ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རྒྱལ་བ་ཙོང་ཁ་པའི་མཛད་རྣམ་སྡོམ་དུ་བསྡུས་པ་དད་པའི་འབབ་སྟེགས་ཞེས་བྱ་བ་བཞུགས་སོ།།

6798



རྩོམ་པ་པོ། མང་དགེའི་དཔལ་འབྱོར།


བློཾ་གཏེར་རྒྱལ་སྲས་ཟུར་ཕུད་ལྔ་བ་བློཾ་ལྡན་མཁས་པའི་ཞལ་བསྒྱུར་ཞིང་།།
བཟཾང་པོའི་སྤྱོད་པ་མ་ལུས་ལྷུན་རྫོགས་བཟཾང་དགུའི་མཛད་པ་བརྗིད་ཅིང་མཐོ།།
གྲཾགས་སྙན་སྒྲ་བརྒྱ་ཕྱོགས་སུ་དགོད་པ་གྲཾགས་པའི་བ་དན་དཀར་བོའི་ཏོག།
པཾ་བ་སངས་ལྟར་འགྲན་གྱི་དོ་མེད་པཾ་ཊུའི་གཙུག་ནོར་ཁྱེད་ཉིད་རྒྱལ།།

ཟབ་རྒྱས་ཆོས་ཚུལ་སྤྱི་དང་བྱེ་བྲག་གི།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་ལ།།
རླབས་ཆེན་ཐུགས་བསྐྱེད་བརྟན་པོའི་མཐུ་གྲུབ་པ།།
རྒྱལ་བ་གཉིས་པ་ཙོང་ཁ་པ་ལ་འདུད།།

བཅོས་མའི་བསྒྱུར་དང་རྟོག་བཟོའི་སྒྲུང་མིན་པར།།
བཤད་སྒྲུབ་ཕྱག་ལེན་མིག་ལ་བསྟར་བའི་མཐུས།།
ཆེ་དགུའི་མཛད་བརྒྱ་ཟིལ་གྱིས་མནན་པ་ཡི།།
རྣམ་པར་ཐར་བའི་རབས་ལ་སུས་མི་བསྟོད།།

དབང་བཅུ་ལྷུན་རྫོགས་བདེན་གསུང་ཐུབ་པའི་བཀའ།།
དཀར་འཇམ་ཡུག་ཏུ་བཏང་བའི་གངས་ལྗོངས་སུ།།
སྟོན་པའི་གདུང་ཚོབ་བསྟན་པའི་རྒྱལ་ཚབ་ཉིད།།
ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ།།

བོད་ཅེས་གྲགས་པའི་ལྗོངས་ཆེན་ཁམས་ཀྱི་གྲུ།།
སྣོད་བཅུད་གཡང་འཕེལ་ཙོང་ལ་རིང་མོའི་མགུལ།།
མཐོང་གྲོལ་མཚན་དཔེའི་པདྨོ་མངོན་བཞད་པ།།
ཕུན་ཚོགས་གཟིགས་པ་ལྔ་ལྡན་རྣམ་ཐར་ཡིན།།

སྒོ་ངའི་སྦུབས་གྲོལ་ནམ་མཁའ་ལྡིང་དབང་བཞིན།།
དྲི་མེད་གཤིས་ལ་བཟང་དགུ་ལྷུན་རྫོགས་ཤིང་།།
དམ་པའི་རིགས་མངའ་ཕལ་གྱིས་སྤྱོད་དཀའ་བ།།
གཞོན་ནུའི་ངང་ཚུལ་མཛད་པའི་རྣམ་ཐར་ཡིན།།

སྐྱེ་ཀུན་རྗེས་སུ་འབྲེལ་བའི་ལྷག་པའི་ལྷ།།
རིགས་ཀྱི་བདག་པོ་ཆོས་རྗེ་དོན་རིན་པས།།
སྒྲིབ་མེད་མཁྱེན་ཐུགས་བརྩེ་བས་བདག་གིར་མཛད།།
དམ་པར་ལུང་བསྟན་བརྙེས་པའི་རྣམ་ཐར་ཡིན།།

