༢༠༡༥ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ཚན་པ་ལྔ།

6278



བང་སོའི་འཕྱོངས་རྒྱས།



འཕྱོངས་རྒྱས་ཞེས་པའི་ཡི་གེ་གཉིས།
ག་དུས་མཇལ།
ག་ལེར་འབྲི་སྐབས། མིག་ལ་ས་རྡུལ་འཁོར་བཞིན།
སེམས་ལ་བང་སོ་ཁེངས་བཞིན།
 
བྱེའུ་སྐད་ཅིག
དེ་རུ་གྲགས།
གླུ་སྐད་ཅིག
དེ་རུ་བཞུར།
གཞིས་བྱེས་ཤིག
དེ་རུ་བྱུང་།
ངོ་མའི་བརྗེད་དཀའ་བའི་གནའ་སྔ་མོ།
དྲན་དང་དྲན་སྐབས།
ནམ་ཡང་ཡུལ་གྱར་བ།

བཙན་པོ་གཅིག་གཅིག
ཉི་མ་གཅིག་གཅིག
མུན་ནག་ཕར་ལ་བཀྱེད་ནས།
འོད་ཟེར་ཚུར་ལ་བསུས་ནས།
དམར་པོ་རིའི་ཡང་སྟེང་དུ་པོ་ཏཱ་ལ་བཞེངས།

རྩྭ་ལྡུམ།
བྱེའུ་རྟུག
སྐྱི་བསེར་རླུང་བུ།
 
བསངས།
རླུང་རྟ།
སྨོན་འདུན་འཆལ་པོ།
 
ཟླ་བས་སྒྲོལ་མ་ཁྲིད་ནས་བུད་སོང་།
འཕྱོངས་རྒྱས་ཀྱི་མཚན་མོ།
ཧ་ཅང་དབེན།
རྒྱ་མཚོས་ཕུ་ནུ་བཞག་ནས་བུད་སོང་།
འཕྱོངས་རྒྱས་ཀྱི་ཉིན་མོ།
ཧ་ཅང་སྟོང་།

2015/8/26/28/



 འབྲུག་སྤ་གྲོ་སྟག་ཚང་གི་ཉིན་མོ།

 –མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་རྒྱང་མཇལ།


 མཐའ་མཚམས་མོན་ཡུལ།               
གང་ནས་གོ།
དབེན་ཁྲོད་སྟག་ཚང་།
གང་ནས་རྙེད།
བསྐལ་བ་ངན།
འདུ་འཛོམས་རིང་།
 
སྐྱོ་སྣང་གི་མིག
ཁྱོད་ཀྱི་ཁྲི་སྲོང་།
དྲན་གདུང་གི་དབུགས།
ཁྱོད་ཀྱི་ལྷ་ས།
རེ་ལྟོས་ཀྱི་དོན།
ཁྱོད་ཀྱི་ཕོ་བྲང་།
 
ན་བུན་ནི་གཤོག་ཟུང་བཞིན།
གནམ་ལ་བརྐྱངས་འདུག
རི་བོ་ནི་སྟག་གཟིག་ལྟར།
ས་རུ་ཉིལ་འདུག
ཉི་འོད་ཟམ་ཟིམ།
ལུས་སེམས་ལ་་བབས་མ་མྱོང་ན།
ལས་སྐལ་གཉོམ་པོ།
མགུར་ཞིག་ཡིན་ནམ་འཆམ་ཞིག་ཡིན།
ཡང་ན་མང་པོ་ཞིག
 
མེ་ཏོག་གི་སྐྲ་ལོ།
གཅིག་ལྷུང་གཉིས་ལྷུང་།
གངས་ཆུའི་འགྱུར་ཁུགས།
གཅིག་ཆད་གཉིས་ཆད།
མི་ཚེའི་ལོ་ཟླ།
གཅིག་དགའ་གཉིས་སྡུག
ཨ་ཨ  ཆོས་ཉིད་འཁོར་ལོ་འདྲ་བོ།
རྟག་དང་མི་རྟག
 
ཁུ་བྱུག་རྒྱང་ནས་གྲགས།
དཔྱིད་ཀ་གང་ནས་སླེབས།
མིག་ཀེམ་ཀེམ གྱིས།
བོར་ཟིན་པ་དེ་དག་སློང་།
རྣ་བཟེད་བཟེད་ཀྱིས།
བཙལ་བཞིན་པ་དེ་དག་བསྙེག
 
ཁྲི་སྲོང་གཡུལ་ལ་གཤེགས་སོང་།
ཁྱོད་ནི་མོན་ལ་ཆས་སོང་།
འཁྱག་ཤི་ཐེབས་པའི་འཇིག་རྟེན།
ང་ཡི་འཇིག་རྟེན།

2013’11’འབྲུག་ཏུ།
2015’8’27

*མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ཡིན་ཞིང་། གུ་རུ་བསམ་ཡས་ཕེབས་དུས་སུ་རྒྱལ་པོས་མཎྡལ་གྱི་ཚལ་ཏུ་ཕུལ་ནས་ཕྱི་ནང་གི་རིག་པའི་གནས་ལ་དོན་གྱིས་གཉེར་བའི་སྐལ་བ་སྨིན། བན་བོན་གྱི་འཐབ་རྩོད་དབང་གིས་འབྲུག་སྤ་གྲོར་སྟག་ཚང་ལ་བྱོལ་་ཞིང་། རྡོ་རྗེ་ཕུར་བ་ལ་སོགས་རྩེ་གཅིག་ཏུ་གཞོལ་ནས་གྲུབ་པ་ཐོབ་པ་དང་མཉམ་དུ་ཕྱིར་བསམ་ཡས་སུ་ལོག་ནས་བོན་གྱི་ཕྱོགས་ཐེ་རིགས་ཕམ་ཉེས་སུ་བཏང་པ་མ་ཟད།གསང་སྔགས་བསྟན་པའི་མཛད་པ་ཆེས་ཆེར་བསྐྱངས།



