གླུ་བྱ་འཕུར་མ། (སྔ་དུམ)

5807



ཇོ་བོ་ཉི་དབང་མགོན་པོས་བརྩམས།{རྒྱ་གར}
འབལ་གཞུང་ཁྱུང་ཐར་རྒྱལ་གྱིས་བསྒྱུར།།

 ༡ 
གང་སར་ངེས་མེད་འཁྱམས་པའི་བྱ་ཁྱུ་ཞིག།
དབྱར་ཁའི་དུས་ཚིགས་འདི་ལ་འཕུར་ནས་ཡོང་།།
བདག་གི་སྒེའུ་ཁུང་ཁར་བབས་གླུ་དབྱངས་བླངས།
སླར་ཡང་གཤོག་འགྱུར་གཅིག་གིས་ཕྱི་ཕྱིར་འཕུར།།
 
སྟོན་གྱི་སྡོང་ལོ་སེར་ཐིག་ལྷུང་བ་དག།
རེ་ཞིག་སྨྲ་བ་མེད་པར་ཁ་ཁུ་སིམ།།
ཡིན་ཡང་སྐྱོ་བའི་དབུགས་རིང་ཐེངས་གཅིག་གིས།།
རྒྱུས་མེད་ཡུལ་ལུང་དག་ཏུ་འཐོར་བར་གྱུར།།

འགྲུལ་བཞུད་རིང་མོའི་ལམ་ཆུང་མ་བོར་བའི།།
འཇིག་རྟེན་འདི་ཡི་རུ་བ་ཆུང་ཆུང་ཀྱེ།།
གང་དུ་བཞུད་ཀྱང་ཉིད་ཀྱི་ཞབས་རྗེས་དེ།།
བདག་གི་ཡིག་འབྲུའི་གསེབ་ཏུ་འཇོག་རོགས་ཀྱེ།།

རང་གི་མཛའ་མོའི་མདུན་དུ་འཇིག་རྟེན་འདིས།།
ཚུལ་འཆོས་གདོང་འབག་བཤུས་ནས་ཆུང་ངུར་གྱུར།།
སྙན་པའི་དབྱངས་རྟ་ལྟ་བུའི་ཆུང་ངུར་གྱུར།།
གཏན་གྱི་འོ་སྦྱོར་ཇི་བཞིན་ཆུང་ངུར་གྱུར།།

ས་ཆེན་འདི་ཡི་དྭངས་གཙང་མིག་ཆུ་ཡིས།།
ཁོ་མོའི་འཛུམས་མདངས་དྲོན་མོ་བཀྲུས་པ་དང་།།
ལྷན་ཅིག་ལང་ཚོ་གསར་བའི་རང་མདངས་ཡང་།།
ཉམས་སུ་མ་བཅུག་མཛེས་སྡུག་སྔར་ལས་ལྷག།

མུ་མེད་བྱེ་ཐང་སྐྱ་མོའི་སེམས་ཁོང་དུ།།
རྩྭ་རྐང་གཅིག་ཀྱང་རེ་བའི་དྲོད་འཁོལ་ཉིད།།
ཡིན་ཡང་རྩྭ་རྐང་འདི་ཡིས་མགོ་བོ་གཡུག།
དགོད་བཞིན་དགོད་བཞིན་རྒྱང་རིང་གནས་སུ་ཡལ།།

གལ་ཏེ་དགུང་གི་ཉི་མ་སེར་པོ་འདི།།
ནུབ་པར་ཁྱོད་ཀྱིས་མིག་ཆུ་བསིལ་ལགས་ན།།
ཁྱོད་ཀྱི་སྐར་ཚོགས་དག་ཀྱང་མི་འགྱངས་པར།།
ཅང་མེད་སྟོང་བའི་དབྱིངས་སུ་ཡལ་བར་ངེས།།