དུས་བབས་ཐུགས་བསྐྱེད་མཛད་པ་མངོན་འགྱུར་དང་།།
རྨད་བྱུང་བསྟན་པའི་ཆེ་བ་གསར་གཏོད་ཕྱིར།།
གཞལ་དཀའ་དབུས་ལམ་རིང་མོ་ཞབས་ཀྱིས་བཏེགས།།
དམ་པའི་བཤུལ་ལམ་བཙལ་བའི་རྣམ་ཐར་ཡིན།།

ཞབས་སེན་རེ་ཁ་གང་ལ་བཀོད་པ་ཡི།།
ཕྱོགས་ཀྱི་ཆ་ཀུན་མཐོང་ཐོས་དྲན་པས་ཀྱང་།།
ཡང་དག་དམ་པའི་བགྱི་བར་ངང་གིས་བཀྲི།།
འབྲེལ་ཚད་དོན་ལྡན་མཛད་པའི་རྣམ་ཐར་ཡིན།།

རྒྱ་ཆེན་མང་ཐོས་གསུང་རབ་ནོར་བུའི་མཛོད།།
དྲི་མེད་རིག་པས་མངའ་དབང་བསྒྱུར་བ་ལ།།
མཁྱེན་དཔྱོད་ཉི་ཟླ་འབར་བའི་དཔལ་རྫོགས་པ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་ཐར་ཡིན།།

དགུང་ཚོད་པད་དཀར་ལྗོན་བཟང་ན་ཕྲ་ཡང་།།
སྐྱེས་སྦྱང་ཁོ་ལག་མ་ལུས་ལྷུན་གྱིས་རྫོགས།།
ཕལ་བ་སུས་ཀྱང་ཆ་ཙམ་བསྒྲུན་མིན་པ།།
མཁྱེན་རྟོགས་ཀློང་དུ་བརྡོལ་བའི་རྣམ་ཐར་ཡིན།།

ཟོལ་གྱིས་མ་བཅོས་ལྷན་སྐྱེས་གཉུག་མའི་གཤིས།།
ངང་བཟང་རིས་བྲལ་མཛའ་བ་ཀུན་ཏུ་དཀར།།
ཆེར་སྙིགས་འགྲོ་ལ་གཟིགས་པ་དེས་ལྷག་པ།།
བརྩེ་ཆེན་བྱང་སེམས་འབྱོངས་པའི་རྣམ་ཐར་ཡིན།།

ས་ཆེན་སྦྲེལ་བའི་མཛད་འཕྲིན་འོད་དཀར་ལ།།
མ་བཟོད་ཅོ་འདྲིའི་ཕས་རྒོལ་རྩ་ལག་བཅས།།
འཇིགས་མེད་སྒྲ་བརྒྱ་རྒོད་པས་བག་ཡངས་བྱིན།།
ནུས་སྟོབས་འགྲན་ཟླ་མེད་པའི་རྣམ་ཐར་ཡིན།།

གང་ཞིག་རིག་པར་བྱ་བའི་གནས་ཀུན་ལ།།
ངོམ་མེད་ཐུགས་འགྲུས་བརྟན་པོ་ལྷུར་བཞེས་ནས།།
རྒྱ་ཆེན་དཔོག་དཀའི་གསན་སྦྱོང་ལྷོད་མེད་གནང་།།
ཐོས་པ་ལྷུར་ལེན་མཛད་པའི་རྣམ་ཐར་ཡིན།།

ཇི་ལྟར་གསན་པའི་གནད་ལ་འཁྲུལ་མེད་ཀྱི།།
མི་འགྱུར་རིགས་པའི་མདུད་རྒྱ་དམ་བཅིངས་ནས།།
ཡང་དག་ངེས་རྟོགས་ཟབ་མོའི་དེ་ཉིད་བརྟན།།
བསམ་པ་དོན་ལ་དབབ་པའི་རྣམ་ཐར་ཡིན།།

