མདོག་མི་གཅིག་པའི་སྤྲིན་པ། (ཞར་བཀོད་གཉིས།)

1549


རྩོམ་པ་པོ། སྲབ།


 
          མདོག་མི་གཅིག་པའི་སྤྲིན་པ།


             སྔ་དུམ།

ཆར་བ་བཞག་སྟེ་ཁ་བ་བབས་ཚུལ་འབྲི།།
དབྱར་ཁ་བསྐྱལ་ནས་སྟོན་ཁར་ལོག་པ་འབྲི།།
དྲོད་དང་གནམ་གཤིས་གཞི་ནས་མི་འདྲ་བའི།།
མི་སེམས་སྟོན་ཁ་ཚེས་པའི་མཚན་མོ་འབྲི།།
རི་གཞུང་དག་གི་ལོ་འདབ་སྐམ་པ་འབྲི།།
བ་མོ་ལྷུང་བས་མེ་ཏོག་འཆི་བ་འབྲི།།
བྱང་རླུང་ངར་ཁ་ཆེ་བའི་ཡུལ་ཁམས་ནས།།
བྱམས་པའི་ངོ་མདངས་ཤོར་བའི་ཚུལ་དེ་འབྲི།།
འབྲོག་པས་སྟོན་ལ་དགུན་ཁ་བསུ་བ་འབྲི།།
རི་ལམ་མང་པོ་ལས་ཀྱིས་བརྒལ་བ་འབྲི།།
ཞེན་ཆགས་འདྲེས་པའི་ཕལ་བའི་འཚོ་བ་ན།།
རང་སྣང་སྤྲིན་དང་ཉི་འོད་འགྲོགས་པ་འབྲི།།
མདོ་དབུས་མཐོ་སྒང་སྙིང་དུ་དུངས་བ་འབྲི།།
ཧ་ཅང་ཉེ་བའི་ཕ་ཡུལ་དྲན་པ་འབྲི།།
ཁེར་རྐྱང་ཞིག་གི་གནམ་སའི་གནས་ལམ་ན།།
རང་དང་འཚམ་པའི་ལམ་དེའི་ཕར་ངོགས་འབྲི།།
ཆུ་ཕྲན་འབབ་པའི་ཤག་སྒྲ་སྙན་པ་འབྲི།།
ཆུ་དེའི་ནང་གི་གཟུགས་དང་རྣམ་འགྱུར་འབྲི།།
ལུས་དང་ངག་གི་ལྗོན་པ་དྲང་ས་ནས།།
བྱེའུ་ཆུང་སྐོར་ཞིག་ཡུལ་ལ་ལོག་པ་འབྲི།།
སྟོན་གྱི་མཚན་མོར་སྐར་ཚོགས་མང་པ་འབྲི།།
སྣང་བའི་སྐར་ཚོགས་བདག་གི་གྲོགས་སུ་འབྲི།།
གནམ་མཐར་སྐོར་ཡང་འཕྲད་པར་མ་གྱུར་པའི།།
ཟླ་བའི་ཕྱེད་ཀ་ཐང་ནས་རྙེད་ཚུལ་འབྲི།།
ཕ་ཡུལ་ཆེ་ཆེ་ཉི་ཟླའི་སྟེང་དུ་འབྲི།།
སེམས་པ་དཀར་དཀར་འོ་མའི་ཚུལ་དུ་འབྲི།།
ལ་ཐོག་ཉི་མ་རི་རྩེར་ནུབ་པ་འབྲི།།
ནུབ་ནས་སྔར་བཞིན་མགོ་ཐོག་འཆར་བ་འབྲི།།
དཔའ་བོས་མཛེས་མ་སྐྱོབས་པའི་རྣམ་ཐར་འབྲི།།
མཛེས་མས་དཔའ་བོར་འཆང་བའི་ཡིད་ཆེས་འབྲི།།
སྲོག་གི་ཁེབ་མ་གནང་བའི་ཐབ་ཞོལ་ན།།
སྲིད་པ་འཇིག་རྟེན་འཁོར་ལོའི་བར་ཐག་འབྲི།།

