སྣང་ཚུལ་རོ་མཉམ་རྟོགས་པའི་བརྡ་གླུ། (ཞར་བཀོད་གཉིས།)

8797


རྩོམ་པ་པོ། འབར་བློ་དཀར།


སྣང་ཚུལ་རོ་མཉམ་རྟོགས་པའི་བརྡ་གླུ།

དབང་རྒྱལ་སྲིད་ཤོག་ཧྲུལ་བཞིན་དུ་གཡུགས།།
བུ་ཆུང་མ་རྗེས་ཤུལ་བཞིན་དུ་བསྐྱུར།།
ཤིང་བྱང་ཆུབ་དྲུང་དུ་ཚངས་རྒྱས་པའི།།
རྗེ་རྒྱལ་བུ་དོན་ཀུན་གྲུབ་པ་ལགས།།
བདག་གདུང་བས་འབོད་པ་གསན་ལགས་སམ།།
ཆོས་ཀུན་རྫོབ་སྒྱུ་མའི་ཆོ་འཕྲུལ་གྱིས།།
སེམས་ཡང་ཡང་བསླུས་པ་མང་དྲག་པའི།།
ཚུལ་དེ་གཟིགས་ཐབ་ཤེས་མཚོན་ཆེན་གྱིས།།
རྒྱུད་རྨོངས་པའི་དྲ་བ་བཅད་དུ་གསོལ།།

སྤང་ནེའུ་གསིང་མེ་ཏོག་ཐགས་སུ་བཀྲ།།
རྩྭ་རྩི་ཐོག་ཟིལ་བ་ཆུང་ངུ་ཁུར།།
འཇའ་དཀར་དམར་སེར་གསུམ་འོད་གུར་ཕུབ།།
ན་མེ་ལོང་དཀྱིལ་ནས་ཁྲུང་ཁྲུང་རྩེད།།
མཚོ་དྭངས་མོའི་ནང་དུ་ཟླ་གཟུགས་ཤར།།
རླབས་ཤིག་ཤིག་ལ་ཟེགས་མ་འཕྱོ།།
རླུང་སིལ་མ་ལྡིང་ཞིང་གཡོ་བ་ན།།
ཤིང་སྤེན་མའི་ཡལ་ག་འདར་ཙམ་བྱེད།།
སྤྲིན་དཀར་ནག་ལྷོ་ནས་བཞུད་ཙ་ན།།
ཉམས་བྱ་ཁྱུ་འཕུར་ཞིང་བྱ་ཁྱུ་གྲག།
འདི་བསམ་ཚེ་སྒྱུ་མའི་རོལ་གར་ལ།།
ཞེ་ཆགས་རྒྱུ་མེད་དེ་ཆགས་སྙམ་བྱེད།།
རང་འཁྲུལ་བའི་ཆོས་སུ་མི་གོ་བར།།
དོན་གནས་ལུགས་གྲུབ་པའི་བརྡ་རུ་རྙེད།།
 
དེ་ཡིན་ཡང་སྟོང་ཉིད་ནམ་མཁའ་ལས།།
བློ་ཤེས་རབ་རིག་པའི་ཉི་གཞོན་གྱིས།།
ཐོ་ཅུང་ཟད་འཚམ་པའི་མོད་དེ་ལ།།
ལར་སྐྱེ་འཆི་བ་མོའི་ཟློས་གར་དང་།།
ཡུལ་རྨི་ལམ་སྣང་བའི་རོལ་རྩེད་དུ།།
ངོ་ཤེས་ཙམ་བྱུང་བ་གསང་དུ་མེད།།
གཞི་བདེན་འཛིན་རྦད་ཀྱིས་མ་ཆོད་མོད།།

གནས་འཁོར་བའི་རྟག་འཛིན་ཨ་འཐས་ཀྱིས།།
རྒྱུད་འཆིང་བའི་ཐ་གུ་ལྷོད་ཙམ་བྱུང་།།
ཆོས་སྣང་སྲིད་རོ་མཉམ་རྟོགས་པ་ཡི།།
ཉམས་རྒྱུད་ལ་སྐྱེས་པ་མ་ངེས་མོད།།
སེམས་རྣམ་རྟོག་རྙོག་པ་དྭངས་ཙམ་བྱུང་།།
ངག་བདེན་པའི་གྲེ་བ་སངས་ཙམ་བྱུང་།།