བླངས་དོར་བཀའ་ཡི་གདམ་པའི་གནད་ཕྲ་རགས།།
བདེན་ལུགས་ཕུ་ཐག་བཅད་པའི་དཔྱད་འཇོག་གིས།།
གཏན་བདེར་བཀྲི་ལ་དགོངས་སྟོབས་བླ་ན་འཕགས།།
སྒོམ་པ་ཉམས་བཞེས་བསྟར་བའི་རྣམ་ཐར་ཡིན།།

གྲགས་ཤིང་གྲུབ་པའི་འཕགས་བོད་མཁས་དགུའི་གཞུང་།།
ཕྱོགས་སུ་མ་ལྷུང་འུབས་སུ་ཆུབ་པ་ཡི།།
གངས་ཅན་ཤིང་རྟའི་མཚན་གྱི་བ་དན་འཕྱར།།
མཁས་པའི་གདན་ཐོབ་བཞེས་པའི་རྣམ་ཐར་ཡིན།།

ཀུན་ཏུ་དུལ་བར་སྤྱོད་པ་རྣམ་དག་ཁྲིམས།།
བསྟན་པ་རིན་ཆེན་གཙུག་ཏུ་བཀུར་བ་ཡིས།
བློ་བཟང་རྒྱལ་བ་གཉིས་པའི་མཚན་སྙན་བཞེས།།
བཙུན་པའི་སྤྱན་ལྟོས་བཞག་པའི་རྣམ་ཐར་ཡིན།།

དྲི་མེད་སྦུབས་རྒྱ་ཡངས་པའི་འདབ་སྐྱེས་བཞིན།།
ཕྱི་གཙང་ནང་གཙང་སྐལ་ལྡན་དད་པའི་ཞིང་།།
རིས་མེད་ས་ཆེན་ཁྱོན་ལ་སྙོམ་པོར་བརྡལ།།
བཟང་བོའི་མཛད་བརྒྱ་བསྐྱངས་པའི་རྣམ་ཐར་ཡིན།།

མ་འདྲེས་མ་འཛིངས་མོས་ཁམས་ཐ་དད་བཞིན།།
མཁོ་དགུའི་ཆོས་ཀྱི་སྐྱེས་མཆོག་ཕངས་མེད་དུ།།
བསྩལ་བས་གླིང་བཞིའི་གྲུ་ག་འོད་ཀྱིས་གཏམས།།
འཆད་པའི་གཏེར་བརྒྱ་བརྡོལ་བའི་རྣམ་ཐར་ཡིན།།

མི་འགྱུར་བཀའ་རྟགས་ཕྱག་རྒྱ་དཔར་བ་ཡི།།
གཡོ་མེད་དམ་བཅར་རྒོལ་བའི་གླགས་བྲལ་ཞིང་།།
ཤེས་རབ་རལ་གྲིའི་དབལ་ཁ་ཐོག་ལྟར་འབར།།
རྩོད་པའི་སྒྲ་བརྒྱ་རྒོད་པའི་རྣམ་ཐར་ཡིན།།

ཟབ་གསང་ཚན་ཁ་གཞན་ལས་ཁྱད་ཐོན་པའི།།
རྨད་བྱུང་གསུང་གི་མཛད་པ་འོད་པོ་ཆེས།།
ཁམས་གསུམ་ཆོས་ཀྱི་རྒྱལ་བོའི་རྒྱལ་ཐབས་བཞེངས།།
རྩོམ་པའི་མངའ་དབང་འབྱོར་བའི་རྣམ་ཐར་ཡིན།།

མདོ་རྒྱུད་གདམས་པའི་ཚིག་དོན་ཆ་རེ་ཡང་།།
འདོར་མེད་ལམ་གྱི་རིམ་པའི་ཁོག་སྒྲིལ་དུ།།
ཉམས་ལེན་བཀའ་སྲོལ་ཕྱག་བཞེས་རྨད་དུ་བྱུང་།།
བཤད་སྒྲུབ་གནད་ལ་གཞོལ་བའི་རྣམ་ཐར་ཡིན།།

