ཞོགས་དུང་གིས་གསར་དུ་བྲིས་པའི་སྙན་ངག་ཅིག

6082


ངས་ཤེས་ན་འདོད་ཀི


 
དགེ་རྒན་རྣམ་པ། སློབ་གྲོགས་རྣམ་པ།
བཀྲ་ཤིས་བདེ་ལེགས།
ང་ལོ་རིམ་གསུམ་པའི་སློབ་མ་ཙོང་ལ་ཚེ་རིང་དབང་མོ་ཡིན།
ངའི་སློབ་གྲྭ་བྲག་གི་སྣ་ཁ་ན་ཡོད།
ང་སྐྱེས་ས་ཟི་ལིང་གྲོང་ཁྱེར་ཡིན།
ཡིན་ན་ཡང་།
ང་དགའ་ས་ཀ་དག་གཞིས་ཀ་ཡིན།
ངའི་སྙན་ངག་གི་ཁ་བྱང་ལ།
༼ངས་ཤེས་ན་འདོད་ཀི༽ཞེས་པ་དེ་ཡིན།

ངས་ཤེས་ན་འདོད་ཀི

ཤར་ན་དན་ཏིག་དགོན།
ལྷོ་ན་རྡོ་རྗེ་བྲག
ནུབ་ན་ཨ་ཆུང་གནམ་རྫོང་།
བྱང་ན་དམར་གཙང་དགོན།
ཨ་མྱེས་བཤད་ན།
ཀ་དག་གཞིས་ཀ་ནི།
གནས་ཆེན་ཚང་མའི་དཀྱིལ་ཚོད་ན་ཡོད།
ཀ་དག་གཞིས་ཀ་ལ་ལོ་རྒྱུས་ཡོད་ཟེར་གི
ལོ་རྒྱུས་དེ་ཚོ་ངས་ད་རུང་མི་ཤེས།
ངས་ཤེས་ན་འདོད་ཀི

ཡར་བལྟས་ན་ལྷ་རི་བྱ་ཁྱུང་།
མར་བལྟས་ན་རྨ་ཆུ་ཀླུ་མོ།
ཀ་དག་གཞིས་ཀ
ལོ་ལོན་ཚོས།
ཁྱེད་ནི་ལྷ་ཀླུ་མཆོད་ས་ཡིན་ཟེར་གི
གནས་ཚུལ་དེ་ཚོ་ངས་ད་རུང་མི་ཤེས།
ངས་ཤེས་ན་འདོད་ཀི

གནའ་དང་མ་ཞིག་ལ།
ས་འདི་ནས་དགེ་རྒན་ཞིག་ཕེབས་མྱོང་།
ངའི་ལོ་ཚོད་ཀྱི་མི་ཞིག
ཁོང་གི་སློབ་མ་རུ་གྱུར་སོང་།
བློ་བཟང་གྲགས་པ།
འོ་རེད།
རྗེ་ཙོང་ཁ་པ།
སློབ་མ་དེ་སློབ་སྦྱོང་ལ་དགའ།
སློབ་མ་དེ་སྙན་ངག་ལ་དགའ།
ཨ་མྱེས་ཚོས་དེ་ལྟར་བཤད་མོད།
ངས་ད་རུང་མི་ཤེས།
ངས་ཤེས་ན་འདོད་ཀི

ངས་རྩིས་རིག་སློབ་སྐབས།
ཟླུམ་གོར་དང་།
འཇོང་དབྱིབས།
ཟུར་གསུམ།
གྲུ་བཞི་སོགས་ཤེས་ཡོད།
ཀ་དག་གཞིས་ཀ་ནི།
གྲུ་བཞི་གླིང་བཞི་ཞིག་རེད།
ང་ཚོ་རྩེ་ས་དང་འདུག་ས་ཚང་མ།
གྲུ་བཞི་གླིང་བཞི་ཞིག་ཡིན་དོན་ཅི་རེད།
ངས་ཤེས་ན་འདོད་ཀི

མི་རྒན་ཚོས་བཤད་ན།
ཀ་དག་གཞིས་ཀའི་སྡོང་བོ་ཚང་མ།
ལོ་བརྒྱ་ཕྲག་འགའ་ལོན་ཡོད་ཟེར་གི
འོ་ན།
ལོ་བརྒྱ་ཕྲག་འགའ་ལོན་པའི།
ཨ་ཡེ་ཨ་མྱེས་ཚོ་རིག་རྒྱུ་མེད་པ་ཅི་རེད།
ངས་ཤེས་ན་འདོད་ཀི

