གླུ་བྱ་འཕུར་མ། (ཕྱི་དུམ)

6365


ཇོ་བོ་ཉི་དབང་མགོན་པོས་བརྩམས།{རྒྱ་གར}
འབལ་གཞུང་ཁྱུང་ཐར་རྒྱལ་གྱིས་བསྒྱུར།

བོད་འགྱུར་ལོ་ཙྭ་པ། འབལ་གཞུང་ཁྱུང་ཐར་རྒྱལ།

༡༦༥
ངང་ཁྱུ་གློ་བུར་ནམ་མཁར་འཕུར་བ་ལྟར།།
བདག་གི་དྲན་པའི་མཚོ་མོ་དྲག་ཏུ་གཡོས།།
བར་བར་ཁ་ཁུ་སིམ་ཞིང་ལྷིང་འཇགས་དུས།།
ཕན་ཚུན་གཤོག་འགྱུར་རྡེབ་པའི་སྒྲ་ཡང་ཐོས།།
༡༦༦
ཆུ་ཡུར་འདིས་ནི་ཧ་ཅང་སྤྲོ་སྣང་ངང་།།
གཙང་བོ་དག་ནི་ནམ་ཡང་རང་ཉིད་ཀྱི།།
ཆེད་དུ་ཉིན་ལ་ཉིན་དང་མཚན་མཐུད་ནས།།
སྙན་པའི་སྒྲ་དང་བཅས་ཏེ་འབབ་པར་འདོད།།
༡༦༧
འཇིག་རྟེན་འདི་ཡིས་སྐྱོ་ཞིང་གདུང་བའི་ངང་།།
བདག་ལ་བརྩེ་བའི་འོ་སྦྱོར་བྱས་པ་དང་།།
དེ་ཡི་ལན་དུ་སྙན་པའི་གླུ་སྐད་ཀྱིས།།
ཕྱི་ཕྱིར་དྲིན་བཟོ་བྱེད་པར་རེ་ཞིང་སྒུག།།
༡༦༨
བདག་སེམས་ངལ་བས་དུབ་པའི་གནོན་ཤུགས་དེ།།
དྲན་པའི་ཕྱི་རུ་འགྲོ་འདོད་རྣམ་ཤེས་སམ།།
ཡང་ན་རྣམ་ཤེས་དེ་ཡིས་བདག་སེམས་ཀྱི།།
སྒོ་གླེགས་བརྡུང་སྟེ་ཕེབས་འདོད་ཡིན་ནམ་ཅི།།
༡༦༩
བདག་གིས་བསམ་ཞིང་འདོད་པའི་དོན་རྣམས་ནི།།
རང་གི་ཕ་སྐད་ཕུན་སུམ་ཚོགས་པ་ཡི།།
སྐད་བརྡའི་འཚོ་བ་རོ་བཅུད་མངར་པོའི་ཀློང་།།
ལང་ཚོ་རྒྱས་ཤིང་འཚར་ལོངས་བྱུང་བ་ལགས།།
༡༧༠
བདག་གི་སེམས་ཀྱི་དཀར་གཙང་ཕོར་བ་རུ།།
དུས་ཀྱི་ལྷིང་འཇགས་ཞོ་རུ་བསྙལ་བ་ན།།
གང་ལ་གང་མཐུན་དེ་ལ་དེར་མཐུན་པའི།།
ལྷད་མེད་བརྩེ་བས་ཡོངས་སུ་གཏམས་པར་གྱུར།།
༡༧༡
ཁྱེད་རང་དོན་ཆེན་ལས་ལ་ཞུགས་པ་དང་།།
མ་ཞུགས་ཕྱི་བཤོལ་བྱས་པ་གང་ཡིན་རུང་།།
ང་ཚོས་བྱ་བ་དོན་ཆེན་བསྒྲུབ་རན་ཞེས།།
བརྗོད་དུས་གཞི་ནས་དུས་ཀྱིས་འཕྱིས་པ་ལགས།།
༡༧༢
ཕལ་བའི་མེ་ཏོག་ཚོགས་རྣམས་རང་ཉིད་ཀྱི།།
གྲོགས་སུ་བཀུར་བར་ཉི་དགའ་མེ་ཏོག་གནོང་།།
ཡིན་ཡང་ཁྲི་གདུགས་ཉི་མས་འཛུམ་དམུལ་དམུལ།།
ང་ཡི་གཅེས་ཕྲུག་ཚོ་ཞེས་འཚམས་འདྲི་བྱེད།།
༡༧༣
གང་དུ་སུ་ཡིས་ལས་དབང་བཙན་པོ་བཞིན།།
བདག་ཉིད་མདུན་ནས་མདུན་དུ་སྐྱོད་པར་བྱེད།།
དེ་ནི་རང་གི་རྒྱབ་ནས་དེད་པ་ཡི།།
བདག་ཉིད་བདག་གི་མགོན་དེ་མ་ཡིན་ནམ།།
༡༧༤
སྤྲིན་དཀར་གཡོན་མས་དགྱེས་པའི་འཛུམ་ཞལ་གྱིས།།
བདུད་རྩིའི་ཆར་རྒྱུན་གཙང་པོའི་ཕོར་བར་དྲངས།།
རང་ཉིད་གཅིག་པུར་དབེན་པའི་རི་ལ་ཕྱིན།།
ལྷིང་འཇགས་གོས་སུ་གྱོན་ཏེ་ངལ་གསོ་བསྟེན།།
༡༧༥
བགྲོད་ལམ་རིང་པོར་བདག་གིས་རང་ཉིད་ཀྱི།།
བུམ་ཆུ་ས་ཕྱོགས་ཀུན་ཏུ་གཏོར་ཞིང་ཡོང་།།
ཁྱིམ་དུ་འབྱོར་རྗེས་ལྷག་མའི་ཆུ་ཐིགས་ཙམ།།
ལུས་པ་གཞི་ནས་རང་གི་ལོངས་སྤྱོད་དོ།།
༡༧༦
ཕོར་བའི་ནང་གི་ཆུ་དེ་འོད་དང་ལྡན།།
རྒྱ་མཚོའི་ནང་གི་ཆུ་དེ་མུན་པས་གབ།།
གནས་ལུགས་ཕྲན་བུ་ཡིག་འབྲུས་འཆད་ནུས་ཀྱང་།།
ཆེན་པོ་དག་ལ་སྨྲ་བ་ཉུང་བར་བྱ།།
༡༧༧
ཁྱོད་ཀྱི་མཛུམ་མདངས་ཁྱོད་ཀྱི་སྐྱེད་ཚལ་དུ།།
རྣམ་པར་གྲོལ་བའི་མཛེས་སྡུག་མེ་ཏོག་ཡིན།།
ཁྱོད་ཀྱི་ཞལ་གསུང་ཁྱོད་ཀྱི་རི་སྒང་དུ།།
རླུང་གིས་བསྐྱོད་པའི་ནགས་མའི་ཤག་སྒྲ་ཡིན།།
ཁྱོད་ཀྱི་སེམས་པ་ང་ཚོ་ཀུན་ལ་གསལ།།
འགྲོགས་ཤིང་འདྲེས་པའི་སྐྱེས་མ་དེ་ཡིན་ནོ།།
༡༧༨
བདག་ལ་བདོག་པའི་ལེགས་སྐྱེས་ཆུང་ངུ་དེ།།
རང་ཉིད་དགའ་བའི་སྙིང་གི་མཛའ་མོར་འབུལ།།
ཤེས་རིག་དཔལ་གྱི་ལེགས་སྐྱེས་ཆེན་པོ་དེ།།
ལས་ཀྱིས་འབྲེལ་བའི་སྐྱེ་འགྲོ་ཡོངས་ལ་འབུལ།།
༡༧༩
སྐྱེས་མ་ཁྱོད་ཀྱི་མིག་ཆུའི་ཕྲེང་བ་ཡིས།།
འཇིག་རྟེན་འདི་ཡི་བརྩེ་སེམས་ཀུན་ནས་བརླན།།
ཚུལ་འདི་རླབས་ཕྲེང་འཕྱོ་བའི་རྒྱ་མཚོ་མས།།
ཡངས་པའི་ས་ཆེན་ཀུན་ནས་བསྐོར་བ་བཞིན།།
༡༨༠
འཆར་ཀའི་ཉི་གཞོན་འོད་ཀྱི་རྩེ་དགའ་ཅན།།
བདག་ལ་ཕྱོགས་ཏེ་བརྩེ་བས་འཚམས་འདྲི་བྱེད།།
སྦྲང་ཆར་སིལ་མའི་སྐྱོ་བའི་ནུ་མོ་དེས།།
བདག་གི་སེམས་པར་སྙིང་གཏམ་མ་ལུས་བརྗོད།།
༡༨༡
བདག་གི་ཉིན་མོའི་མེ་ཏོག་འདི་ཡིས་ནི།།
རང་གི་འདབ་མ་ལྷུང་ནས་འཐོར་བ་བརྗེད།།
སྲོད་དུས་རྣམ་པར་གྲོལ་བའི་མེ་ཏོག་དེ།།
ཕྱིར་དྲན་ཁྲོད་ཀྱི་གསེར་མདོག་འབྲས་བུར་གྱུར།།
༡༨༢
བདག་ནི་མཚན་ལམ་རིང་མོའི་ལམ་ཕྲན་དང་།།
འདྲ་བར་ཁུ་སིམ་ཁ་རླངས་རྔུབས་པ་དང་།།
ཕྱིར་དྲན་རིང་མོའི་ཁྲོད་ཀྱི་རྡོག་སྒྲ་ལ།།
ཞིབ་ཏུ་བསན་ཞིང་རེ་ཞིག་བསམ་པ་ལགས།།
༡༨༣
བདག་ལ་མཚོན་ན་སྲོད་ཀྱི་ནམ་མཁའ་འདི།།
སྒེའུ་ཁུང་ཞིག་དང་འདྲ་བར་ཕྱེས་ནས་ཡོད།།
སྒྲོན་མེ་ཞིག་དང་འདྲ་བར་འབར་ནས་ཡོད།།
སྒྲོན་མེའི་ངོགས་ཀྱི་རེ་སྒུག་དེ་དང་འདྲ།།
༡༨༤
དོན་ཆེན་བསྒྲུབ་པའི་སྐྱེ་བོས་ལྡོག་ཕྱོགས་ཀྱི།།
མི་མཐུན་བྱ་བའི་དུས་ཚོད་རྙེད་མི་ཐུབ།།
༡༨༥
བདག་ནི་འབྲས་ལྡན་དུས་ཀྱི་ཆུ་འཛིན་དེ།།