ཟབ་ཡངས་དཔོག་དཀའ་ཐུགས་གསང་རྒྱ་མཚོ་ལས།།
ངོ་མཚར་བསྒྲུན་མེད་གྲུབ་མཐའི་འགངས་ཐོན་ཞིང་།།
བློ་བཟང་མཁས་གྲགས་སྙན་པ་ཀུན་ལས་མཐོ།།
མཁྱེན་རྟོགས་གཏིང་མཐའ་བྲལ་བའི་རྣམ་ཐར་ཡིན།།

ཐུབ་གསུང་བརྒྱད་ཁྲིའི་གདམས་པ་གནད་ཀྱི་དོན།།
ཐུགས་གསང་མཛོད་དུ་ལྷུར་གྱིས་བསྲེལ་བ་ཡིས།།
རྙོག་བྲལ་ཞི་བ་ཆེན་པོའི་དབང་ཕྱུག་བརྙེས།།
མདོ་རྒྱུད་དབང་དུ་འབྱོར་བའི་རྣམ་ཐར་ཡིན།།

ཐུགས་སྟོབས་གོ་ཆ་བརྟན་པོ་ཉེར་བགོས་ཤིང་།།
དཀའ་ཐུབ་ནགས་ལ་གཞོལ་བའི་ཡིད་དམ་གྱིས།།
ཕྱོགས་བྲལ་ཀུན་ཏུ་རྒྱུ་བའི་བརྟུལ་ཞུགས་བརྟན།།
སྒྲུབ་པ་སྙིང་པོར་མཛད་པའི་རྣམ་ཐར་ཡིན།།

འདྲིས་དང་མ་འདྲིས་འགྲོ་བ་འདུལ་བའི་ཞིང་།།
མཛད་འཕྲིན་འོད་དཀར་ཟེགས་མ་གར་ཕོག་ལ།།
འཕྲལ་ཡུན་བདེ་རྩ་རྫོགས་པའི་དབུགས་དབྱུང་སྦྱིན།།
ཕྱོགས་མེད་འགྲོ་དོན་སྐྱོང་པའི་རྣམ་ཐར་ཡིན།།

གང་ཞིག་བློ་གྲོས་ནོར་བུའི་གསང་མཛོད་དུ།།
ལོངས་སུ་ཐོབ་པའི་ཕྲ་རགས་ཤེས་བྱའི་ནོར།།
ཕངས་མེད་སྐལ་ལྡན་གདུལ་བྱའི་ཞིང་སར་བཏང་།།
དམ་ཆོས་གྲུ་ཆར་བསྙིལ་བའི་རྣམ་ཐར་ཡིན།།

སྣ་ཚོགས་མོས་ཁམས་འདུལ་བའི་ཐབས་ཀྱི་སྒོར།།
ཐུགས་སྨོན་གྲུབ་པ་སྒྲུབ་བརྒྱུད་ཤིང་རྟའི་བསྟན།།
ཀུན་ཀྱང་ཕན་བདེའི་འབབ་སྟེགས་ཉིད་དུ་གཟིགས།།
རིས་མེད་བསྟན་ལ་དད་པའི་རྣམ་ཐར་ཡིན།།

བདེ་བཤེགས་དགོངས་བཅུད་སྙིང་བོ་དྲི་མ་མེད།།
རབ་འབྱམས་ཕྱོགས་བཅུའི་མུ་མཐའ་ཀུན་ཏུ་སྤྲོས།།
སྙིགས་མའི་བསྟན་འགྲོར་སྟོན་པ་གཉིས་པ་བཞིན།།
འཕྲིན་ལས་མཐའ་དང་མཉམ་པའི་རྣམ་ཐར་ཡིན།།