             ཕྱི་དུམ།

ཆུང་ནས་ད་བར་བྱིས་པའི་འཚོ་བ་དྲན།།
དྲན་ནས་ང་ཉིད་བྱིས་པའི་གཟུགས་ལ་འཕྲུལ།།
སྣང་བའི་ཉི་མ་སྤྲིན་གྱི་འདབ་དཀྱིལ་ནས།།
ང་ལ་དགོད་པའི་ཚུལ་དེ་ཡང་ཡང་དྲན།།
རྒས་དུས་གཉེར་མ་ཐོག་པར་ལུག་པ་དྲན།།
མིག་ནས་འགྲམ་པའི་སྟེང་དུ་ཐོན་པ་ན།།
ལང་ཚོའི་མེ་ཏོག་འཆི་བའི་ས་ཤུལ་དུ།།
སེམས་ཀྱི་རྒྱ་མཚོ་སྔར་བཞིན་དྭངས་ཚུལ་དྲན།།
ཆུང་དུས་ཨ་ཕ་གཞོན་པའི་ཉམས་དེ་དྲན།།
རྒྱལ་ཁམས་སྐོར་ནས་ཡང་བསྐྱར་ཕ་ཡུལ་གྱི།།
སྲོག་གི་དར་སྣེ་ཚིག་གིས་མཐུད་པ་ཡི།།
སྣང་བས་གནམ་མཐའ་སྐོར་བའི་ཉམས་དེ་དྲན།།
མཛེས་མའི་ལུས་ཚིག་ལོ་ཟླས་གཏོར་བ་དྲན།།
ལང་ཚོ་ཤོར་བས་སེམས་སྐྱོ་གནང་ཚུལ་དེས།།
སེམས་པ་སེམས་པས་མཚོན་ཐུབ་ཡེ་བྲལ་བའི།།
ཆོས་ཉིད་ལས་ཀྱི་བུ་མོ་ངུ་ཚུལ་དྲན།།
སྐྱེ་བ་འདི་ཡི་དབྱར་ཁ་བཞད་པ་དྲན།།
རི་རྩེར་སྨུག་ཅིང་རང་ལམ་མག་མོག་གི།
ཆུང་གྲོགས་འདྲིས་པའི་རྫ་རི་གན་ཕག་ན།།
རྟ་ཕོ་སྐོར་ཞིག་རྒྱང་རིང་འདྲོགས་པར་དྲན།།
ད་ནི་རང་གི་འཚོ་བའི་ས་ལམ་དྲན།།
སྐྱིད་སྡུག་འདྲེས་མའི་ཚེ་ཡི་འདི་ངོགས་སུ།།
གསལ་སྟོང་རིག་པའི་སྣང་བ་གཅིག་ཅར་ཀུན།།
ཡེ་གྲོལ་འཁོར་འདས་མཉམ་ཉིད་བརྒལ་ཚུལ་དྲན།།

          མི་རྟག་པའི་གླུ།

ལུས་མེ་ཏོག་གི་མགོ་ལྕོག་ཐང་དུ་ལྷུང་།།
སེམས་གསལ་སྟོང་གི་རྣམ་ཤེས་རླུང་གིས་ཁྱེར།།
གྲོགས་གཅིག་མེད་ཀྱི་ཡིད་ཁར་སྐྱོ་བས་ནན།།
དུས་དེ་ཚོད་ལ་ཐོན་དུས་འཆི་བ་ཤེས།།
ལས་དེ་འཕྲད་ན་འཆི་བ་ཤ་རེ་ཚ།།

གཞི་བདག་མེད་ཀྱི་ངེས་ཤེས་ཕྲན་ཙམ་དཀོན།།
ཆོས་ཟབ་གསུང་གི་ཚིག་དོན་སྙིང་ལ་མེད།།
སེམས་གང་དྲན་གྱི་རྒྱ་མཚོར་ལུས་ཀྱིས་བསྐྱལ།།
ཚེ་མི་རྟག་གི་དྲིལ་སྒྲ་ཐག་སེ་ཐོས།།
ལས་དེ་ཙ་ན་སྐྱོ་བའི་བྱེའུ་ངུ་།།
ཉིན་དེ་ཐོན་ལ་སེམས་ཀྱི་སྣང་བ་འཐོར།།།

ལུས་སྨྱུ་ཡག་གི་མགོ་ལྕོག་ལྡེམ་ལྡེམ་འགུལ།།
གདོང་ཡ་ཐོད་ཀྱི་མིག་ཁ་ཟིམ་ཟིམ་འཁྱུགས།།
ཡུལ་རྒྱལ་ཁམས་ཀྱི་ཁྲོད་ནས་མིང་ཡོད་ཅིག།
གྲོང་ཨེ་ཤ་ཡའི་གླིང་ནས་སྐར་ཆེན་ཞིག།
མཛེས་ལང་ཚོ་ཡིས་མ་སྐྱོབས་མཁར་ནས་ལྕེབ།།
སྒོར་འབུམ་ཕྲག་གིས་མ་ཕན་འཆི་ནས་སོང་།།