2019  12  20

ཡིད་གདུང་བའི་གླུ།

རི་སྨུག་པོ་མཆོང་གི་བ་གམ་བཞིན་བརྩེགས་ཤིང་།།
ནགས་ལྗོན་པའི་ཡལ་ག་བརྩེ་དུང་གིས་སྦྲེལ་ཏེ།།
ཤྭ་རི་དྭགས་འདབ་ཆགས་རང་དབང་གིས་རྒྱུ་བའི།།
གནས་དེ་ནི་ས་ཕྱོགས་གང་ཞིག་གི་ཡུལ་རེད།།
 
སྤང་ཨ་ལོང་མེ་ལོང་རྩྭ་ཕྲན་གྱི་འཇག་མ།།
རླུང་བསིལ་མའི་གཤོག་པས་རྡེག་ཙམ་རང་བྱས་དུས།།
ཡིད་གདུང་བའི་ཤུགས་གླུ་གཙང་ཆུ་དང་འདྲེས་པའི།།
གནས་དེ་ནི་ས་ཕྱོགས་གང་ཞིག་གི་ཡུལ་རེད།།
 
རྟ་རྟེའུ་ཆུང་ཁམ་པ་རྐྱང་ངུ་དང་ག་ཞུར།།
སྐེད་རྔོག་ཆུང་ཚལ་གྱི་དྲིལ་ཆུང་གི་སྒྲ་ཡིས།།
སྐྱིད་རྨི་ལམ་ཟ་ཟིའི་སྣང་བ་ཡང་དཀྲོགས་པའི།།
གནས་དེ་ནི་ས་ཕྱོགས་གང་ཞིག་གི་ཡུལ་རེད།།
 
རི་ལ་ཐང་ནོར་ལུག་རྩི་ཐོག་བཞིན་བཀྲམ་ཞིང་།།
སྦྲ་མཐིང་སྨུག་གྲུ་བཞིའི་སྒོ་འཁྱམས་ཀྱི་བར་ན།།
ཁྱི་དོམ་ནག་ལྕགས་ཐག་ཨ་ལོང་རྩེར་བསྐོར་བའི།།
གནས་དེ་ནི་ས་ཕྱོགས་གང་ཞིག་གི་ཡུལ་རེད།།
 
བདག་དྲན་འཛིན་སྒོ་མོ་ཡང་ཡང་དུ་བརྡུང་ཞིང་།།
བརྗེད་མི་ཐུབ་བག་ཆགས་རི་མོ་ཡང་བྲིས་པའི།།
ཆུང་གནའ་གྲོགས་སྙིང་གི་སྡུག་གུ་མ་གང་དེ།།
དུས་ད་ལྟ་ཡུལ་ཕྱོགས་དེ་ག་ན་ཨེ་བཞུགས།།
 
ཁྱེད་ཕ་ཡུལ་དགུ་ཚིགས་གཙང་བོ་ཡི་འགྲམ་ན།།
དྭངས་ཀྱི་ལེར་དཀར་གསལ་ཟླ་བ་བཞིན་ཤར་ཞིང་།།
གཉོམ་དུང་ངེར་ཐོ་རེངས་སྐར་རྒྱན་བཞིན་ཚེས་ཏེ།།
བཞུགས་ཨེ་ཡོད་སྙམ་ན་དགའ་སྣང་ཞིག་སྐྱེས་ཡོང་།།
 
ཡང་གནས་ཡུལ་ལུང་བའི་གྲིབ་ཆེན་གྱི་ཁུགས་ན།།
ཡིད་ཆད་དེ་ཁེར་རྐྱང་སྡོང་བོ་བཞིན་ཙོག་ཅིང་།།
སྨྲེང་ཤལ་ལེར་མི་མིག་ཟུང་ཆུ་རྡུལ་གྱིས་བརླན་ནས།
ལུས་ཨེ་ཡོད་སྙམ་ན་སྐྱོ་སྣང་ཞིག་ཐོན་ཡོང་།།
 
ཆུང་བྱིས་པའི་རྨི་ལམ་མག་མོག་གི་ཀློང་ན།།
བསུབ་མི་ཐུབ་རྐང་རྗེས་ནག་ནོག་ཅིག་ཕབས་ཀྱང་།།
གྱེས་མི་ཐུབ་ལག་མཛུབ་སོར་མོ་ཡང་སྦྲེལ་བའི།།
ངའི་སྙིང་ཐུབ་གཞོན་ནུ་གང་ཞིག་ན་བཞུགས་ཡོད།།
 
ལོ་ན་ཚོད་ཅེས་པའི་དབང་ཆེན་གྱི་གཤེད་མས།།
བྲག་ཡར་གི་རྒོད་ཚང་སྐྱ་ཆིལ་དུ་གཏོར་ཞིང་།།
གྲོགས་བྱེའུ་ཆུང་མ་བུ་ཁ་བྲལ་དུ་གཏོང་དེ།།
དཔེ་དེ་བཞིན་འུ་གཉིས་བར་ཐག་གིས་བགོས་སོང་།།
 