ཀྱེ་ཀྱེ་གར་ལ་རོལ་བའི་ཆུ་ཕྲན་ལགས།།
ཁྱེད་ཀྱི་བཤུལ་ལམ་རིང་མོའི་བྱེ་འདམ་འདིས།།
ཁྱེད་ལ་ད་དུང་སྲི་ཞུ་བསྒྲུབ་ལགས་ན།།
ཁྱེད་ཀྱིས་ད་དུང་འདི་དག་འཁྱེར་སྲིད་དམ།།

ཁོ་མོའི་རེ་བ་བཅོལ་སའི་ཡིད་འོངས་ཀྱི།།
ཞལ་རས་དེ་ནི་ཨེ་མ་ཉམས་སུ་དགའ།།
མཚན་གྱི་ཆར་ཆུ་ཇི་བཞིན་མངོན་ཆུང་གིས།།
བདག་གི་རྨི་ལམ་ཡོངས་སུ་དཀྲོགས་པར་བྱས།།

དེ་ཡང་སྐབས་ཤིག་འཁྲུལ་བའི་རྨི་ལམ་དུ།།
ང་ཚོ་ཕན་ཚུན་ཆ་རྒྱུས་མེད་པ་འདྲ།།
གཉིད་ལས་སད་དུས་ང་ཚོ་མ་གཞི་ནས།།
ཕན་ཚུན་བརྩེ་བའི་ཞགས་པས་བཅིངས་པ་རྟོགས།།
༡༠
བདག་གི་སེམས་སུ་ཡུན་རིང་ཉར་བ་ཡི།།
དྲན་པའི་གདུང་བ་མ་ལུས་ཞི་བར་གྱུར།།
ཚུལ་དེ་ས་སྲོད་དུས་ཀྱི་ཉི་མའི་འོད།།
འཇམ་ཐིང་ཐིང་གིས་ནགས་རིར་འཕྲོས་པ་བཞིན།།
༡༡
གང་ནས་སུ་ཡི་ཡིན་པ་མི་ཤེས་པའི།།
ཤིན་ཏུ་ལྐོག་གྱུར་ཡིན་པའི་ལག་པ་བྱུང་།།
སྒྱིད་ཅིང་ལུག་པའི་བསིལ་རླུང་ལྡང་བ་ལྟར།།
བདག་གི་སེམས་ལ་དབྱངས་རྟ་ལྷོད་ཀྱིས་དཀྲོལ།།
༡༢
“རྒྱ་མཚོ་ཁྱེད་ཀྱིས་གསུངས་པ་ག་རེ་ཡིན།།”
“འགྱུར་མེད་རྟག་བརྟན་ཐེ་ཚོམ་དེ་ཡིན་ནམ།།”
“ནམ་མཁའ་ཁྱེད་ཀྱི་ཨ་ལན་ག་རེ་ཡིན།།”
“མི་སྨྲའི་བརྟུལ་ཞུགས་འཛིན་པ་དེ་ཡིན་ནམ།།"
༡༣
ཀྱེ་ཀྱེ་འཆར་སྒོ་མང་པའི་སེམས་པ་ཀྱེ།།
རེ་ཞིག་སྒྲ་འཛིན་དབང་པོ་གཡོར་ཞིག་དང་།།
འཇིག་རྟེན་འདི་ཡི་ཤུབ་བུའི་སྐད་ཆ་དག།
ཁྱེད་ཀྱི་བརྩེ་བར་སྙེག་པ་ཡིན་ནམ་ཅི།།
༡༤
ཁྱེད་ཀྱི་གསར་བཏོད་ལྡན་པའི་སྙིང་སྟོབས་དེ།།
མཚན་མོའི་སྨག་རུམ་ཇི་བཞིན་བག་ལ་ཞ།།
དེ་ཡི་རླབས་ཆེན་རིན་ཐང་རྨད་བྱུང་ཡང་།།
ཤེས་རིག་འཕྲུལ་གཟུགས་ཞོགས་པའི་ན་བུན་ཙམ།།
༡༥
གཡང་གཟར་ཤིན་ཏུ་མཐོ་བ་རྐྱེན་བྱས་ཏེ།།