ལོ་བརྒྱའི་རྗེས།   ལོ་བརྒྱའི་སྔོན།


ཟླ་འོད་མེད་ན།
མཚན་མོ་ཡོད།
མཚན་མོ་མེད་ན།
རྨི་ལམ་ཡོད།
སྨག་རུམ་གྱི་མཆེ་གཙིགས་ཀྱིས།
ཟླ་འོད་སིབ་སིབ།
 
སྐར་མའི་ཁྱུ།
མཚན་མོ་རུ་རྒྱུ་ཙམ།
འཁྱམས་པོའི་ཁྱུ།
རྨི་ལམ་ལ་འཛུལ་ཙམ།
ངས་ད་གཟོད་རེ་སྐོང་གི་ལོ་བརྒྱའི་སྔོན།
ལྷོད་ཀྱིས་ཉན།
ངས་ད་གཟོད་རེ་ཆད་ཀྱི་ལོ་བརྒྱའི་རྗེས།
སྡུག་གིས་འཁྲེང་།
 
ཟླ་འོད་བསིལ་བསིལ།
ང་གཅིག་པུའི་མིན།
མཚན་མོ་སྟོང་སྟོང་།
ང་གཅིག་པུའི་ཡིན།
 
ལོ་བརྒྱའི་སྔོན་ལ་མངའ་བའི་ཁྱེད།
རྟག་ཏུ་གསོན་ཡོད་དམ།
ལོ་བརྒྱའི་རྗེས་སུ་མེད་པའི་ང་།
གཏན་དུ་ཤི་སོང་ངམ།

2015’8’27/29/



 ཆུང་དུས་ཀྱི་སྒྲོལ་མ།


གོ་འཇོ་གླེང་ན།
མིག་ཆུ་ཞིག
སྒྲོལ་མ་ཐུག་ན།
གཏམ་རྒྱུད་ཅིག
 
རྩྭ་ཐང་།
སུས་ཡིན།
རྫ་འགོའི་ཁ་བས་བསྣུབས།
 
སྦྲ་ནག
སུས་ཡིན
དུས་མཐའི་རླུང་གིས་ཁུར
 
ལུག་ཁྱུ།
སུས་ཡིན།
སྤྱང་ལྟོགས་ལྡོམ་པོས་འཆོས།
 
སྒྲོལ་མ།
སུས་ཡིན།
ས་མཐའི་བུ་མོ།
 
ལས་ཟེར་བ།
གོམ་ཆུང་ཅི་ཙམ།
ངུ་ཞོར་འགྲོ་ཞོར།
གང་ལ་སླེབས་ཀྱང་།
སྐྱོགས་དང་སྐྱོགས་ཤིག
 
སྒྲོལ་མ་གང་གི་ཡིན།
ཁམས་གོ་འཇོ།
སྒྲོལ་མ་གང་ནས་འོང་།
ཁམས་གོ་འཇོ།
རྣ་བར་སྐྱོ་བའི་ལ་གཞས་ཤིག་གིས།
ངའི་མཐོང་ཚད་ས་མཐའ་རེད།

2015/8/25/29/



ནམ་ལང་ན།


ཟླ་བ་མུན་པས་བཀག་ཀྱང་།
མི་ཡུལ་གྱི་མཚན་མོ།
ཁྱེད་ཀྱི་མཚན་མོ།
 
ལོ་ལ་ལོ   ཟླ་ལ་ཟླ།
ཟླ་བ་ནི་ཟོར་དབྱིབས་ཤིག
ངས་སུ་ལ་ཞུ
 
ཟླ་ལ་ཟླ   ལོ་ལ་ལོ།
མུན་ནག་ནི་ནར་མོ་ཞིག
ངས་སུ་ལ་གསང་།
ཚོར་བའི་དབང་གིས།
ས་མཐའ་ཡུལ་མཐའ།
 
མགོ་ཡི་ནམ་མཁའ།
ཕྱིར་དྲན་ལ་གདལ་ཡང་།
ངས་མ་མཐོང་།
པང་གི་ས་གཞི།
ལྡེབས་རིས་སུ་སྒྲིལ་ཡང་།
ངས་མ་མཐོང་།
བཤད་འཕྲོ་ལྷག་པའི་མཚན་མོ།
ཡིད་རྟོན་འཕེལ་བའི་གཡས་གཡོན་གང་།
སྐྱོ་སྣང་སྐྲག་སྣང་གིས།
ལམ་སྐྱ་མོར་ཞུགས།
ནམ་ལང་ན།
ང་གང་ལ་འགྲོ།
ཁྱོད་གང་ལ་ལོག

 2014’11’23/29/
  2015’8’27/30/


0

One Response to ༢༠༡༥ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ཚན་པ་ལྔ།

  1. རྩེ་རི་ཚེ་དབང་རྒྱལ་པོ། ལགས་ཀྱིས:

    དེར་འཕྱོངས་རྒྱས་བང་སོ་དང་ཡང་ན་འཕྱོངས་རྒྱས་བཙན་པོའི་བང་སོ་ཡང་ཟེར་ལ། དེ་ནི་སྤུར་རྒྱལ་བཙན་པོ་ལས་མཆེད་པའི་བང་སོའི་ཚོགས་ཤིག་ཡིན་པ་དང་། ད་ཆ་དངོས་སུ་ངོས་འཛིན་ཐུབ་པའི་བང་སོ16ཙམ་ཡོད་པ་དང་དེའི་ནང་ནས་གྲགས་ཆེ་ཤོས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་དེ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།