དེ་ཡིན་ཡང་རང་སེམས་རྐང་དྲུག་གི་སྦྲང་མ།།
ཁྱེད་དགོད་འཛུམ་པདྨའི་ཟེའུ་འབྲུ་ལ་ཆགས་ནས།།
ཡིད་གཤོག་འགྱུར་ཕྲ་མོའི་གར་སྟབས་དང་ལྷན་དུ།།
གླུ་མི་སྙན་དར་དིར་ཁྱེད་ཕྱོགས་ལ་བླངས་ཡོད།།
 
བློ་ཤེལ་དཀར་གངས་རི་ཁང་བཟང་གི་ཕུགས་ན།།
གཡུ་སྨུག་ཆུང་ཐང་ནས་རྙེད་པ་དང་འདྲ་བའི།།
ཁྱེད་སྨན་ཆུང་དགའ་བའི་ཟུར་མིག་ཅིག་བསྐུངས་ཡོད།།
དུས་ཅི་ཙམ་འདས་ཀྱང་འདོར་ཐབས་ཤིག་མ་བྱུང་།།
 
མཚོ་ངང་བ་སང་བྲལ་གནང་འཛོམས་ལ་གཟིགས་དང་།།
དགུང་ཉི་ཟླའི་འཆར་ནུབ་ངེས་མེད་ལ་སོམས་དང་།།
དཔེ་དེ་བཞིན་འུ་གཉིས་མི་རིང་བར་མཇལ་བའི།།
ལས་སྨོན་ལམ་བཟང་བོ་རྒྱང་རིང་ནས་ཞུས་ཡོད།།
 
ཁྱེད་ལང་ཚོ་ཨ་གར་ལྗོན་ཤིང་གི་འདབ་མ།།
རྐྱེན་རླུང་བུ་ངན་པས་གཡོ་བ་ཞིག་མེད་ན།།
བདག་ལྷོ་མོན་ཡུལ་གྱི་དཔྱིད་གསར་གྱི་ཕོ་ཉ།།
དུས་ནམ་དགོས་ཕེབས་པར་རེ་དོགས་ཤིག་ཅི་མཆིས།།

2020  1  15

སྙན་ངག་པ།

བོང་བུ་ཞིག་ཞོན་རྩྭ་ཞྭ་དཀར་པོ་གྱོན།།
ཞིང་ཚིགས་མང་པོ་བརྒྱུད་ནས་ཁྱིམ་དུ་ལོག།
ལམ་བར་སྐབས་རེར་སྨྱུག་མའི་གླིང་བུ་འབུད།།
སྙན་པའི་དབྱངས་ལ་རྒྱང་རིང་རི་དྭགས་འཁོར།།
ལན་རེར་ཨུ་དམ་ཝ་རའི་ས་བོན་ཞིག།
གང་སར་གཏོར་ནས་མེ་ཏོག་ལྡུམ་ར་བཙུགས།།
ཞོར་དུ་ཐབ་ཀྱི་མེ་ཁ་གསོ་སྤྱད་ལ།།
རྩྭ་སྐྱ་སྤར་མོ་གང་བཏུས་ཨམ་ཕྲག་བཅུག།
 
རྟོག་རྟགས་བྱས་པའི་ཆུ་རྫིང་ར་བའི་ནང་།།
གློ་བུར་ཁྱུ་གུ་ཞིག་བྱུང་རྔ་མ་གཡུགས།།
སྒུར་ཙམ་བྱས་པས་རིལ་བུ་མང་པོ་སྐྱུགས།།
རིལ་བུ་རེ་རེས་འོད་ཟེར་རེ་རེ་སྤྲོས།།
འོད་ཟེར་རེ་རེས་འཇིག་རྟེན་རེ་རེ་བཞེངས།།
འཇིག་རྟེན་རེ་རེ་ཞིང་ཁམས་རེ་རེར་གྱུར།།
 
མ་ངེས་སྐྱོ་གདུང་ཁུར་གྱིས་མནན་པའི་ཚེ།།
ཤིན་ཏུ་བདེ་བའི་གནས་སུ་འཁྲིད་མཁན་ཞིག།
ཚ་གྲང་འཁོར་བའི་ལས་ཀྱིས་གདུང་ཙ་ན།།
ཞི་བསིལ་རླུང་བུའི་རོལ་མོ་དཀྲོལ་མཁན་སྟེ།
དེ་ཡི་མིང་ལ་སྙན་ངག་པ་ཞེས་འབོད།།

2020   1   17


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།