ཉིད་ཀྱིས་རང་གི་ལྷད་མེད་བརྩེ་བ་དེ།།
གྲོག་རོང་གཟར་པོའི་རྒྱལ་མཚན་རྩེར་མཆོད་ནས།།
བླ་མེད་སྤྱོད་ཚུལ་འཛིན་འདི་མི་རིགས་སོ།།
༡༦
ཞོགས་པར་ང་རང་སྒེའུ་ཁུང་འགྲམ་དུ་བསྡད།།
འཇིག་རྟེན་འདི་ནི་ལམ་གྱི་རྒྱུ་འགྲུལ་ཞིག།
ཏོག་ཙམ་བསྡད་དེ་ང་ལ་མགོ་ལྕོག་ལྡེམ།།
སླར་ཡང་ཁ་ཁུ་སིམ་པར་ལམ་དུ་ཆས།།
༡༧
བསམ་བློ་ཕྲ་ཞིང་ཞིབ་པ་འདི་དག་ནི།།
སྡོང་ལོ་ཤག་ཤག་གཡོ་བའི་སྒྲ་དབྱངས་ཏེ།།
སྒྲ་དབྱངས་འདི་དག་བདག་གི་སེམས་ངོགས་སུ།།
དགའ་སྐྱིད་སྤྲོ་བའི་སྒྲ་རུ་བསྐྱིལ་ལགས་སོ།།
༡༨
ཁྱོད་ཀྱིས་རང་ཉིད་ངོ་མ་མཐོང་མི་སྲིད།།
མཐོང་ཡང་དེ་ནི་གྲིབ་གཟུགས་ཙམ་དུ་ཟད།།
༡༩
ཀྱེ་ཀྱེ་སྐྱབས་མགོན་བདག་ནི་ཇི་འདྲའི་བླུན།།
གཞན་དག་ཁྱེད་ཀྱི་སྙན་པའི་གླུ་དང་ལྷན།།
འུར་སྒྲ་སྒྲོག་བཞིན་མཛེས་པའི་གར་བྱེད་ཀྱང་།།
བདག་ནི་རྣ་བ་བླགས་ཏེ་མཉན་པ་ཙམ།།
༢༠
བདག་གིས་ལེགས་པའི་ལམ་འགྲོ་གདམ་ཐབས་བྲལ།།
ལེགས་པའི་ལམ་དེས་བདག་ཉིད་གདམ་པར་ངེས། 
༢༡
གློག་སྒྲོན་རྒྱབ་ཏུ་ཁུར་བའི་མི་རྣམས་ཀྱིས།།
རང་རང་གྲིབ་གཟུགས་མདུན་དུ་འཕྲོས་པ་མཐོང་།།
༢༢
བདག་ཉིད་གང་དུ་འཚོ་ཞིང་གནས་འགྱུར་བ།།
དེ་ནི་བདག་གི་འཚོ་བའི་ཁ་དོག་སྟེ།།
བདག་ལ་མཚོན་ན་རྟག་བརྟན་འགྱུར་མེད་ཀྱི།།
ཁྱད་མཚར་དེ་ནི་འཚོ་ཞིང་གནས་པ་འོ།།
༢༣
བདག་གི་དྲི་བར་ལྗོན་འདབ་སོགས་ལའང་།།
རང་བྱུང་ཆར་རླུང་ལྟ་བུའི་དྲིས་ལན་འདུག།
འོན་ཏེ་ཁྱོད་རང་སུ་ཡིན་སྒམ་བརླིང་འདི།།
དྲིས་ཚེ་བདག་ནི་མེ་ཏོག་རྐང་གཅིག་ཟེར།།
༢༤
སྐུ་ཉིད་ནམ་ཞིག་ངལ་བར་གྱུར་བའི་ཚེ།།
ངལ་གསོ་གནང་བ་འདི་ཡང་ལས་དོན་ཉིད།།
དེ་ནི་སྤྱན་ལྕིབས་སྤྱན་དང་འབྲེལ་བ་བཞིན།།
སོ་སོར་འབྱེད་པའི་ཆོས་གཞན་མ་དམིགས་སོོ།།