རེ་ཞིག་བདུད་རྩིའི་ཆར་གྱིས་སྟོང་ན་ཡང་།།
སྨིན་ལེགས་སྙེ་མ་དུད་པའི་འབྲས་ཞིང་དུ།།
ད་གཟོད་རང་གི་ཕུན་ཚོགས་དངོས་སུ་མཐོང་།།
༡༨༦
ཁོ་ཚོས་ཕན་ཚུན་བར་ལ་ཕྲག་དོག་དང་།།
དམར་གསོད་བྱེད་པར་མི་རྣམས་བསྔགས་བརྗོད་ཐོབ།།
ཡིན་ཡང་ལྷ་དབང་ངོ་ཚས་མ་བཟོད་པར།།
རང་གི་མཁྱེན་རབ་རྩྭ་ལོའི་གསེབ་ཏུ་སྦས།།
༡༨༧
ཞབས་ཟུང་འཁོར་ལོའི་མཛུབ་མོ་འདི་དག་ནི།།
སྔོན་ཆད་མཁོ་མེད་དོར་བའི་ཕྱག་མཛུབ་ཡིན།།
༡༨༨
ཤིན་ཏུ་གནག་ཅིང་སྟུག་པའི་མུན་པ་འདིས།།
ནམ་ཡང་འོད་ཀྱི་ཕྱོགས་སུ་གོམ་ཆེན་སྤོ།།
དམུས་ལོང་དག་ནི་གཤིན་རྗེའི་གྲོང་ཁྱེར་དུ།།
ཕན་ཚུན་འགྲན་པ་བཞིན་དུ་རྒྱུགས་པ་ལགས།།
༡༨༩
ཁྱི་ཕྲུག་དག་ནི་སྲིད་པའི་ཁམས་ཆེན་པོས།།
རང་གི་འཇིག་རྟེན་འཕྲོག་པར་སེམས་འཚུབ་སྐྱེ།།
༡༩༠
མ་བྲེལ་དལ་བུར་བཞུགས་ཤིག་བདག་སེམས་ཀྱེ།།
ཉིད་ཀྱིས་དོན་མེད་ས་རྡུལ་མི་གཙུབས་རོགས།།
འཇིག་རྟེན་འདིས་ཀྱང་སྐུ་ཉིད་གར་བཞུགས་སར།།
རྐང་བ་འཇོག་སའི་ལམ་ཞིག་བཙལ་ནས་འོངས།།
༡༩༡
ཉག་ཕྲན་གཞུ་མོའི་ལྟོངས་ལས་གློད་ཁ་མར།།
གཞུ་མོ་གུག་ནས་ཉག་ཕྲན་མདའ་མོ་ལ།།
ཁྱོད་ཀྱི་རང་དབང་དེ་ནི་བདག་ཉིད་ཀྱི།།
རང་དབང་ཡིན་ཞེས་གོ་བའི་གཏམ་དུ་བྱས།།
༡༩༢
ཀྱེ་ཀྱེ་ལྷ་ལྕམ་ཁྱེད་ཀྱི་བཞད་སྒྲ་ལས།།
ཚེ་སྲོག་འབྱུང་བའི་དབྱངས་སྙན་འཁྲོལ་བ་ཐོས།།
༡༩༣
ཡོད་ཚད་ཤེས་རྟོག་ཡིན་པའི་བློ་གྲོས་ནི།།
ཡུ་བ་མེད་པའི་རལ་གྲི་ངོ་གཉིས་འདྲ།།
དེས་ནི་རང་ཉིད་སྤྱོད་པའི་སྐྱེ་བོ་དེའི།།
ལག་པར་ཁྲག་དང་བཅས་པའི་རྨ་ཤུལ་བཟོ།།
༡༩༤
ལྷ་ཆེན་རང་གི་སྐར་མ་འོད་ཆེན་ལས།།
མི་ཡུལ་ཁམས་ཀྱི་སྒྲོན་མེར་ལྷག་ཏུ་དགྱེས།།
                             ༡༩༥
འཇིག་རྟེན་འདི་ནི་དྲག་ཆར་རླུང་འཚུབ་ཀྱིས།།
ཀུན་ནས་གཅུན་པའི་གོ་ལ་དེ་ཡིན་ཡང་།།
མཛེས་སྡུག་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱིས།།
དེ་དག་མ་ལུས་ཞི་བའི་དབྱིངས་སུ་བཏེགས།།
༡༩༦
མཚམས་སྤྲིན་ན་རེ་ཀྱེ་ཀྱེ་ཉི་གཞོན་ལགས།།
བདག་གི་སེམས་ལ་ཉིད་ཀྱི་འོད་ཕོག་པས།།
ད་ནི་བདག་གི་རང་སེམས་འོད་གསལ་བ།།
གསེར་གྱི་རྟེན་སྒམ་ཞིག་དང་གཉིས་སུ་མེད།།
༡༩༧
ཉེ་སར་བཅར་ཚེ་ཁྱེད་རང་གསོད་སྲིད་ཅིང་།།
རྒྱང་དུ་བགྱེད་ཚེ་ཁྱེད་རང་འཐོབ་ཀྱང་སྲིད།།
༡༩༨
འཛིང་འབུའི་ཙི་སྒྲ་ཆར་བའི་ཤག་སྒྲ་སོགས།།
མཚན་སྨག་རིང་པོར་བདག་གི་རྣ་བར་ཟུག།
ཚུལ་དེ་བྱིས་པའི་དུས་ཀྱི་འདས་དོན་དག།
སླར་ཡང་རྨི་ལམ་ཡུལ་དུ་བྱོན་པ་འདྲ།།
༡༩༩
མཚར་སྡུག་འདབ་སྟོང་གྲོལ་བའི་མེ་ཏོག་དག།
སྐར་ཚོགས་ཡལ་བའི་ནམ་མཁར་གདོང་ཕྱོགས་ཏེ།།
བདག་གི་ཟིལ་ཐིགས་མ་ལུས་འཐོར་རོ་ཞེས།།
འཇིག་རྟེན་མྱ་ངན་འོ་དོད་དབྱངས་སུ་གྱེར།།
༢༠༠
དམར་ནག་མེ་ཡིས་བསྲེག་པའི་བུད་ཤིང་ལས།།
ཚ་བའི་མེ་ལྕེ་དྲག་ཏུ་མཆེད་པ་ལ།།
འདི་ནི་བདག་གི་མཛེས་པའི་མེ་ཏོག་དང་།།
མཐའ་མའི་འཆི་བ་ཡིན་ཞེས་གཏམ་དུ་བྱ།།
༢༠༡
དུག་སྦྲང་གིས་ནི་རང་གི་ཁྱིམ་མཚེས་ཀྱི།།
སྦྲང་མའི་གཞིས་ཁྱིམ་ཆུང་བར་དོགས་པ་སྐྱེས།།
འོན་ཀྱང་སྦྲང་མའི་ཚོགས་ཀྱིས་དུག་སྦྲང་ལ།།
ཁང་བ་དེ་ལས་ཆུང་བ་བསྐྲུན་པར་གདམས།།
༢༠༢
མཚོ་འགྲམ་ན་རེ་ཀྱེ་ཀྱེ་གཙང་པོ་ལགས།།
བདག་གིས་ཁྱེད་ཀྱི་མཛེས་པའི་རླབས་རིས་དེ།།
ཅིས་ཀྱང་གཟུང་བར་ནུས་པ་མིན་ན་ཡང་།།
སེམས་ཀྱི་ལོངས་སྤྱོད་ཁོ་ནར་དབང་བར་འཚལ།།
༢༠༣
དཀར་གསལ་ཉིན་མོ་འོད་དང་ལྡན་པ་འདིས།།
ས་ཡི་གོ་ལའི་འུར་ཟིང་དང་བསྟུན་ནས།།
སྟོང་ཁམས་ཆེན་མོའི་མཐའ་མེད་ལྷིང་འཇགས་ལ།།
མི་མཐུན་གནོད་པའི་ལས་དག་བྱེད་པར་བརྩམས།།
༢༠༤
ནམ་མཁའ་སྔོན་པོ་གཡུ་ཡི་གུར་ཁང་དུ།།
སྙན་པའི་གཞས་ལ་ཕ་མཐའ་མེད་པ་ཚོར།།
དོགས་མོ་ས་གཞི་ཡངས་ཤིང་ཆེ་བ་འདིར།།
མཛེས་པའི་རི་མོ་བསམ་པའི་ཡུལ་ལས་འདས།།


སྙན་ངག་གནམ་ས་གང་ལ་མི་ལྟོས་པར།།
ཐ་སྙད་ཕུན་སུམ་ཚོགས་ཤིང་ཚིག་གྲུབ་མཛེས།།
འགུལ་སྐྱོད་ལྡན་ཞིང་འཕུར་སྐྱོད་ནུས་པ་ཡི།།
སྙན་པའི་རོལ་མོ་འཇིག་རྟེན་ཀུན་ཏུ་འཁྲོལ།།
༢༠༥
འགྲོ་བའི་ཉི་མ་གསེར་གྱི་འོད་རིས་ཅན།།
ནུབ་ཕྱོགས་མངོན་དགའི་རི་ལ་ཕྱོགས་པའི་དུས།།
ཤར་ཕྱོགས་སྐྱ་རེངས་སྒེག་མོ་ཁུ་སིམ་མེར།།
མདུན་དུ་འགྲེང་ནས་བསུ་བ་བྱེད་པ་མཐོང་།།
༢༠༦
ཁོ་བོ་ནོར་འཁྲུལ་དང་བཅས་རང་ཉིད་ཀྱི།།
རང་ཚུགས་མེད་པའི་འཇིག་རྟེན་འདིར་བཞག་སྟེ།།
གཞན་དག་བོས་ནས་བདག་ལ་དགག་བཞག་དང་།།
ཁྱད་གསོད་བྱེད་པའི་ལས་དག་སྤོངས་རོགས་ཀྱེ།།
༢༠༧
སྙན་པའི་གཏམ་གྱི་ངོ་སོ་འདི་དག་གིས།།
བདག་ནི་ངོ་ཚས་ཀུན་ནས་དུད་པར་བྱས།།
དྲང་པོའི་གཏམ་གྱི་བདེན་པ་འདི་ལྟ་སྟེ།།
བདག་གིས་ལྐོག་ཏུ་དེ་ལ་རེ་ཞིང་བསྒུག།
