ནགས་ཀྱི་ལེའུ།

6770

རྩོམ་པ་པོ། རོང་བོ་དགེ་འདུན་ལྷུན་གྲུབ།
  ལྷ་ཡིས་ཇི་སྐད་དུ།
   གང་ཞིག་ནགས་ཀྱི་ཞི་ལ་རབ་གནས་པའི།།
   ཨུཏྤལ་མིག་གི་ཚེར་མ་རྣོན་པོ་ཅན།།
   ལུས་ཀྱི་ངལ་བ་མི་བསྟེན་མེ་ན་ཀཱ།།
   ཁྱེད་ནི་སྒྱུ་མའི་ཆོ་ག་རྩོམ་པ་པོ།།
འདྲེན་པ་མོས།
   ཞི་བར་གནས་ཤིང་ཞི་བའི་ལམ་སྟོན་མཁན།།
   ཚངས་པ་དེ་ཡི་རྗེས་འཇུག་བདག་ལ་ནི།།
   ཉམ་ང་ཅུང་ཟད་མི་མངའ་བསམ་གཏན་གྱི།།
   བདེ་བའི་ལུས་སེམས་སྐྱིད་པས་བག་རེ་དྲོ།།
   མི་གང་རེ་དོགས་དྲ་བའི་རྒྱ་ལྷོད་ལ།།
   ཟིལ་བས་དུད་པའི་ལྗོན་པ་ལ་འཁྲིལ་བའི།
   བྱི་འུའི་སྐད་དང་ཤང་ཤང་འབབ་པའི་ཆུ།།
   རོལ་མོ་ལྟར་མཚུངས་གླུ་རྣམས་ལོངས་སྤྱོད་གྱིས།།
ལྷ་ཡིས་ཇི་སྐད་དུ།
   རང་བྱུང་ཆོས་ཀྱི་མཛེས་པ་གློག་འགྱུ་ཙམ།།
   དུས་ཀྱིས་དམོད་བཞིན་ནམ་ཞིག་ཕོངས་པར་ངེས།།
   ཡིད་ལ་མི་རྟག་རི་མོ་འབྲི་གྱིས་ལ།།
   ལྟར་སྣང་བདེ་བའི་ངང་ལ་མ་འབྱམས་ཤིག།
   ཁྱེད་ནི་ལྷ་དང་ཀླུ་འམ་དྲི་ཟ་ཡི།།
   མཛེས་པ་འཛིན་པའི་དཔལ་དུ་བདག་གིས་རྟོགས།།
   དེ་ལྟ་མོད་ཀྱང་ནགས་ཀྱི་ཚལ་འདི་རུ།།
   གནས་པ་ཁོ་ནས་གྲོལ་བ་ཐོབ་མི་འགྱུར།།
  འདྲེན་པ་མོས།
   འདོད་པའི་བློ་ནི་གླང་པོ་བཏུལ་བ་བཞིན།།
   ཀུན་ཏུ་རྒྱུ་བའི་བརྟུལ་ཞུགས་རབ་སྤངས་ཏེ།།
   བསོད་ནམས་ལྡན་པ་རྟག་ཏུ་གནས་པའི་རི།།
   འདི་ལ་སྤྱོད་རྣམས་ཡང་དག་འཇོག་ལ་བརྩོན།།
   ཡིད་ལ་གང་ཡང་མི་བྱེད་བདག་གི་སེམས།།
   སྤྲོས་མེད་སྟོང་བའི་ངང་དུ་འབྱམས་པ་ལ།།
   ཅ་ཅོའི་སྒྲ་ཡིས་མ་བསླད་ལྡོམ་བུ་བ།།
   ཐ་སྙད་ཚིག་གི་རོ་ལ་ང་མི་མགུ།།
ལྷ་ཆེན་པོས་ཇི་སྐད།
   གཡོ་མེད་ངང་དུ་གཡོ་བའི་སེམས་ལྡན་མཁན།།
   གང་ལ་སྤྲོས་པ་དོར་བའི་ཚུལ་བདེན་ན།།
   སྒྱུ་མའི་ལང་ཚོ་འཁྲུས་ལ་རབ་འཇུག་པ།།
   གང་ཞིག་འགུགས་པའི་ཕྱིར་དུ་མ་ཡིན་གྲང་།།
   ཀུར་གུམ་དྲི་ཡིས་བགོས་པའི་དཔལ་དང་བཅས།།
   སྨིན་མ་བུང་བ་བཞིན་དུ་གཡོ་བ་དེས།།
   ཟབ་མོའི་ཏིང་འཛིན་ཟས་ལ་རོལ་མིན་པར།།
   དྲན་ཤེས་ཆུ་ལོན་རལ་བ་ཁོ་བོས་ཤེས།།
འདྲེན་པ་མོས།
   སུ་ཡི་སེམས་ལ་ལོག་པའི་མཚན་མོས་བཀབ།།
   དེ་ཡིས་དགེ་བའི་དཔལ་ཀུན་མཐོང་མི་འགྱུར།།
   ལྷས་བྱིན་རྣམ་པར་རྟོག་པའི་དྲ་བ་ན།།
   རྒྱལ་བུ་དོན་འགྲུབ་སྡིག་པའི་མཚན་མར་བཀྲ།།
   དབང་ཕྱུག་བརྒྱད་ལྡན་འཁྲི་ཤིང་སར་བའི་ལུས།།
   གཙང་མའི་ཁྲུས་ཀྱི་རྫིང་བུར་འཛུལ་པ་ལ།།
   བསྟིང་ཚིག་འཇོ་བའི་སྒྲོས་དེ་བསྡམ་པར་མཛོད།།
   བསོད་ནམས་མ་ཡིན་ལས་ཀྱིས་རང་ཉིད་ལྟུང་།།