༢༥
མི་ནི་བཙས་མ་ཐག་པའི་ཕྲུ་གུ་སྟེ།།
ཁོ་ལ་སྟོབས་དང་ནུས་པ་ཅི་འབྱུང་པ།།
ཐམས་ཅད་དུས་ཚོད་ཅིག་གི་གོ་རིམ་དང་།།
འཚར་ལོངས་འབྱུང་བའི་ནུས་ཤུགས་ཁོ་ན་འོ།།
༢༦
སྐྱབས་མགོན་མཆོག་གིས་ང་ཚོའི་དྲིན་གཟོ་ལ།།
རེ་བས་སྒུག་པ་ཉི་མ་སེར་པོ་དང་།།
ས་གཞི་གནང་བ་འདི་ཙམ་མ་ཡིན་པར།།
མེ་ཏོག་བསྩལ་བའི་རྒྱུ་མཚན་དེ་ཡིས་སོ།།
༢༧
འོད་ནི་གཅེར་བུར་བུད་པའི་བྱིས་པ་བཞིན།།
ལྗང་ལོའི་གསེབ་ཏུ་དགའ་སྐྱིད་རྩེད་འཇོར་གཡེང་།།
མི་ནི་གདོད་ནས་གཡོ་སྒྱུའི་བདག་ཉིད་ཅིག།།
ཡིན་པ་ད་དུང་ཚོར་གྱིན་མེད་པ་འདྲ།།
༢༨
ཨ་ཨ་རེ་ཞིག་གསོན་དང་མཛེས་སྡུག་ཀྱེ།།
མེ་ལོང་མདུན་དུ་རང་རློམ་ང་རྒྱལ་གྱིས།།
དེ་ཡི་ངོ་བསྟོད་རྗེས་སུ་མི་འབྲང་བར།།
བརྩེ་བའི་ཀློང་ནས་རང་ཉིད་ཚོལ་ཅིག་ཀྱེ།།
༢༩
བདག་གི་སེམས་པས་ཁོ་མོའི་རླབས་ཀྱི་ཕྲེང་།།
འཇིག་རྟེན་འདི་ཡི་རྒྱ་མཚོའི་འགྲམ་ལ་མཆོད།།
“ང་རང་ཁྱོད་ལ་དགའ”བའི་དབུགས་འབྱུང་དང་།།
མིན་ཆུ་དྲོན་མོས་བཞག་པའི་དྲན་ཤིང་ངོ་།།
༣༠
ཀྱེ་ཀྱེ་དཀར་གསལ་དུང་གི་ཟླ་བ་ལགས།།
ཁྱེད་ཀྱིས་ད་དུང་སྐུ་མགྲོན་སུ་ལ་སྒུག།
འཆར་ཁའི་ཉི་མ་སེར་པོའི་གཟི་བྱིན་ལ།།
བརྩེ་བའི་གུས་ཕྱག་འབུལ་པ་ཡིན་ནམ་ཅི།།
༣༡
སྔོ་ལྗང་ལོ་འདབ་གཡོ་བའི་ལྗོན་ཤིང་ཞིག།
བདག་གི་སྒེའུ་ཁུང་འགྲམ་ནས་སྐྱེས་ཏེ་བྱུང་།།
འདི་ནི་ས་གཞིའི་མགྲིན་པ་ལས་བརྡོལ་བའི།།
རེ་བའི་སྒྲ་དབྱངས་ཤིག་དང་གཉིས་སུ་མེད།།
༣༢
སྐྱབས་མགོན་དེ་ཡི་ཐུགས་རྗེའི་རོལ་གར་ན།།
རང་གིས་གསར་བསྐྲུན་བྱས་པའི་ཞོགས་པ་དེ།།
རང་ལ་མཚོན་ན་ནམ་ཡང་ཁྱད་མཚར་གྱི།།
གཟིགས་མོ་བླ་ན་མེད་པ་ཞིག་ཏུ་མཐོང་།།
༣༣
ཚེ་དང་སྲོག་གིས་འཇིག་རྟེན་ནོམ་ལ་བཏགས།།