༢༠༨
བདག་གིས་རེ་ཞིག་ངལ་གསོ་བསྟེན་པའི་དུས།།
ཟང་ཟིང་བྱ་བས་སུན་པོ་མི་བཟོ་རོགས།།
ས་སྲོད་དུས་ཀྱི་རྒྱ་མཚོའི་ལྷིང་འཇགས་བཞིན།།
བདག་ལ་བར་ཆད་ཅི་ཡང་མེད་པར་ཞུ།།
༢༠༩
ཀྱེ་ཀྱེ་ལང་ཚོ་དར་བབས་གཞོན་ནུ་མ།།
ཁྱོད་ཀྱི་ལྷད་མེད་མཆོག་གི་བརྩེ་བ་དེ།།
དྭངས་བའི་མཚོ་ལ་གསལ་བའི་ཟླ་བ་བཞིན།།
དྲི་མེད་གཤིས་ཀྱི་མེ་ཏོག་ཀུན་ནས་འཛུམ།།
༢༡༠
དངོས་པོའི་རང་བཞིན་ཕུན་སུམ་ཚོགས་པ་དེ།།
རང་ཉིད་གཅིག་པུར་འཛོམས་པ་མ་ལགས་ཏེ།།
རྒྱུ་རྐྱེན་རྟེན་འབྲེལ་མང་པོ་མཉམ་གཅིག་ཏུ།།
འཛོམས་པས་ད་གཟོད་ཕུན་སུམ་ཚོགས་པ་ལགས།།
༢༡༡
ལྷ་ཆེན་མཆོག་གི་ཕྱག་གཡས་བྱམས་བརྩེ་ཡི།།
རི་མོ་མངོན་པར་གསལ་བ་དེ་ཡིན་ཡང་།།
འོན་ཀྱང་ཁོང་གི་ཕྱག་གཡོན་གདུག་རྩུབས་ཀྱི།།
རལ་གྲིའི་སོ་ཁ་རྣོ་བ་དེ་ཡིན་ནོ།།
༢༡༢
བདག་གི་མཚན་ལྗོངས་རིང་མོ་རྒྱུས་མེད་ཀྱི།།
ནགས་ཚལ་སྟུག་པོ་བརྒྱུད་ནས་སླེབས་པ་དང་།།
སྐར་མའི་ཚོགས་དག་ཧ་ཅང་ལྷིང་འཇགས་ངང་།།
མི་གསལ་ལྡབ་ལྡིབ་འབའ་ཞིག་སྨྲ་བར་བྱེད།།
༢༡༣
མཚན་མོའི་སྨག་རུམ་འདི་ནི་གཡང་ཁུག་སྟེ།།
དེ་ལས་སྐྱ་རེངས་སྒེག་མོའི་གསེར་འོད་འཚེར།།
༢༡༤
རིང་ནས་བདག་གི་ཡིད་ལ་འདོད་པའི་དོན།།
ཁ་དོག་སྣ་ལྔའི་མཛེས་སྡུག་འཇའ་ཚོན་བཞིན།།
བརླན་དང་སྨུག་པས་བཟུང་བའི་མི་ཚེ་ལ།།
ལན་ཅིག་གཡོར་བའི་སྐལ་བ་དེ་རིང་བྱུང་།།
༢༡༥
སྐྱེ་བོ་རྣམས་ཀྱི་ལག་ཏུ་ཐོགས་པ་ཡི།།
མཛེས་སྡུག་རྣམ་པར་གྲོལ་བའི་མེ་ཏོག་དེ།།
མཆོད་པའི་རྫས་ཀྱི་ཚུལ་དུ་ཕྱིར་ལེན་པར།།
ལྷ་ཆེན་མཆོག་ནི་རེ་ཞིང་སྒུག་པ་ལགས།།
༢༡༦
ང་ཡི་སེམས་ཀྱི་གདུང་སེམས་ཟབ་མོ་འདིས།།
ང་རང་ཡོངས་སུ་བཅིངས་ཏེ་དམ་དུ་བསྡམས།།
ད་དུང་ང་ཡི་མཚན་ལ་ཅི་ཟེར་ཞེས།།
བདག་ལ་ཚིག་མགོ་བསྐོར་ནས་འདྲི་བར་བྱེད།
༢༡༧
མེ་ཏོག་རྣམས་ནི་མཛེས་སྡུག་འདབ་སྟོང་གྲོལ།
འབྲས་བུའི་ཚོགས་དག་ཕུན་ཚོགས་སྙེ་མས་དུད།།
འོན་ཀྱང་བདག་ལ་འདབ་ལོའི་ཁེངས་སྐྱུང་གི།
གྲིབ་བསིལ་སྩོལ་བའི་དངོས་གྲུབ་གནང་བར་ཞུ།།
༢༡༨
བདག་གི་རང་ཚུགས་མེད་པའི་སེམས་པ་འདིས།།
རླུང་བུ་ལྡོམ་པོ་ཞིག་ལ་ཁ་གཏད་དེ།།
དེ་ཡི་གཡོར་གྲུ་མཐོན་པོར་བཏེགས་པ་དང་།།
རྒྱུས་མེད་གླིང་ཕྲན་ཞིག་ཏུ་བསྐྱོད་པར་བརྩམས།།
༢༡༩
རྗེ་བོ་ངན་པ་གཏུམ་དྲག་ཆེ་ན་ཡང་།།
འབངས་ཀྱི་སེམས་ནི་བྱམས་བརྩེའི་འོད་ཀྱིས་ཁེངས།།
༢༢༠
ཀྱེ་ཀྱེ་ང་རང་ཉིད་ཀྱི་ལྷུང་བཟེད་དུ།།
སྤྲུལ་བསྒྱུར་ཆོག་པའི་གདམས་པ་གནང་བར་ཞུ།།
བདག་གིས་ཁྱེད་དང་ཁྱེད་ཀྱི་ནང་མིའི་སླད།།
ལྷུང་བཟེད་གཙང་མའི་ཆབ་ཀྱིས་བཀང་ཡང་ཆོག།
༢༢༡
ས་ཆེན་འདིས་ནི་དྲག་ཆར་རླུང་འཚུབ་ཀྱི།།
བརྩེ་བའི་དངོས་པོ་ཉམས་སུ་མ་བཞེས་པས།།
སྐྱོ་ཞིང་གདུང་བས་མནར་བའི་ལྷ་ཆེན་བཞིན།།
མི་འདོད་སྨྲེ་ངག་ཀུན་ཏུ་སྒྲོག་པར་བྱེད།།
༢༢༢
འཇིག་རྟེན་ཆེན་པོ་འདི་ཉིད་གཙང་པོ་ལྟར།།
བཞུར་ནས་ཚར་ཏེ་སྟོང་བར་ག་ལ་འགྲོ།།
འཆི་བ་ཞེས་པའི་རྒོད་པོ་མཐུར་མེད་འདི།།
གོས་ཀྱི་སྲུབས་ཀ་ཞིག་ཀྱང་མིན་པས་སོ།།
༢༢༣
རིན་ཆེན་ཚེ་སྲོག་འདི་ཡིས་བརྩེ་བ་དོར།།
དེ་བས་སྔར་ལས་ཕུན་སུམ་ཚོགས་པར་གྱུར།།
༢༢༤
གྲོགས་པོ་ཁྱོད་ཀྱི་རྨད་བྱུང་སེམས་བསྐྱེད་དེ།།
དབང་ཕྱོགས་ལྷུན་པོར་འཕགས་པའི་ཉི་གཞོན་བཞིན།།
སྐྱ་རེངས་གསལ་བའི་ཁྲོད་དུ་ཁེར་རྐྱང་ངང་།།
བཞུགས་པའི་དངུལ་དཀར་གངས་རི་དེ་དང་འདྲ།།
༢༢༥
མྱང་འདས་ཆུ་མིག་དག་གིས་ཁུ་སིམ་ངང་།།
དབེན་འཇགས་གོས་སུ་གྱོན་པའི་གཙང་པོ་དག།
ཡོངས་སུ་སྡུད་ཅིང་གསོན་ཤུགས་འབར་བ་ཡི།།
ཚེ་སྲོག་གསར་བའི་དབུགས་རྒྱུན་སྩོལ་བར་བྱེད།།
༢༢༦
ཀྱེ་ཀྱེ་བདག་གི་སྐྱབས་མགོན་དམ་པ་ཀྱེ།།
འབྱོར་བས་ཕྱུག་ཀྱང་སེམས་ཁམས་སྟོང་བའི་མིས།།
སེམས་ཁམས་སྟོང་ཡང་འབྱོར་བས་ཕྱུག་པ་ཚོར།།
འཕྱ་སྨོད་དང་བཅས་ཁྲེལ་དགོད་བྱེད་པར་ཐལ།།
༢༢༧
ཚེ་སྲོག་གསར་བའི་འགུལ་སྐྱོད་དེ་ཉིད་ཀྱིས།།
རང་གི་རོལ་དབྱངས་ཁྲོད་དུ་ངལ་གསོ་བསྟེན།།
༢༢༨
རྐང་བས་ས་རྡུལ་གཙུབ་པ་ཙམ་ཞིག་ལས།།
རང་ལ་འཐོབ་བྱ་ཅི་ཡང་ཡོད་མ་ཡིན།།
༢༢༩
ང་ཚོའི་རུས་མིང་དག་ནི་མཚན་ལྗོངས་ཀྱི།།
རྒྱ་མཚོའི་རླབས་གཉེར་ངོས་ཀྱི་འོད་ཐིག་བཞིན།།
ཐེངས་གཅིག་གསལ་ཞིང་འཚེར་བ་དེ་ཡི་རྗེས།།
ཅང་མེད་སྟོང་བའི་དབྱིངས་སུ་ཡལ་ཏེ་འགྲོ།
༢༣༠
རིག་རིག་མིག་གིས་རྒྱ་སེའི་མེ་ཏོག་གི།
མཛེས་སྡུག་ལོངས་སུ་སྤྱོད་པ་དེ་དག་གིས།།
མེ་ཏོག་དེ་ཡི་གཟེངས་ཤིང་རྣོ་བ་ཡི།།
ཚེར་མ་དག་ཀྱང་མཉམ་དུ་མཐོང་བར་མཛོད།།
༢༣༡
དགུང་སྔོན་མཐོན་པོ་བསྟོད་པའི་རྒོད་པོ་དེའི།།
གཤོག་པར་གསེར་ཆུས་བྱུགས་པ་དེ་ནས་བཟུང་།།