ལུས་ཟུང་ཁྲག་གི་ཆུ་བོ་ལྷོག་ལྷོག་བསྡུ།།
ངག་སྨྲ་ལྕེ་ཡི་དབུག་ཁ་འཚབ་འཚབ་འཕག།
གཞོན་དར་མ་ཡི་གློ་སྙིང་དུམ་བར་བཏུབ།།
ལྷོ་ཀུ་རེ་ཡི་མཛངས་མ་འཆི་ནས་སོང་།།
གྲོང་དེར་ཡོད་ཀྱི་མི་ཚོགས་ཁད་ཀྱིས་དཀྲོགས།།
ཡུལ་མཛའ་གླིང་གི་མི་ཚོར་སྐད་ཅིག་བཞག།

སྐྱིད་ལུས་སེམས་ཀྱི་དབྱར་གཞུང་མ་ཚར་གོང་།།
དྲིན་ཕ་མ་ཡི་ཕྱག་ཟུང་མ་རྒས་སྔོན།།
དྲོད་རླུང་འཇམ་གྱི་སེར་བུ་གྲམ་ནས་སོང་།།
ཞལ་འཛུམ་ཡག་གི་ངོ་ཤ་ནག་ནས་ཐོན།།
དུས་དེ་ཤད་ན་འཆི་བའི་གནམ་ས་ནག།
ལམ་དེ་ཤད་ན་མིག་ཆུས་རྒྱ་མཚོ་འཁྱིལ།།

ཆུང་ཞེ་འདྲིས་ཀྱི་ཚེ་རོགས་མིག་ནས་བོར།།
གཅེས་གློ་སྙིང་གི་བུ་ཕྲུག་ཤུལ་དུ་བསྐྱུར།།
གྲོགས་གཉེན་ཉེ་ཡི་རེ་བའི་གསོན་ཐག་ཆད།།
གནས་ཕྱིན་ལམ་དུ་རང་ཉིད་གཅིག་པུར་ལྷུང་།།
དུས་དེ་ཉིན་ལ་ཁྱོད་རང་འཆི་ནས་སོང་།།
ཉིན་དེ་མཚམས་ནས་ཁྱོད་རང་བུད་ནས་སོང་།།

དཔེ་དེ་བཞིན་གྱི་འཆི་བ་ནམ་ཐོན་མེད།།
ལས་འདི་བཞིན་གྱི་ཆག་སྒོ་གར་ཐོན་མེད།།
ཆུང་ད་འདྲིས་ཀྱི་གྲོགས་ཀྱིས་ཤེས་པར་མཛོད།།
ལོ་ད་རྒས་ཀྱི་མི་ཡིས་མཁྱེན་པར་ཤོག།
སེམས་གང་དྲན་གྱི་སྦུད་པ་རབ་ཞུ་ནས།།
ཚེ་རྟག་མེད་ཀྱི་སྙིང་དོན་གོ་བར་བྱོས།།

   འགར་བ་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ།

ཁྲུང་ཁྲུང་འཕུར་བའི་གླུ་ལ།།
ཚིག་གི་རོལ་མོ་དཀྲོལ་ན།།
ཡེ་ཤེས་ལྷ་མོའི་འཛུམ་ཆུང་།།
བདག་པོ་བརྒྱ་དང་བརྒྱད་རེད།།
བདག་པོ་གང་དུ་མ་གནང་།།

གཡུ་ཐོག་ནམ་མཁའ་སྔོ་བས།།
སྲས་མོ་ཡེ་ཤེས་ལྷ་མོ།།
དུང་བའི་ལྗོན་ཤིང་འགུལ་ན།།
རུས་པ་དཀར་དང་མི་དཀར།།
བཤད་དང་མི་བཤད་གཅིག་ག།

དྭངས་གཙང་ལུས་ཀྱི་མེ་ཏོག།
འདང་བརྩེ་ལྕགས་ནག་དགུ་འགྲིག།
དབུས་ཀྱི་སྟོབས་རྒྱལ་ཕུལ་ན།།
སྐུ་བསོད་ཉི་མ་གྲགས་པ།།
འཐད་དང་མི་འཐད་མ་རེད།།

ལྷ་ས་སྐྱིད་ཆུའི་གཙང་པོ།།
སྟོབས་རྒྱལ་སྲོག་གི་ལྗོན་པ།།
ཡེ་ཤེས་ལྷ་མོར་འཁྲུངས་ན།།
ཡབ་ཆེན་བསོད་ནམས་རིན་ཆེན།།
འགུ་དང་མི་འགུ་མ་རེད།།

གཡུ་ཐོག་ཟམ་པ་ཆད་ཁར།།
མི་རྟག་འཚོ་བའི་གནམ་ངོ་།།
སྟོབས་རྒྱལ་ལས་ཀྱིས་མཇལ་ན།།
སྐྲ་ལོ་ཞུལ་བའི་ལྷ་མོ།།
འཆི་དང་མི་འཆི་མི་འདུག།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།