ཆེད་དུ་རྩོམ་པའི་གླུ། (ཞར་བཀོད་གསུམ།)

1298


རྩོམ་པ་པོ། ཚ་འབྲོག་རྒྱལ་སྲས།


     
           ཆེད་དུ་རྩོམ་པའི་གླུ།

རྣམ་པ་མཛེས་སྡུག་ཇི་སྙེད་སྤུངས་པའི་མཁའ། །
ཡིད་ཀྱི་ཞི་དབྱིངས་སྟོང་ཆེན་དྭངས་མའི་བཅུད། །
ལས་སྣང་ལས་ཀྱི་མཆོད་སྤྲིན་གཡོ་བའི་རྡུལ། །
མུ་ཕྱེད་མེ་ཏོག་བྱེ་མར་འཐག་པའི་སྒྲ ། །
རྣམ་དག་སེམས་ཀྱི་ལོངས་སྤྱོད་མཛེས་པར་རོལ། །

གང་ཚེ་ཁྱོད་ཀྱི་མཆོད་པའི་ཡིད་འོངས་རྣམས། །
བརྩེ་དང་སྙིང་རྗེ་ཕྱག་གི་འཇའ་ཚོན་བཞིན། །
སྒྱུ་འཕྲུལ་སྣང་བའི་ཚོགས་གླུ་དབྱངས་ཅན་ངག། 
བག་ཆགས་ཚིག་གི་དོན་ནི་ཤིནད་ཏུ་སྙན ། །
དེ་ཡི་རོ་དབྱངས་སྙན་པའི་གདངས་འདི་རྩོམ། །

བདག་གི་ལུས་ཀྱི་ཆ་ཤས་རེ་རེའི་གཏིང་། །
ཟོལ་མེད་མཆོད་པའི་ཕྱག་རྒྱའི་བྱིན་རླབས་ལྡན། །

ནམ་ཞིག་རི་བོའི་ངོས་སུ་གཞས་བཏང་དེ། །
སྐྱོ་གདུང་ཚེ་ཡི་མུ་ཏིག་སྙིང་ལ་བརྒྱུས། །
དེའི་ཚེ་འདུ་འབྲལ་གཏམ་གྱི་ཉི་ཟླ་གཉིས། །
གྱེས་གདུང་སེམས་ཀྱི་ཁྱམས་སུ་མེ་ཏོག་གི། །
འདབ་མའི་རླབས་རིས་གཡོ་བ་ཡིད་འོང་གྱུར། །
ཞེན་ཆགས་གཡུང་དྲུང་ཚིག་ནི་འོད་ལ་འཐིམ། །
ངག་རྣམས་སྤོས་དྲི་ཐུལ་ཐུལ་ཞེ་ལ་འཇགས། །

         འཁྲུལ་སྣང་།

དུས་མཐའི་ཉི་མས་སྐེམ་པའི།།
མེ་ཏོག་སྟོང་གི་འདབ་མ། །
བསམ་བློའི་ལྡུམ་རྭའི་ནང་དུ། །
སོབ་སོབ་རླུང་གིས་བསྐྱོད་དུས། །
འཁྲུལ་སྣང་སྒྱུ་མའི་སྣང་བ། །
​སྣ་ཚོགས་འཇའ་ཚོན་འཆར་འདྲ། །
བློ་སྣ་ཐུང་ཐུང་འགྱུར་འགྲོ། །

སྤྲིན་དཀར་ཕང་ཕུང་སྤུང་པའི། 
སྟོང་ཉིད་མཁའ་མཐའི་ཟླ་བ། །
གཞི་འཛིན་སེམས་ཀྱི་ངོས་སུ། །
དཀར་འཇམ་ཡུག་ཅིག་འཆར་དུས། །
མཚུངས་མེད་ལས་འཕྲོའི་མགུར་མ། །
ལྷོད་ལྷོད་ལྷོད་ལ་འབབ་པས། །
ཞེ་བློ་གཏིང་ནས་བདེ་སོང་། །        

     ​“རྡོ་བ་སྟེང་གི་གླུ།”
           