ཉི་མ་རེ་རེ་བཞིན།
བྱ་སྐད་བྱིའུ་སྐད་དང་མཉམ་དུ།
ང་གཉིད་ལས་སད་ཀི་ཡོད།
བྱིའུ་དེ་ཚོ།
སྡོང་མགོ་ན་རྩེ་ནས་འདུག
ཀྱུར་ཀྱུར་ཀྱུར། ཀྱུར་ཀྱུར་ཀྱུར།
ཅག་ཅག་ཅག ཅག་ཅག་ཅག
ཀི་ཀོ ཀི་ཀོ ཀི་ཀོ
ཙི་ཙི་ཙི། ཙི་ཙི་ཙི།
ཁོ་ཚོ་མེ་ཏོག་གི་གསེང་ན་ཡོད།
འཕུར་ཡང་ཤེས།
ཁོ་ཚོ་སིལ་ཏོག་ཟ་རྒྱུར་དགའ།
ཁོ་ཚོར་ལས་བྱ་འབྲི་རྒྱུ་ཡོད་ནི་ཨེ་རེད།
ངས་ཤེས་ན་འདོད་ཀི

ངེད་ཚང་གི་སྒོ་མགོ་ན་ཕུག་རོན་ཕ་མ་གཉིས་ཡོད།
ཉིན་ཞིག་ལ་ཕྲུ་གུ་འཁྲུངས་ཐལ།
ང་ཡ་མཚར་སོང་།
ཨ་ལ་ལ།
སྒོ་ང་ལས་ཕྲུ་གུ་ཞིག་ཐོན་ཐལ།
དམར་རྗེན་ཞིག་རེད།
སྙིང་རྗེ་ནས་ཤི་ཐལ།
མི་ཚང་མའང་སྒོ་ང་ལས་སྐྱེས་ནི་ཨེ་རེད།
ངས་ཤེས་ན་འདོད་ཀི

གྱང་རྩ་ན་མེ་ཏོག་རྐང་གཅིག་གད་ཡོད།
དེས་ཟིལ་བ་ཁུར་ཡོད།
ངོ་མ་ཡག་གི
ཨ་མའི་ཁ་པར་ནང་དུ་པར་ཡང་བླངས་ཡོད།
མ་རབས་ཤིག་གིས་ལོ་འདབ་འགའ་བཏོག་སོང་།
ངའི་རྣ་འབྱོག་བཅད་བཏང་ནི་འདྲ་ཟིག་རེད།
སེམས་ནག་རེད་ལ།
རྒྱུ་མཚན་ཅི་ཡིན་ནམ།
ངས་ཤེས་ན་འདོད་ཀི

གཟའ་མཇུག་ནི་ང་ཚོ་རྩེ་ཆོག་པའི་ཉི་མ་ཡིན།
རྒྱ་བོད་སོག་གསུམ་གྱི་འགྲུལ་བ་མང་ང་མང་ང་ཡོད།
བོད་ཕྲུག་དང་རྒྱ་ཕྲུག་ཀྱང་མང་།
ང་ཚོས་གྲོགས་པོ་བསྒྲིགས།
བདའ་མ་བདའ་རེས་བྱས།
གཞའ་མ་གཞའ་ཀ་བྱས།
རྒྱ་ཕྲུག་ཚོས་བཤད་པའི་སྐད་ཆ་ནི།
བརྙན་འཕྲིན་ནང་གི་སྐད་ཆ་དང་གཅིག་འདྲ་རེད་མོད།
བོད་ཕྲུག་ཚོས་བཤད་པའི་སྐད་ཆ་ནི།
བརྙན་འཕྲིན་ནང་གི་སྐད་ཆ་དང་ཅུང་མི་འདྲ་གི
དེ་བཞིན་དུ།
ངའི་ཨ་མྱེས་བྲིས་པ་འདི་ཡང་།
དཀའ་མོ་དཀའ་མོ་ཟིག་རེད།
དེ་ཅི་ཡིན་ནམ།
ངས་ཤེས་ན་འདོད་ཀི
           ཞོགས་དུང་དུ་འབོད་པས་ཚ་མོ་ཙོང་ལ་ཚེ་རིང་དབང་མོའི་སྙན་ངག་གྱེར་འདོན་ལ་དམིགས་ཏེ་བྲིས་པ་འདི་ལྕགས་བྱི་ལོའི་ལུགས་རྙིང་ལོ་སར་ཤིས་ཚིག་གི་ཚབ་ཏུ་སྤེལ་བ་ཡིན། ཚེ་རིང་། ནད་མེད། དགེ་རྒྱས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།