མཛེས་པའི་གཤོག་འགྱུར་ངོམ་པའི་སྟོབས་དང་བྲལ།།
རིག་རིག་མིག་གིས་ཡང་ཡང་ནམ་མཁར་བལྟ།།
༢༣༢
བདག་གི་ཕ་སའི་མཛེས་སྡུག་མེ་ཏོག་དེ།།
རྒྱུས་མེད་ཡུལ་ལུང་དག་ཏུ་བཞད་པ་ན།།
ཞིམ་པོའི་དྲི་བསུང་སྔར་བཞིན་འཐུལ་ན་ཡང་།།
དེ་ཡི་མིང་ལ་ཐ་སྙད་གཞན་ཞིག་འབོད།།
༢༣༣
སེམས་ཀྱི་ཡུལ་ལྗོངས་ཕ་མཐའ་མི་མངོན་པས།།
བར་ཐག་དུས་དང་ཡུལ་གྱིས་བསྐལ་བར་གྱུར།།
༢༣༤
དཀར་གསལ་བཅོ་ལྔའི་དུང་གི་ཟླ་བ་འདིས།།
བདུད་རྩིའི་འོད་སྣང་དགུ་ཚིགས་ངོགས་སུ་སྤྲོས།།
མུན་པ་དགུ་རྩེགས་འཐིབ་པའི་ཁེར་རྐྱང་གི།།
མྱ་ངན་ཐིག་ལེ་རང་ཉིད་ཁོ་ནར་བཞག།
༢༣༥
འདི་ནི་ཞོགས་པ་རེད་ཅེས་མི་གསུང་རོགས།།
ཁ་སང་སྤྱད་པའི་ཐ་སྙད་མི་འདོར་རོགས།།
ཉིད་ཀྱིས་ཐོག་མར་མཐོང་བ་ཡིན་པའི་ཕྱིར།།
འདི་ལ་མིང་དུ་གདགས་པར་མི་མཛད་དེ།།
ཁྱེའུ་འུ་ཉམ་ཆུང་ཞིག་ཏུ་བལྟ་བར་འཚལ།།
༢༣༦
དུད་སྤྲིན་ནག་པོ་འཕྱུར་ཏེ་ནམ་མཁའ་འགེངས།།
རླུང་ནག་འཚུབ་མའི་རྡུལ་གྱིས་ས་གཞི་གཡོགས།།
དེ་དག་ད་དུང་རང་ཉིད་དམར་ནག་གི།
མེ་ཡི་གྲོགས་མཆོག་ཡིན་པར་རང་ཉིད་འདོད།།
༢༣༧
ང་རང་ནམ་ཡང་སེམས་ནས་མ་འདོར་ཅེས།།
བདུད་རྩིའི་ཆར་ཐིགས་ཡོང་ནས་ཞུས་པ་ན།།
བ་སྤུའི་རོལ་བ་འཛིན་པའི་མ་ལི་ཀ།།
ཤུགས་རིང་དང་བཅས་ཀུན་ནས་འཐོར་བར་གྱུར།།
༢༣༨
མངོན་ཆུང་དབྱིངས་སུ་གབ་པའི་ཚོར་བ་ཀྱེ།།
བདག་ལ་དེ་འདྲའི་ཞེད་སྣང་མི་དགོས་ཏེ།།
བདག་ནི་ཐ་སྙད་མང་པོར་ཚིག་རྒྱན་གྱི།།
གོས་ཆེན་བཟོ་བའི་སྙན་ངག་པ་ཞིག་ལགས།།
༢༣༩
བདག་གི་སེམས་ཀྱི་ལྷིང་འཇགས་རིང་མོ་ལ།།
ཟ་ཟིའི་འུར་ཟིང་སྒྲ་དབྱངས་སྒྲོག་པ་ནི།།
འོད་ཀྱིས་རྣམ་པར་སྦྲུམ་པའི་སྐྱ་མདོག་གི།
དབྱངས་རྟ་ཞིག་གིས་ཀུན་ནས་འཁྱུད་པ་འདྲ།།
༢༤༠
མེ་ཏོག་རྣམ་པར་བཀྲ་བའི་མཛེས་སྡུག་གི།
མེ་སྟག་འཚུབ་པའི་ཤོག་སྦགས་འདི་དག་གིས།།
དབྱིངས་ཀྱི་སྐར་མའི་ཚོགས་ལ་བསྙད་བསྐོས་རྗེས།།
རང་ཉིད་རང་གི་བེམ་པོར་འགྲོགས་ནས་ལྷུང་།།
༢༤༡
ཁྱོད་ཀྱིས་ང་རང་ཁྲིད་དེ་འདུ་འཛི་དང་།།
འཁྲུག་ཆ་དོད་པའི་བདག་གི་ཉིན་མོ་བརྒལ།།
ས་སྲོད་བརྒྱུད་དེ་མཚན་མོའི་ལྷིང་འཇགས་ཀྱི།།
དོན་སྙིང་ངོ་མ་བཙལ་བར་སྒུག་དུ་བཅུག།།
༢༤༢
མི་ཚེ་འདི་ནི་རྒྱ་མཚོར་བརྒལ་བ་བཞིན།།
ང་ཚོ་ཚང་མ་གྲུ་ཆུང་གཅིག་ཏུ་འཛོམས།།
མི་རྟག་འཆི་བ་ཞེས་པའི་མཚོ་འགྲམ་ལ།།
ཐོན་རྗེས་ཕན་ཚུན་སོ་སོར་བྲལ་བར་གྱུར།།
༢༤༣
བདེན་པའི་ངོ་བོ་གསལ་ཞིང་དྭངས་པ་ཡི།།
འཐུང་ན་མི་མཐུན་མེད་པའི་ཆུ་ཕྲན་དེ།།
ནོར་འཁྲུལ་སྟོང་གིས་ཕྱུག་པའི་ཆུ་རྐའི་ནང་།།
ནམ་ཡང་གྲག་མེད་དལ་གྱིས་བཞུར་དགོས་བྱུང་།།
༢༤༤
དེ་རིང་གློ་བུར་སེམས་ཀྱི་བུ་ཆུང་འདིས།།
ཕ་ཡུལ་དྲན་པའི་གདུང་བ་དྲག་ཏུ་ཕྱིན།།
དུས་ཀྱི་རྒྱ་མཚོ་བརྒལ་བའི་བདེ་སྐྱིད་ཀྱི།།
དུས་དེར་ཕ་ཡུལ་འདི་ཉིད་ལྷག་ཏུ་དྲན།།
༢༤༥
ཡངས་པའི་མཁའ་རུ་གཤོག་འགྱུར་ལ་བྲེལ་བའི།།
འདབ་ཆགས་ཚོགས་ཀྱི་ཀྱུར་ཀྱུར་གླུ་སྐད་དེ།།
སྐྱ་རེངས་སྒེག་མོས་གསེར་ལྡན་འཛིན་མའི་གཞིར།།
བཞག་པའི་དུས་ཀྱི་སྙན་འཇེབས་བྲག་ཅ་ལགས།།
༢༤༦
ཁྱོད་རང་ང་རྒྱལ་ཁེངས་དྲེགས་ཆེ་བ་ཡིས།།
བདག་ལ་འོ་སྦྱོར་ཞིག་ཀྱང་རང་ཉིད་ཀྱི།།
ངོ་ཚར་རྩི་བ་འདི་ནི་ཅི་ཞིག་ཅེས།།
ཞོགས་པས་མེ་ཏོག་ལྕེ་ཚར་ཅོ་འདྲི་བྱེད།།
༢༤༧
མེ་ཏོག་སེར་ཆེན་ན་རེ་ཉི་མ་ལགས།།
བདག་གིས་ཁྱེད་ལ་བསྙེན་བཀུར་ཅི་ལྟར་བགྱི།།
ཉི་མས་ལན་དུ་ཉིད་ཀྱི་རྣམ་དག་གི།།
བརྩེ་བས་ལྷིང་འཇགས་ངང་དུ་བཞུགས་པས་ཆོག།
༢༤༨
དལ་བརྒྱད་འབྱོར་བཅུའི་ལུས་རྟེན་རིན་པོ་ཆེ།།
ཐོབ་ནས་སྙིང་རྗེའི་སེམས་དང་ལྡན་པ་ཡི།།
མི་རྣམས་དུས་ཀྱིས་གཅན་གཟན་ལ་འགྱུར་སྐབས།།
གཅན་གཟན་ལས་ཀྱང་གདུག་རྩུབས་ཆེ་བར་མཐོང་།།
༢༤༩
རྔམས་ནག་ཆུ་འཛིན་འཐབ་པའི་རོལ་གར་ལ།།
ཁྲི་གདུགས་ཉི་མའི་བྱམས་བརྩེ་ཕོག་པ་ན།།
ད་གཟོད་ནམ་མཁའི་དབྱིངས་ཀྱི་མེ་ཏོག་ཏུ།།
འགྱུར་ཞིང་མཛེས་སྡུག་གར་གྱི་རི་མོར་འགྱུ།།
༢༥༠
རྣོ་དང་དབལ་གཉིས་ཅི་ལྟར་འཛོམས་ཡང་རུང་།།
རལ་གྲིའི་སོ་ཁས་རང་ལ་གཏོགས་པ་ཡི།།
གྲི་ལྟག་རྟུལ་བར་རང་ཉིད་གླེན་སྤྱོད་ཀྱི།།
ཁྲེལ་དགོད་དེ་དག་གནང་བ་མི་རིགས་སོ།།
༢༥༡
མཚན་མོའི་དུས་ཀྱི་ལྷིང་འཇགས་རིང་མོ་འདི།།
མར་མེ་ཚེ་འབར་ཞིག་དང་གཉིས་སུ་མེད།།
ནམ་མཁའ་ཕྱེད་དུ་གཏུབ་པའི་དགུ་ཚིགས་འདི།།
དེ་ཡིས་བསྒྲོན་པའི་འོད་ཀྱི་ཟེར་མ་ལགས།།
༢༥༢
དུས་ཀྱིས་དེད་པའི་མི་རྟག་འཆི་བ་འདི།།
རྒྱ་མཚོ་ཆེན་པོའི་མཚམས་མེད་གླུ་སྒྲར་རྟོག།
ཉིན་ལ་མཚན་མཐུད་མཚན་ལ་ཉིན་མཐུད་ནས།།
ཚེ་དང་སྲོག་གི་འོད་ཟེར་ཁོ་ནར་རྡེག།
༢༥༣
མེ་ཏོག་འདབ་མ་རྣམ་པར་གྲོལ་བ་ལྟའི།།