སྲིད་པའི་སྒྱུ་མའི་ཆོས་ཉིད་ཀྱི། །
ཉམ་ཐག་སྲོག་གི་གླུ་དབྱངས་ལ།།
མེ་ཏོག་སྙིམ་པས་འཛིན་མཁན་དེ།།
ཞལ་གྱི་པད་སྒོ་ལ་ཆགས་ཏེ། །
སྙིང་རྗེའི་རྡུལ་དཀར་ཚུབས་སེ་ཚུབ། །
མི་རྟག་མིག་ཟུང་ཟིམས་སེ་ཟུམ། །
སྒྱུ་མའི་དར་ཐག་འགྱིངས་སེ་འགྱིང་།།

ཚིག་གི་རྡོ་བ་ལས་གྲུབ་པའི། །
ཟླ་འོད་འཐུང་བའི་གངས་རི་ཡིས། །
སྲ་འཐས་རྡོ་རྗེའི་གར་འཁྱམས་ནས། །
མེ་ཏོག་རྡུལ་རྣམས་ཡོམ་ཡོམ་སྒུལ། །

སྣང་བ་མེད་ལས་སྣང་བའི་ཆོས། །
ཞེ་དཀར་སྨྲེང་བའི་འཛུམ་ཆུང་ལ། །
མཛེས་བྱེད་ཁ་བའི་རྣ་ཆ་འདོགས། །
སྤེན་མའི་དྲི་ཞིམ་གོས་སུ་བྱུགས། །
གཙང་བྱེད་ཆབ་ཀྱི་མེ་ཏོག་འཐོར།།
ཡིད་འོང་གར་གྱི་སྟངས་སྟབས་ངོམས། །
སྙིང་བོ་མེད་ལ་སྙིང་བོ་ཆེ། །

སེམས་ཉིད་སྟོང་བའི་ངང་ཆུང་གི །
ཅི་དགར་བཏུང་པའི་རྒྱ་མཚོའི་ཆབ། །
འཕྲུལ་སྣང་ཆང་གིས་རབ་མྱོས་ནས། །
ཏིང་འཛིན་སྒྱུ་མའི་རླུང་གཡོར་འདི། །
ཕྱོགས་མེད་འགྱིང་པའི་རྒྱ་མཚོ་རུ། །
ཞེ་བཟློག་བཏགས་ཏེ་གང་སར་བཏང་།།

སེང་ལྡེམ་ནགས་ཀྱི་སྙན་ངག་ལ། །
ཞེན་ཆགས་འོ་མའི་འཁྲུས་བྱས་ཏེ། །
གདུགས་དཀར་ཕུབ་པའི་རྨི་ལམ་དུ། །
མགྲོན་པོའི་ཚུལ་དུ་ཡང་ཡང་བྱུང་།།
ཨེ་མ་མཛེས་ལྡན་སྙན་ངག་མས། །
ཞི་བསིལ་གཏམ་གྱི་བུ་རམ་རྣམས།།
ཐོད་བརྒལ་ཚིག་གི་མགུར་ལ་དྲངས།།

        ཞེན་འཛིན།

ཞེན་འཛིན་དྲི་ཞིམ་མེ་ཏོག་དག། །
འཇམ་པའི་ལག་གིས་འཛིན་བཞིན་དུ། །
མཛེས་པའི་པདྨའི་ཁ་ཕྱེས་ནས། །
གང་གི་སྤྱན་གཟིཊ་ཟུམ་ཟུམ་བལྟ། །

ཁྱོད་ཀྱི་བཞིན་ལ་ཆགས་པ་ཡི། །
བུང་བ་བདག་ཀྱང་མེ་ཏོག་བལྟ། །
མེ་ཏོག་ཚོགས་ཀྱི་འུ་གཉིས་ལ། །
སྙིང་རྗེའི་ཚུལ་གྱི་སྙན་ངག་འབྲི། །

ལམ་གྱི་སྨྲེང་བ་མིག་ཆུས་ཕྱིས། །
ཞེ་ཡི་འདང་ལ་བདུད་རྩི་བྲན། །
དབྱངས་ཅན་ཚེ་ཡི་གླིང་བུ་ལ། །
མི་ཟད་དགའ་བའི་གླུ་དབྱངས་ལེན། །

ལྟོས་དང་སྤྲིན་པའི་གདུཊ་དཀར་འོག།
ཕུན་ཚོགས་བྱེ་བས་གར་འཁྲབ་སྟེ། །
ལྷུན་ཆགས་སེམས་ཀྱི་མེ་ལོང་དུ། །
དྭངས་གཙང་ཆབ་ཀྱིས་བཀྲུ་བར་བྱེད། །

                   ༢༠༡༩/༡༡/༥ལ་བྲིས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།