྱི་ཁ་རུབ་བྱུང་།
ཟླ་བའི་མེ་ལོང་བོར་སོང་ངམ།
རྣ་ཅོར་ཅོར་དེ་བོར་སོང་།
སུག་ཏི་ཐུང་ཐུང་དེ་བོར་སོང་།
སྐར་མ་རེ་རེ། གསལ་ལ་མི་གསལ།
ཁ་བ་རེ་རེ། གསལ་ལ་མི་གསལ།
རྒྱབ་རི།
ངེད་ཚང་ལ།
རྒྱབ་རི་མཐོན་པོ་མཐོན་པོ་ཞིག་ཡོད།
རི་རྩེ་ཨ་ཕའི་ཞྭ་མོ་འདྲ།
སྤྲིན་དཀར་ལང་ལོང་།
ཅ་ལ་ལྡེམ་ལྡེམ།
རི་སྐེད་ཨ་མའི་སྐེད་པ་འདྲ།
ཤིང་སྣ་ཁྲོམ་ཁྲོམ།
ཆབ་མ་སིལ་སིལ།
རི་འདབས་གཞིས་ཁྱིམ་དྲོན་མོ་འདྲ།
ཆུ་མིག་ཤག་ཤག
དགོད་སྒྲ་ལྷང་ལྷང་།
ཞོགས་པ་སྔ་མོར།
རི་རྩེར་ཉི་ཟེར་ལམ་ལམ་འཕྲོ།
ཨ་ཕས་མཆོད་ཞལ་ཕྱེ་བ་འདྲ།
རི་སྐེད་སྨུག་ཞགས་ཀྱ་མ་ཀྱུ།
ཨ་མས་ཐབ་མེ་སྦར་པ་འདྲ།
རི་འདབས་མེ་ཏོག་སྣ་མ་ཚོགས།
ཕུ་ནུ་ལག་རྡང་སྦྲེལ་བ་འདྲ།
ང་ལ།
རྒྱབ་རི་མཐོན་པོ་མཐོན་པོ་ཞིག་ཡོད།