རི་རྩེ་འདི་ཡིས་ཉི་མའི་འོད་སྣང་འཐུང་།།
གཡོ་མེད་ཏིང་འཛིན་རོལ་བའི་ས་འཛིན་འདི།།
མཛེས་པའི་མེ་ཏོག་ཅིག་དང་མི་འདྲའམ།།
༢༥༤
ཆོས་ཉིད་བདེན་པའི་ནམ་མཁའ་སྔོ་བསངས་མར།།
དོན་དམ་ལོག་པའི་སྤྲིན་ནག་འཁྲུགས་པ་དང་།།
དངོས་པོའི་གཤིས་ཀྱི་ཆོས་ཉིད་ལྡོག་གྱུར་ཚེ།།
བདེན་པའི་གཞུང་ལུགས་དག་ཀྱང་རྫུན་པར་འགྱུར།།
༢༥༥
ཀྱེ་ཀྱེ་གསོན་དང་བདག་གི་སེམས་པ་ལགས།།
འཇིག་རྟེན་འགུལ་སྐྱོད་ཁྲོད་ནས་རང་ཉིད་ཀྱི།།
མཛེས་སྡུག་ཚོལ་དང་དེ་ནི་གྲུ་ཆུང་ཞིག།
རླུང་དང་གཙང་པོར་རྒྱུ་བའི་རོལ་སྒེག་འདྲ།།
༢༥༦
འདྲེན་བྱེད་ཟུང་འདིས་རང་གི་མྱོང་སྟོབས་ཀྱི།།
ཤེས་པ་དེ་ལ་ང་རྒྱལ་མི་སྐྱེ་བར།།
ཆེད་དུ་སྦྱར་བའི་གདོང་གི་མིག་ཤེལ་ལ།།
ང་རྒྱལ་རང་སྣང་གཞན་ལས་མཐོ་བར་བྱེད།།
༢༥༧
བདག་ནི་རང་གི་འཇིག་རྟེན་ཆུང་ཆུང་འདིར།།
བདེ་བར་འཚོ་ཡང་འདི་ཉིད་ཇེ་ཆུང་དུ།།
འགྱུར་བར་ཧ་ཅང་སྐྲག་པས་ལྷ་ཆེན་ལགས།།
ཁྱོད་ཀྱིས་བདག་ནི་རང་གི་འཇིག་རྟེན་དུ།།
དྲངས་ཏེ་རང་དབང་བདེ་སྐྱིད་ལྡན་པའི་ངང་།།
འདས་དོན་ཡོད་ཚད་བརྗེད་པའི་གནང་བ་སྩོལ།།
༢༥༨
ཟོལ་གྱིས་བཅོས་པའི་འཆོལ་མོའི་འཛུམ་དཀར་དེ།།
ནམ་ཡང་དབང་ཤུགས་འོག་ནས་རྫུན་པར་འགྱུར།།
༢༥༩
བདག་གི་སེམས་པ་འདི་ནི་གང་ཉིད་ཀྱི།།
གླུ་ཆུང་དབྱངས་སུ་གྱེར་བའི་རླབས་འགྲོས་ཁྲོད།།
ཉི་འོད་ངོམས་མེད་འཐུང་བའི་ལྗང་མདོག་གི།
འཇིག་རྟེན་འདི་ལ་དུངས་སེམས་འབུལ་བར་རེ།།
༢༦༠
ལམ་ཕྲན་འདི་ཡི་འགྲམ་གྱི་རྩྭ་ཕྲན་ཀྱེ།།
དབྱིངས་ཀྱི་སྐར་མར་དགའ་བ་མ་ལྷོད་དང་།།
ཁྱོད་ཀྱི་མཚར་སྡུག་ལྡན་པའི་རྨི་ལམ་ཀྱང་།།
ཡིད་འོངས་མེ་ཏོག་ཚལ་ནས་འཁྲུངས་པར་འགྱུར།།
༢༦༡
ཁྱོད་ཀྱི་འགྱུར་ཁུགས་མང་པའི་རོལ་དབྱངས་དེ།།
རྣོ་དབལ་ཤིན་ཏུ་ཚ་བའི་རལ་གྲི་བཞིན།།
གྲོང་ཁྱེར་ཆེན་པོ་འདི་ཡི་འུར་ཟིང་གི།
རྔམས་མཐུག་བྲང་ཁོག་སྟོབས་ཀྱིས་གཤག་པར་མཛོད།།
༢༦༢
མཉེན་ལྕུག་རང་དབང་ལྡན་པའི་སྡོང་ལོ་འདི།།
བྱིས་པ་ཞིག་གི་ལག་ཟུང་དང་འདྲ་བར།།
བདག་གི་སེམས་ཀྱི་སྟོང་ལྡན་པི་ཝང་གི།
རྒྱུད་སྐུད་དག་ནི་ཀུན་ནས་འདར་བར་བྱེད།།
༢༦༣
མེ་ཏོག་ཆུང་ཆུང་དེ་ནི་ས་རྡུལ་ཁྲོད།།
ཡོངས་སུ་ཐིམས་ཏེ་གཟིམས་པར་གྱུར་ན་ཡང་།།
ཕྱེ་ལེབ་ཚོགས་ཀྱིས་ཟིལ་དངར་འཚོལ་བ་ཡི།།
ལམ་བུ་འཚོལ་ཅིང་ཀུན་ཏུ་རྒྱུ་བ་ལགས།།
༢༦༤
བདག་ནི་འཇིག་རྟེན་འདི་ཡི་བཞི་མདོ་རུ།།
ཁེར་རྐྱང་གྲོགས་སུ་བསྟེན་དུས་མཚན་མོ་སླེབས།།
ཀྱེ་ཀྱེ་གཞིས་ཁྱིམ་དྲོན་མོའི་འཇིག་རྟེན་ཀྱེ།།
བདག་ལ་ཉིད་ཀྱི་སྒོ་མོ་འབྱེད་རོགས་མཛོད།།
༢༦༥
བདག་གིས་ཁྱེད་ཀྱི་ཉིན་མོའི་གླུ་དབྱངས་བླངས།།
མཚན་མོར་ཁྱེད་ཀྱི་སྒྲོན་མེ་ཐོགས་ནས་ནི།།
དྲག་ཆར་རླུང་འཚུབ་འཐབ་པའི་མུན་ནག་གི།
བགྲོད་ལམ་རིང་པོ་ཅིས་ཀྱང་བརྒལ་བར་བྱས།།
༢༦༦
བདག་གིས་ཁྱེད་ཉིད་རང་གི་གཞིས་ཁྱིམ་དུ།།
གདན་འདྲེན་ཞུ་བའི་སྤོབས་པ་མ་མཆིས་ཀྱང་།།
རིང་ནས་སེམས་ཀྱིས་འཚོས་པའི་སྙིང་སྡུག་ཀྱེ།།
བདག་གི་ཁེར་རྐྱང་ཁྲོད་དུ་འབྱོན་པར་ཞུ།།
༢༦༧
མི་རྟག་འཆི་བ་འདི་ནི་ཚེ་སྲོག་ལ།།
རྣམ་པར་རྟོག་པའི་འཚོ་བ་ཉིད་དང་མཚུངས།།
རྐང་བ་ཡར་འདེགས་མར་འཇོག་གང་བྱས་ཀྱང་།།
དེ་ནི་ལམ་དུ་ཞུགས་པའི་ཆེད་དུ་ཡིན།།
༢༦༨
བདག་གིས་མེ་ཏོག་དང་ནི་ཉི་འོད་ཀྱི།།
གོ་དོན་སླ་མོ་དེ་དག་རྟོགས་པར་གྱུར།།
ད་ནི་ཉིད་ཀྱིས་བདག་ལ་སྡུག་བསྔལ་དང་།།
མི་རྟག་འཆི་བའི་བདེན་པ་གསུང་བར་ཞུ།།
༢༦༩
མཚན་མོའི་མེ་ཏོག་འདི་དག་འཕྱི་དྲགས་པས།།
ཞོགས་པས་བརྩེ་བའི་འོ་སྦྱོར་གནང་བའི་དུས།།
དངངས་ཤིང་འདར་བཞིན་ཤུགས་རིང་ནར་ནར་ངང་།།
ས་ཆེན་མ་མའི་པང་དུ་འཐོར་བར་གྱུར།།
༢༧༠
ཤུགས་རིང་རླུང་གིས་གཡོ་ཞིང་བསྐྱོད་པ་ཡི།།
སྐྱེ་དངོས་ཁྲི་ཕྲག་མང་པོའི་སྐྱོ་གདུང་ཁྲོད།།
བདག་གིས་ནམ་ཡང་འགྱུར་བ་མི་མངའ་བའི།།
སྐྱེད་ཡུམ་མཆོག་གི་རྟག་བརྟན་གླུ་སྒྲ་ཐོས།།
༢༧༡
ཀྱེ་ཀྱེ་ས་ཆེན་བདག་ནི་ཁྱེད་ཉིད་ཀྱི།།
ཉེ་བར་བཅར་དུས་མགྲོན་པོ་རྒྱུས་མེད་ཅིག།
ཁྱིམ་དུ་སྡོད་དུས་སྐུ་མགྲོན་རྩིས་ཆེན་ཞིག།
ཁྱེད་དང་འབྲལ་དུས་གྲོགས་པོ་འདང་ཅན་ཞིག།
༢༧༢
ང་རང་ཁྱེད་དང་བྲལ་ཏེ་བཞུད་པའི་སྐབས།།
སེམས་ཀྱི་བརྩེ་བ་ཁྱེད་ཀྱི་ཕྱོགས་ནས་ལུས།།
ཚུལ་དེ་ནུབ་རིར་བཞུད་པའི་ཉི་མ་ཡི།།
འོད་ཞགས་ལྷིང་འཇགས་ནམ་མཁར་འཁྱིལ་བ་བཞིན།།
༢༧༣
ལྷིང་འཇགས་ཁྲོད་དུ་དལ་གྱིས་རྒྱུ་བ་ཡི།།
སྲོད་ཀྱི་སྐར་མ་བདག་གི་སེམས་ཀྱིས་སྦར།།
དེའི་འཕྲོར་མཚན་མོ་རིང་པོའི་མུན་ནག་གིས།།
བདག་ལ་བརྩེ་བའི་དུངས་པ་ཤུབ་བུར་གླེང་།།
༢༧༤
ཀྱེ་ཀྱེ་ཡུམ་ཆེན་ཉམ་ཆུང་ཁོ་བོ་ནི།།
མུན་པ་དགུ་རྩེགས་གྱོན་པའི་ཁྱེའུ་ཞིག།