གྲོང་གི་ལེའུ།

  ལྷ་ཆེན་པས་ཇི་སྐད་དུ།
   གཡེར་ཁའི་དྲིལ་བུ་གསིལ་བའི་སྒྲ་དང་བཅས།།
   ཁང་བཟང་སྣ་ཚོགས་མཛེས་པའི་དྲ་བ་ན།།
   སྲེད་པའི་མིག་ལ་སྲེད་པའི་སེམས་ལྡན་མཁན།།
   རྒྱུ་བའི་སྲང་དང་མཚོ་རྫིང་མཐའ་མི་ལངས།།
   ནགས་ལ་ཞི་བར་སྤྱོད་པའི་འདྲེན་པ་མོ།།
   རེ་ཞིག་ཏིང་འཛིན་ལྷོད་པའི་ཉམས་དང་བཅས།།
   རི་ལས་བབས་ཤིང་གྲོང་དུ་བཞུད་པའི་ཚུལ།།
   ངེས་འབྱུང་ཀློང་ལས་ཟགས་པའི་མུ་ཏིག་འདྲ།།
   རྩ་བ་བརླན་དང་བྲལ་བའི་པདྨོ་ནི།།
   མཛེས་པའི་ཟེའུ་འབྲུའི་ཚོགས་ཀྱིས་ཕྱེ་ན་འང་།།
   ནམ་ཞིག་ལྟུང་བར་འགྱུར་ལ་རྟེན་འབྲེལ་གྱིས།
   རི་མོ་བྲིས་པའི་ཚུལ་དེ་སུ་ཡིས་ཟློག།
འདྲེན་པ་མོས།
   ཆོས་རྣམས་སེམས་ཉིད་ཀློང་དུ་ཟད་པ་ཡི།།
   མི་དག་གང་དུ་འགྲོ་འམ་འདུག་ཀྱང་རུང་།།
   རེ་དོགས་གཡང་ལ་ནམ་ཡང་མི་འཇུག་བཞིན།།
   བདག་ནི་སྒྱུ་མའི་ཆོ་གས་བསླུ་མི་འགྱུར།།
   རེ་ཞིག་རྗེས་ཐོབ་ངང་དུ་ངལ་གསོས་ནས།།
   འཁོར་བའི་ཆོས་ཀྱི་འཇུག་ལྡོག་ཅི་ལ་འང་།།
   ཞེན་པས་མི་བཅིངས་བདག་ནི་བསེ་རུ་བཞིན།།
   འཁོར་བའི་འདམ་གྱིས་རྟག་ཏུ་གཡོགས་པ་མེད།།
ལྷ་ཆེན་ཡིས་ཇི་སྐད་དུ།
   ངག་ལ་བརྒྱུས་པའི་ཚིག་དག་ནི།།
   ཟབ་ཅིང་བརླིང་བར་གོ་ན་ཡང་།།
   དོན་གྱི་སྙིང་པོ་མ་ཎི་ཀ།
   རླུང་བུ་བཞིན་དུ་ཡང་ངམ་ཀྱེ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།