ལེགས་གསུང་བདུད་རྩིས་བསྐྱངས་པའི་བུ་སློབ་ཚོགས།།
སྒྱུ་སྐར་ཕྲེང་བ་འཛིན་མའི་དོ་ཤལ་བཞིན།།
གསེར་མདོག་ཅོད་པཎ་འཆང་བ་ཡུག་ཏུ་གཏམས།།
རྒྱུད་འཛིན་ས་སྟེང་ཁྱབ་པའི་རྣམ་ཐར་ཡིན།།

གཟིགས་པ་ཐ་དད་ཆུ་ཟླའི་གར་རོལ་བཞིན།།
དག་དང་མ་དག་བྱེ་བ་ཕྲག་བརྒྱའི་ཁམས།།
གང་འདུལ་སྤྲུལ་བའི་བཀོད་པ་བསམ་མི་ཁྱབ།།
སྐུ་བཞི་མངོན་དུ་མཛད་པའི་རྣམ་ཐར་ཡིན།།

རང་དོན་ཐོས་བསམ་སྒོམ་པ་མཐའ་རུ་ཕྱིན།།
གཞན་དོན་འཆད་རྩོད་རྩོམ་པའི་དཔལ་ཀུན་རྫོགས།།
གཉིས་དོན་མཁས་བཙུན་བཟང་པོས་བསྟན་འགྲོ་བསྐྱངས།།
ཁམས་གསུམ་ཆོས་ཀྱི་རྒྱལ་བོའི་རྣམ་ཐར་ཡིན།།

ཡིན་ལུགས་ཕུ་ཐག་བཅད་པ་ལྟ་བའི་གནད།།
འཕྱུག་མེད་གཟེར་དུ་བཏབ་པ་སྒོམ་པའི་དོན།།
ཟུང་འབྲེལ་ཐབས་སུ་འདྲིལ་བ་སྤྱོད་པའི་རྒྱན།།
བློ་བཟང་རྒྱལ་བ་གཉིས་པའི་རྣམ་ཐར་ཡིན།།

དད་སེམས་པད་དཀར་འཛུམ་པའི་ཟེའུ་འབྲུ་ལས།།
ཐོལ་གྱིས་ལུད་པའི་བསྟོད་ཚིག་སྦྲང་རྩིའི་ངད།།
སྐལ་བཟང་གསོས་སུ་སྨིན་པ་གང་དེ་ཡིས།།
ལེགས་བྱས་ངག་གི་སྦྱོར་བ་འདི་བགྱིས་སོ།།

བགྲང་ཡས་གསང་གསུམ་མཛད་པ་རྒྱ་མཚོ་ལས།།
ཆ་ཡི་ཆ་ཙམ་བཏུས་པའི་རབ་ཏུ་བྱེད།།
དད་པའི་འབབ་སྟེགས་རྣམ་ཐར་སུམ་ཅུ་བ།།
འདི་བྲིས་བསྟན་འགྲོ་བདེ་བའི་རྒྱུ་རུ་བསྔོ།།

ཞེས་ཆོས་ཀྱི་རྒྱལ་བོ་རྒྱལ་བ་ཙོང་ཁ་པ་ཆེན་པོ་ཞི་བར་གཟིམས་ནས་ལོ་འཁོར་དྲུག་བརྒྱ་ལོན་ཞིང་། བསྟན་པའི་འབྱུང་གནས་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་ནས་ཀྱང་དུས་ཚིགས་དེ་ལྟར་ཕྱིན་པའི་རྟེན་འབྲེལ་མཛད་སྒོ་དང་བསྟུན། དོན་གྱི་འགངས་ཟིན་པའི་མཛད་རྣམ་སྡོམ་དུ་བསྡུས་པ་ལྟ་བུ་འདིའི་བྱེད་པ་པོ་ནི་ཁམས་སྟོད་རྫ་ཆུ་ཁའི་ཆར་སྐྱེས་པ་མང་དགེའི་དཔལ་འབྱོར་རམ་དབུ་མ་བར་འབོད་པའི་གུས་འབངས་དེ་འོ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།