མཚན་མོའི་སྨག་རུམ་སྟུག་པོའི་ཐུ་འོག་ནས།།
ཁྱེད་ཀྱི་ཕྱོགས་སུ་ལག་ཟུང་ཤུགས་ཀྱིས་བསྲིངས།།
༢༧༥
ཉིན་མོའི་ལས་དག་ཡོངས་སུ་རྫོགས་པ་དང་།།
བདག་གི་མགོ་བོ་ཉིད་ཀྱི་པང་དུ་བསྙེས།།
ཀྱེ་ཀྱེ་ཡུམ་ཆེན་ད་ནི་བུ་ཆུང་ང་།།
སྐྱིད་པའི་རྨི་ལམ་གྲོང་དུ་འཇུག་པར་འཚལ།།
༢༧༦
མར་མེ་མང་པོ་མཉམ་དུ་ཚོགས་པ་ན།།
འོད་དེ་ཡུན་རིང་གསལ་ཞིང་གསལ་བར་འགྱུར།།
སོ་སོར་གྱེས་ཚེ་དུས་ཀྱི་སྐད་ཅིག་མར།།
མི་གསལ་རབ་རིབ་ངང་དུ་ཡལ་བར་འགྱུར།།
༢༧༧
བདག་ནི་འདི་ནས་ཚེ་དུས་བྱས་པ་ན།།
སྔོན་ཆད་ཁྱོད་ལ་དགའ་ཞིང་དུངས་མྱོང་ཞེས།།
ཚིག་དེ་བདག་གི་ཚབ་ཏུ་སྐུ་ཉིད་ཀྱི།།
ལྷིང་འཇགས་ཁྲོད་དུ་འཇོག་རོགས་འཇིག་རྟེན་ཀྱེ།།
༢༧༨
བདག་ཅག་རྣམས་ནི་རང་གི་འཇིག་རྟེན་འདིར།།
ལྷག་ཏུ་བརྩེ་ཞིང་དུངས་པ་ཟབ་པ་ནི།།
སྣོད་བཅུད་གཡང་དུ་ཆགས་པའི་འཇིག་རྟེན་འདིར།།
འཚོ་ཞིང་བཞུགས་པ་དོན་ཡོད་ཁོ་ནའི་ཕྱིར།།
༢༧༩
མི་རྟག་ཚེ་ཡི་འཕེན་པ་རྫོགས་རྣམས་ལ།།
མི་ནུབ་སྲིད་པར་དགེ་བའི་མཚན་སྙན་དང་།།
མི་ཡུལ་འདི་རུ་འཚོ་ཞིང་བཞུགས་རྣམས་ལ།།
མི་འགྱུར་བརྩེ་བའི་དངོས་གྲུབ་མཆོག་དེ་སྩོལ།།
༢༨༠
བདག་གིས་དེ་རིང་སླར་ཡང་ཁྱེད་ཉིད་མཐོང་།།
ཁྱེད་ནི་གཉིད་མ་སད་ཀྱི་ཁྱེའུ་ཆུང་ཞིག།
སྐྱ་རེངས་ཁྲོད་དུ་རང་གི་སྐྱེད་ཡུམ་མཆོག།
མཐོང་བས་འཛུམ་དང་བཅས་ཏེ་གཉིད་པ་འདྲ།།
༢༨༡
བདག་ནི་འདི་ནས་ཚེ་དུས་བྱས་ནས་ཀྱང་།།
སླར་ཡང་ཚེ་ཡི་འཕེན་པ་རྫོགས་པར་འགྱུར།།
འཁོར་བའི་སྐྱེ་འཆི་རེས་སུ་བརྗེ་བ་འདི།།
རྫོགས་པའི་མཐའ་དེ་དམིགས་སུ་མ་མཆིས་སོ།།
༢༨༢
བདག་གིས་མི་ཚོགས་བརྡོལ་ཏེ་བཞུད་པའི་སྐབས།།
ཉི་ཁྱམས་སྟེང་གི་ཁྱེད་ཀྱི་མཛུམ་ཞལ་མཐོང་།།
བདག་ནི་སྙན་པའི་གླུ་ལ་དབྱིངས་ཞུགས་པས།།
འདི་ཡི་འུར་ཟིང་ཡོད་ཚད་རྨང་ནས་བརྗེད།།
༢༨༣
མི་ལ་བརྩེ་བའི་དངོས་པོ་ཡོད་གྱུར་ན།།
རིན་ཆེན་ཚེ་སྲོག་འདི་ལ་དོན་སྙིང་ལྡན།།
དེ་ནི་ཆང་ཕོར་བཀྲ་ཤིས་རྟགས་བརྒྱད་མ།།
བདུད་རྩི་ཆང་གིས་ཡོངས་སུ་གཏམས་པ་བཞིན།།
༢༨༤
ཁོང་རྣམས་སོ་སོར་རང་གི་དགོན་པ་རུ།།
མར་མེ་ཕུལ་ཏེ་ཞལ་འདོན་དབྱངས་སུ་གྱེར།།
ཡིན་ཡང་བྱེའུ་ཆུང་འདིས་ནི་སྐྱ་རེངས་ཁྲོད།།
ཁྱེད་ཀྱི་མཚན་ནས་འབོད་བཞིན་དགའ་བས་མྱོས།།
༢༨༥
བདག་ནི་འདི་ནས་ཉིད་ཀྱི་ཁེར་རྐྱང་གི།
ཀློང་དུ་ཁྲིད་དེ་སེམས་ཀྱི་རི་ལུང་ཀུན།།
སྐྱོ་གདུང་ན་བུན་སྟུག་པོས་བསྒྲིབས་པ་དང་།།
ལྷན་ཅིག་སྙན་པའི་གླུ་ཡིས་རྫོགས་པར་གྱིས།།
༢༨༦
ཁོ་ཚོ་རང་གིས་བདམས་པའི་འཇིག་རྟེན་དུ།།
འཚོ་བའི་གནང་བ་སྩོལ་རོགས་དཀོན་མཆོག་ལགས།།
བདག་ནི་ནམ་ཡང་ཉིད་ཀྱི་སྐར་ཚོགས་ལ།།
འཁྲེང་ཞིང་དེ་ལས་འདའ་བ་མེད་དོ་ཀྱེ།།
༢༨༧
བརྩེ་བ་མཚོ་ལས་ཟབ་པའི་སྡུག་བསྔལ་གྱིས།།
བདག་གི་མི་ཚེའི་རི་ལུང་ཀུན་ནས་བཅིངས།།
ཇི་ལྟར་དྲག་ཏུ་འཁྲུགས་པའི་རྒྱ་མཚོ་བཞིན།།
རྩེ་དགས་མྱོས་པའི་ནགས་མའི་ཚལ་ཡངས་སུ།།
འདབ་ཆགས་ཚོགས་ཀྱིས་གླུ་དབྱངས་ལེན་པ་འདྲ།།
༢༨༨
གལ་ཏེ་ཁྱེད་ལ་མོས་པ་ཡོད་ལགས་ན།།
རིན་ཆེན་སྒྲོན་མེ་འདི་ནི་གཟིམ་པར་གྱིས།།
བདག་གིས་ཁྱེད་ཀྱི་མུན་པ་དགུ་རྩེགས་ཀྱི།།
གོ་དོན་རྟོགས་ཤིང་དེ་ལ་དགའ་བར་འགྱུར།།
༢༨༩
བདག་གིས་ཚེ་འདིའི་མཐའ་མའི་ཉིན་མོ་དག།
བསྐྱལ་ཏེ་ཉིད་ཀྱི་མདུན་དུ་འགྲེང་བའི་དུས།།
ཉིད་ཀྱིས་རྨ་ཤུལ་འདི་དག་གཟིགས་ངེས་ལ།།
བདག་གི་གསོ་ཐབས་དག་ཀྱང་མཁྱེན་པར་ངེས།།
༢༩༠
གང་ཚེ་བདག་གིས་འཇིག་རྟེན་གཞན་ཞིག་གི།
ཉི་འོད་རྣམ་པར་འཚེར་བའི་མཚར་སྡུག་ཁྲོད།།
བདག་གིས་ས་ཡི་གོ་ལའི་འོད་ཟེར་ལས།།
མི་ཡི་བརྩེ་བ་སྔར་ནས་མྱངས་སོ་ཞེས།།
སྙན་པའི་གཏམ་དག་གླུ་རུ་ལེན་པར་སྲིད།།
༢༩༡
འདས་སོང་འཚོ་བའི་ཁྲོད་ནས་འཕུར་ཡོང་བའི།།
བདག་གི་ཚེ་སྲོག་ཕྲ་མོའི་སྤྲིན་པ་འདིས།།
དྲག་ཆར་རླུང་འཚུབ་འདྲེན་པར་མི་སྲིད་ཀྱང་།།
སྲོད་ཀྱི་ནམ་མཁར་མཛེས་པའི་ཚོན་གྱིས་བྱུགས།།
༢༩༢
བདེན་ལུགས་ཀྱིས་ནི་རང་ལ་རྒོལ་བ་ཡི།།
ཆར་རླུང་བསླངས་ནས་འཇིགས་ཟིལ་ངོམས་བྱས་ཀྱང་།།
ཆར་རླུང་དེས་ནི་བདེན་པའི་ས་བོན་དག།
ཕྱོགས་སུ་གཏོར་ཏེ་ཡུལ་ཀུན་ཁྱབ་པར་བྱས།།
༢༩༣
མདང་གི་ཆར་རླུང་དེས་ནི་དེ་རིང་གི།
ཞོགས་པར་གསེར་མདོག་ཞི་བདེའི་ཅོད་པན་བསྒྲོན།།
༢༩༤
བདེན་ལུགས་དེ་ཡིས་མཐའ་མའི་ཞལ་ཆེམས་ཤིག།
མི་ཡུལ་འདི་རུ་ཆེད་དུ་བཞག་ན་ཡང་།།
ཞལ་ཆེམས་དེ་ཡིས་བདེན་ལུགས་གསར་བ་དག།
སླར་ཡང་ཕྱི་མ་ཕྱི་མར་སྦྲུམ་པར་བྱེད།།
༢༩༥
ཁོང་གི་མཚན་སྙན་ཁོང་གི་འཚོ་བ་ལས།།
འདས་ཤིང་གཞན་ལས་ཁྱད་དུ་འཕགས་པ་ཞིག།
མིན་པར་ཕལ་བའི་སྤྱོད་ཚུལ་ལ་གནས་པ།།
ཁོང་ལ་བསོད་ནམས་ཕུན་སུམ་ཚོགས་པའོ།།
༢༩༦
ཇི་ལྟར་ཞོགས་པའི་ཉི་འོད་འཕྲོས་པའི་ཚེ།།
ཕྱོགས་བཞིའི་ན་བུན་རིམ་གྱིས་ཡལ་བ་བཞིན།།
བདག་གིས་རང་ཉིད་བརྗེད་ཀྱང་ཁྱེད་ཉིད་ཀྱི།།
མཛེས་པའི་མཚན་སྙན་སེམས་ཀྱི་ཟབ་སར་བཞུགས།།
༢༩༧
ལྷིང་འཇགས་གོས་སུ་གྱོན་པའི་མཚན་ལྗོངས་ལ།།
སྐྱེད་ཡུམ་མཆོག་གི་ལྷད་མེད་མཛེས་པ་མངའ།།
ཅ་ཅོ་འདུ་འཛིས་ཁེངས་པའི་ཉིན་མོ་ལ།།
གཞོན་ནུའི་དར་བབས་ལང་ཚོའི་མཛེས་པ་མངོན།།
༢༩༨
མེ་ཏོག་ལྟ་བུའི་མཛུམ་མདངས་སྟོན་པའི་དུས།།
འཇིག་རྟེན་ཁོང་ལ་དགའ་བ་ཉིད་དུ་འགྱུར།།
ཁོང་གིས་དྲག་པོའི་ཧབ་དགོད་བྱེད་པའི་དུས།།
འཇིག་རྟེན་ཁོང་ལ་ཧ་ཅང་སྐྲག་པར་འགྱུར།།
༢༩༩
དཀོན་མཆོག་འདིས་ནི་མི་ཡི་བློ་གྲོས་ཁྲོད།།
སླར་ཡང་གཞོན་དུས་རྙེད་པར་རེ་ཞིང་སྒུག།
༣༠༠
ཕྱི་ནང་སྣོད་བཅུད་དགེ་བའི་འཇིག་རྟེན་འདི།།
ཁྱེད་ཀྱི་བརྩེ་བའི་རྣམ་པར་བཞེངས་པ་ཚོར།།
དེ་བས་བདག་ཀྱང་རང་གི་བརྩེ་བ་ཡིས།།
འཇིག་རྟེན་འདི་ལ་དྲི་མེད་ཁ་དག་འབུལ།།
༢༣༡
དགུན་གསུམ་འཁྱག་པས་བསྡམས་འདྲའི་བདག་སེམས་ལ།།
ཁྱེད་ཀྱི་ཉི་འོད་ལྟ་བུའི་འཛུམ་མདངས་ཕོག།
ད་ནི་དཔྱིད་ཀའི་མེ་ཏོག་ཇི་བཞིན་དུ།།
མཚར་སྡུག་རྣམ་པར་གྲོལ་བར་ཐེ་ཚོམ་ཅི།།
༣༠༢
ལྷ་ཆེན་འདི་ཡིས་རང་གི་བརྩེ་བའི་ཁྲོད།།
“མཐའ་གནས”བར་ལ་འོ་དག་སྐྱེལ་བར་བྱེད།།
སྲེད་པས་བདག་གིར་བཟུང་བའི་མི་རྣམ་ནི།།
“མཐའ་མེད”བར་ལ་འོ་དག་སྐྱེལ་བར་བྱེད།།
༣༠༣
ཁྱེད་ཀྱིས་གྲངས་མེད་བསྐལ་བར་ཚོགས་བསགས་པས།།
ད་ནི་སངས་རྒྱས་གོ་འཕང་ཐོབ་པ་ལགས།།
༣༠༤
ལྷ་ཡིས་མི་སྨྲའི་བརྟུལ་ཞུགས་འཛིན་པ་དེ།།
མི་ཡི་བསམ་བློ་སྨིན་པའི་སྨྲ་བརྗོད་ཡིན།།
༣༠༥
གཏན་གྱི་འགྲུལ་བཞུད་པ་ཁྱོས་འཁྱམས་པོ་ངའི།།
གླུ་ལས་རང་གི་ཞབས་རྗེས་རྙེད་ཐུབ་བམ།།
༣༠༦
ཀྱེ་ཀྱེ་པྭ་ལགས་བདག་གིས་སྐུ་ཉིད་ལ།།
ཁྲེལ་མེད་བྱ་བའི་ལས་དག་མ་བརྩམས་ཨང་།།
ཁྱོད་ཀྱི་ཕྲུ་གུ་རྣམས་ཀྱི་ལུས་སྟེང་དུ།།
ཉིད་ཀྱི་གཟི་མདངས་རྣམ་པར་འཕྲོ་བ་ལགས།།
༣༠༧
ཉིན་འདི་སྐྱོ་ངལ་སྟོང་གི་ཉིན་ཞིག་སྟེ།།
ཉི་འོད་ཟ་ཟི་ལམ་ལམ་འཕྲོ་བ་དེ།།
ཁྲོ་གཉེར་ཀུན་ནས་བསྡུས་པའི་ཆུ་འཛིན་འོག།
བརྙས་བཅོས་ཐེབས་པའི་ཉམ་ཆུང་བྱིས་པ་བཞིན།།
དཀའ་སྡུག་འཐབ་པའི་གདོང་ལས་མིག་ཆུ་ཡི།།
བཞུར་ཤུལ་གསལ་ལ་རླུང་བུའི་ངར་སྒྲ་ཡང་།།
དུས་ཀྱིས་ཤི་རྨས་ཐེབས་པའི་འཇིག་རྟེན་འདིའི།།
སྐྱོ་བའི་ངུ་ངག་ཅིག་དང་གཉིས་སུ་མེད།།
འོན་ཀྱང་བདག་གིས་གསལ་བོར་རྟོགས་པ་ནི།།
བདག་ནི་སྔར་བཞིན་རང་གི་རྐང་ལམ་བརྒྱུད།།
བརྩེ་བའི་གྲོགས་པོར་མཇལ་བར་འགྲོ་བ་ལགས།།
༣༠༨
དོ་ནུབ་ཏ་ལའི་ལོ་མ་ཤག་ཤག་འབབ།།
རྒྱ་མཚོ་ཆེན་པོར་རྦ་རླབས་ལང་ལོང་འཕྱུར།།
ཀྱེ་ཀྱེ་ཚེས་ཆེན་བཅོ་ལྔའི་ལྷ་ཟླ་ལགས།།
ཁྱེད་ནི་འཇིག་རྟེན་འདི་ཡི་བླ་སྲོག་དང་།།
ཀུན་ནས་མཚུངས་ཤིང་བརྩེ་བའི་གསང་བ་དེ།།
འཇིག་རྟེན་ག་ཤེད་ཅིག་ནས་གནས་མཆོག་འདིར།།
མི་སྨྲའི་བརྟུལ་ཞུགས་བཟུང་སྟེ་དྲངས་པ་ལགས།།
༣༠༩
མདང་ནུབ་མལ་དུ་ཉལ་བའི་རྨི་ལམ་དུ།།
གསལ་ཞིང་འཚེར་བའི་སྐར་མ་འོད་ཆེན་ཞིག།
འོད་ཟེར་རྣམ་པར་འཕྲོ་བའི་གླིང་ཕྲན་ཞིག།
རྨིས་པ་དེ་རུ་བདག་ཀྱང་སྐྱེ་བར་འགྱུར།།
ལང་ཚོའི་ཁོ་ལག་རིམ་གྱིས་རྫོགས་པ་ན།།
བདག་གི་ཚེ་སྲོག་དེ་ཡི་བྱ་གཞག་ཏུ།།
འགྱུར་ཞིང་དོན་ཆེན་ངང་གིས་འགྲུབ་པའང་།།
ཉི་འོད་འོག་གི་སྨིན་པའི་གྲོ་ཞིང་འདྲ།།
༣༡༠
སྦྲང་རྩིའི་ཆར་གྱིས་བྲན་པའི་བརླན་གཤེར་གྱི།།
དྲི་བསུང་ཡུལ་ཕྱོགས་ཀུན་ཏུ་ལྡང་བ་དེ།།
ལྷིང་འཇགས་རོལ་བར་འབྱམས་པའི་མི་ཚོགས་ལས།།
མཆེད་པའི་རྒྱ་ཆེན་བསྟོད་གླུ་དེ་དང་འདྲ།།
༣༡༡
ཐོབ་པའི་བརྩེ་བ་ཤོར་བའི་དུས་ཡོད་ཅེས།།
སྨྲ་བ་བདེན་ལུགས་འབའ་ཞིག་ཡིན་ན་ཡང་།།
བདག་ཅག་དུངས་པ་མཚོ་ལས་ཟབ་པའི་ཕྱིར།།
དོན་དངོས་ཚད་མར་དམིགས་སུ་མ་མཆིས་སོ།།
༣༡༢
ང་ཚོའི་རྣམ་པར་ཤེས་པའི་ཕུན་ཚོགས་དེ།།
འཆི་བདག་བདུད་ཀྱིས་འཕྲོག་པར་ནུས་མ་ཡིན།།
དེ་ནི་རྟེན་འབྲེལ་ངོ་བོ་རོ་གཅིག་ཏུ།།
གྲུབ་ཚུལ་ང་ཚོས་ནམ་ཞིག་རྟོགས་པར་ངེས།།
༣༡༣
ས་སྲོད་ཉི་ཟེར་ཕྲ་མོ་འཐབ་པའི་འོག།།
ལྷ་ཆེན་མེ་ཏོག་བསྣམས་ཏེ་བདག་མདུན་སླེབས།།
བདག་གིས་སྔོན་ཆད་བཏུས་པའི་མེ་ཏོག་འདི།།
ཁོང་གི་རྫ་བུམ་ནང་དུ་ལྷག་པར་མཛེས།།
༣༡༤
ཀྱེ་ཀྱེ་བདག་གི་བླ་ཡི་རྒྱུད་སྐུད་དག།
དམ་ལྷོད་སྙོམས་པོར་བསྒྲིག་པ་དེ་ཡི་ཚེ།།
ཉིད་ཀྱི་རྒྱུད་སྐུད་རེ་རེའི་དབྱངས་རྟ་ལས།།
རྩེ་དགའི་སྒྲ་དབྱངས་ཕྱོགས་སུ་མཆེད་པར་བྱེད།།
༣༡༥
བདག་ལ་རང་གི་འཚོ་བ་སྐྱེལ་ཆོག་པའི།།
གནང་བ་རྩོལ་རོགས་བདག་གི་རྗེ་བོ་ཀྱེ།།
བདག་ནི་རང་དབང་ཉིད་ལ་གནས་གྱུར་ཚེ།།
འཆི་བ་དེ་ཡང་དོན་སྙིང་ཆེ་བར་འགྱུར།།
༣༡༦
འགྲོ་བ་མི་ཡི་བདེན་པའི་ལོ་རྒྱུས་ཀྱིས།།
བྲན་གཡོག་དག་ལ་རྒྱལ་ཁ་ཐོབ་པར་སྒུག།
༣༡༦
ལྷིང་འཇགས་ཁྲོད་ཀྱི་ཞོགས་པའི་ཉི་འོད་དེ།།
སྟོན་སྡུད་རྗེས་ཀྱི་ཞིང་སར་འཕྲོས་པ་བཞིན།།
ཁྱོད་ཀྱི་བརྩེ་བའི་ཟུར་མིག་རྣོན་པོ་དེ།།
བདག་གི་སྙིང་ལ་ཟུག་པ་ད་གཟོད་ཚོར།།
༣༡༨
དྲག་ཏུ་མཆེད་ཅིང་འཕྱོ་བའི་རྦ་རླབས་ནི།།
རྒྱ་མཚོ་ཆེན་པོ་དེ་ཡི་དབུས་སུ་སྟེ།།
བདག་ནི་སྐོམ་པས་གདུང་བས་ཆུ་འདོད་ལྟར།།
གླུ་སྒྲ་མཆེད་པའི་མཚོ་སྙིང་དེ་ལ་རེ།།
༣༡༩
མཚན་མོའི་སྔོན་འགྲོའི་རོལ་དབྱངས་འདི་ཉིད་ནི།།
ཉི་ནུབ་དབྱངས་རྟ་གསར་བའི་ཁྲོད་ནས་བརྩམས།།
སྨྲ་བསམ་བརྗོད་ལས་འདས་པའི་མུན་ནག་ལ།།
ཕུལ་བའི་གཟི་བརྗིད་ལྡན་པའི་བསྟོད་གླུ་ཉིད།།
༣༢༠
བདག་ནི་རི་བོ་མཐོན་པོའི་རྩེ་རུ་འཛེགས།།
མྱ་ངམ་ཐང་གི་གྲགས་པ་རབ་འབར་བའི།།
གནས་འདི་མཐོ་ཚད་ཅིག་ལས་རང་ཉིད་ལ།།
ཆགས་ས་ཞེན་ཡུལ་ཅི་ཡང་མེད་པ་ཚོར།།
ཀྱེ་ཀྱེ་ཐར་བར་འཁྲིད་པའི་ས་མཁན་ལགས།།
འོད་ཀྱི་འཇིག་རྟེན་མུན་པས་མ་བསྒྲིབ་སྔོན།།
བདག་ནི་ལྷིང་འཇགས་ལྡན་པའི་རི་ཀླུང་དེར།།
འཁྲིད་པར་གསོལ་བ་སྙིང་གི་དཀྱིལ་ནས་འདེབས།།
གནས་དེར་ད་གཟོད་མི་ཚེའི་དོན་སྙིང་དག།།
གསེར་གྱི་ཤེས་རབ་མཆོག་ཏུ་སྨིན་པས་ཆོག།
༣༢༡
ས་སྲོད་འདི་ཡི་རབ་རིབ་སྣང་བའི་ཁྲོད།།
དངོས་པོ་ཁ་ཤས་མཐོང་བ་སྒྱུ་འཕྲུལ་ཙམ།།
མཆོད་རྟེན་ཞབས་རིམ་མུན་པའི་ཁྲོད་དུ་ཡལ།།
ལྗོན་པའི་རྩེ་མོ་སྣག་ཚས་རབ་རིབ་ཏུ།།
ཡོངས་སུ་བཏང་བའི་ནག་ཐིག་དེ་དང་འདྲ།།
འོན་ཀྱང་བདག་གིས་སྐྱ་རེངས་གསར་བར་སྒུག།
ང་རང་སྟུག་པོའི་གཉིད་ལས་སད་པའི་ཚེ།།
འོད་ཟེར་སྣང་བས་ཀུན་ནས་འཁྱུད་པ་ཡི།།
ཁྱོད་ཀྱི་གྲོང་ཁྱེར་གང་དེ་མཐོང་ཡང་སྲིད།།
༣༢༢
བདག་གིས་མ་མྱངས་སྡུག་བསྔལ་གཅིག་ཀྱང་མེད།།
འཇིག་རྟེན་འདི་ལ་རེ་ཐག་ཆད་ཀྱང་མྱོང་།།
མི་རྟག་འཆི་བས་མཐའ་རུ་དེད་ཀྱང་མྱོང་།།
དེ་བས་བདག་གིས་ད་གཟོད་རླབས་ཆེན་གྱི།།
འཇིག་རྟེན་འདི་ལ་བདེ་སྐྱིད་ལྡན་པར་འདོད།།
༣༢༣
བདག་གི་མི་ཚེ་ཧྲིལ་བོར་དབུལ་ཕོངས་དང་།།
ཁ་ཁུ་སིམ་པའི་ལྷིང་འཇགས་འཚོ་བ་ཡོད།།
དེ་ནི་བྲེལ་ཟིང་ཆེ་བའི་ཉིན་མོ་ལ།།
འོད་དང་དབུགས་ཀྱི་བར་སྟོང་ཐོབ་པ་ལགས།།


བདག་གི་མི་ཚེ་ཧྲིལ་བོར་བབ་ཆགས་དང་།།
ཆོག་ཤེས་བསྟེན་པའི་ཕལ་བའི་འཚོ་བ་ཡོད།།
དེ་ནི་བྲེལ་བས་བསྒྲུབ་པའི་བྱ་གཞག་ལས།།
བྱུང་བའི་གནས་སྐབས་ཙམ་གྱི་ཞིང་ཁམས་ཡིན།།
༣༢༤
སྔོན་ཆད་བདག་གིས་ཁས་བླངས་དམ་བཅས་པའི།།
བྱ་གཞག་མ་འགྲུབ་བདག་པོས་རྒྱབ་ནས་འཐེན།།
ད་ནི་བདེ་བར་འཆི་བའི་རྐྱེན་ངན་གྱི།།
བར་ཆད་འདི་དག་ཟློག་པའི་འཕྲིན་ལས་མཛོད།།
༣༢༥
“བདག་ནི་ཉིད་ཀྱི་བརྩེ་བར་ཡིད་ཆེས”ཞེས།།
མཇུག་མཐར་གུས་པོས་འདི་ཙམ་སྨྲ་བར་བྱེད།།


གསལ་བཤད། རྒྱ་གར་གྱི་སྙན་ངག་མཁན་པོ་རྭ་བྷིན་བྷ་ར་ན་སི•་ཐེ་ཀོར་རམ་ཇོ་བོ་ཉི་དབང་མགོན་པོས་མཛད་པའི་གླུ་བྱ་འཕུར་མ་ཞེས་པ་འདི་ཁོ་བོས་དེ་སྔོན་རྩོམ་རིག་པ་དང་ལོ་ཙྭ་བ་ཆེན་པོ་པེན་ཞིན་དང་ཀྲིན་ཀྲུན་ཏའོ་གཉིས་ཀྱིས་བསྒྱུར་བའི《ཐེ་ཀོར་གྱི་སྙན་ངག་འདེམས་སྒྱུར།》ཞེས་པ་གཞིར་བཟུང་ནས་ཚིག་ལྷུག་གི་རྣམ་པར་བསྒྱུར་ཁུལ་བྱས་པ་ཡིན་མོད།ད་ལྟ་ཡང་བསྐྱར་བལྟ་དུས་མ་ཡིག་ལས་གོལ་བ་དང་ཚིག་སྦྱོར་སོགས་གང་གི་ཐད་ནས་ཀྱང་རང་གི་བློར་འབབ་པ་ཞིག་བྱུང་མེད་པར་མ་ཟད།ཧ་ཅང་བསྒྱུར་ཉེས་སུ་སོང་འདུག་པའི་ཚོར་བ་ཞིག་དང་སྐྱོ་བ་ཞིག་བྱུང་།དེའི་ཕྱིར་བདག་གིས་ཡང་བསྐྱར་སེང་ཕྲུག་རྟ་མགྲིན་རྡོ་རྗེ་ཡི་འགྱུར《བྱེའུ།》ཞེས་པ་དང་ཁམས་གསེར་ཐིག་གི་འགྱུར《འཕུར་བྱའི་ཚོམས།》དང་།རང་གི་སྔོན་གྱི་འགྱུར《འདབ་ཆགས་ཀྱི་མཆོད་པ།》སོགས་གཞིར་བཟུང་ནས་ཚིགས་བཅད་ཀྱི་རྣམ་པར་བསྒྱུར་བ་ཡིན་ལ།ཁམས་གསེར་ཐིག་གི་འགྱུར་དེ་དབྱིན་ཡིག་ལས་ཐད་ཀར་བསྒྱུར་ཡོད་པས་མ་ཡིག་དང་ཐག་ཉེ་བར་མཐོང་ནས་དེ་ལ་གཞི་བྱས་ཤིང་ཚིག་སྦྱོར་ཁ་ཤས་ཀྱང་དེ་ལས་ཐད་ཀར་བླངས་ཡོད་པས་སྐུ་ཉིད་ལ་དགོངས་དག་ཐུགས་བདེན་ཞུས་པ་ཡིན།ཐེ་ཀོར་གྱི་སྙན་ངག་འདི་ཚིག་ལྷུག་སྙན་ངག་ཅིག་ཡིན་ན་ཡང་འདིར་ཚིག་བཅད་དུ་སྡེབས་དོན་ནི་བོད་རང་གི་རྩོམ་རིག་གི་བརྗོད་པ་དང་ཧ་ཅང་མཐུན་ལ་སྙན་ངག་གི་ཉམས་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པར་མཐོང་ནས་དེ་ལྟར་བསྒྱུར་བ་ཡིན་མོད།ནོར་འཁྲུལ་དུ་གྱུར་བའི་བསྒྱུར་ཉེས་ནི་ད་དུང་གཡོལ་ཐབས་མེད་པ་ལགས་ན།ཤེས་ནས་སྨྲ་བའི་མཁྱེན་ལྡན་དག་གིས་བླང་དོར་དང་སྐྱོན་བརྗོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།