བརྩེ་ཞིང་དུངས་བས་མི་ཚེའི་རིན་ཐང་རྙེད།།
༣༤
ཐན་པས་གདུང་ནས་སྐམ་པའི་ཆུ་གྲོག་འདིས།།
སྔར་སོང་འདས་པའི་དོན་ལ་ཅི་མི་སྙམ།།
༣༥
བྱེའུ་ཆུང་དེ་ཡིས་སྤྲིན་དཀར་ཡིན་ན་བསམ།།
སྤྲིན་དཀར་དེ་ཡིས་བྱེའུ་ཆུང་ཡིན་ན་བསམ།།
༣༦
རྦབ་ཆུས་གླུ་དབྱངས་ལེན་བཞིན་རང་ཉིད་ལ།།
རང་དབང་ཐོབ་པས་གླུ་སྐད་ཡོད་དོ་ཟེར།།
༣༧
བདག་ནི་འདི་ལྟར་སྐྱོ་བས་མནར་དོན་ཅི།།
ཁོང་གི་ཐུགས་དགོངས་དེ་འདྲ་མ་ཡིན་ནོ།།
ཁོང་གི་མཁྱེན་པའི་ཡུལ་དུ་མ་གྱུར་པའི།།
དགོས་མཁོ་ཆུང་ཆུང་ཞིག་གི་ཆེད་དུའོ།།
༣༨
བདག་མོ་ཁྱེད་ཀྱིས་རང་གི་ཐབ་ཚང་དུ།།
རྐང་ལག་གཉིས་ཀྱིས་གཡོས་སྦྱོར་སྙན་ཆ་དཀྲོལ།།
དེ་ནི་རི་ཁུག་དག་ཏུ་བཞུར་བ་ཡི།།
ཆུ་ཕྲན་རྡེའུ་ཟེགས་བརྒྱུད་པའི་དབྱངས་དང་འདྲ།།
༣༩
མཐོན་པོ་དགུང་ལ་བཏེགས་པའི་ཉི་མ་དེ།།
དམའ་བ་རྒྱ་མཚོ་ཆེན་པོའི་མཐའ་ལ་ལྷུང་།།
དེ་ནི་ཁོང་གིས་མཇུག་མཐའི་གུས་ཕྱག་ཅིག།
ཤར་ཕྱོགས་གནམ་སའི་མཚམས་དེར་འབུལ་ཕྱིར་རོ།།
༤༠
བཞེས་འདོད་ཡི་ག་མེད་པར་རྐྱེན་བྱས་ཏེ།།
ཉིད་ཀྱིས་བཟའ་བཅར་ལེ་བདའ་མ་བྱེད་ཅིག།
༤༡
གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་འདིས།།
ས་ཆེན་འདི་ཡི་ཕུགས་བསམ་མཚོན་པ་བཞིན།།
སྔ་རྟིང་བཏེགས་ནས་ཡངས་པའི་ནམ་མཁའ་ལ།།
ལྐོག་ལྟའི་ཚུལ་དུ་སྨོན་ལམ་འདེབས་པར་བྱེད།།
༤༢
ཁྱེད་ཀྱིས་མེ་ཏོག་ལྟ་བུའི་འཛུམས་མདངས་ཤིག།
བསྟན་པ་ཙམ་ལས་ཅི་ཡང་མ་སྨྲས་མོད།།
བདག་གིས་རྒྱུ་མཚན་དེ་ལ་རྐྱེན་བྱས་ཏེ།།
ཉིན་མཚན་ཁོར་མོ་ཡུག་ཏུ་ཁྱོད་ལ་བསྒུག།
༤༣
རྒྱ་མཚོའི་གཏིང་གི་ཉ་སྲིན་གྲག་འགུལ་དབེན།།
སྐམ་སའི་གཅན་གཟན་བྱ་ཚོགས་འུར་སྒྲས་ཁེངས།།
ང་ཚོ་འཇིག་རྟེན་གཅིག་ཏུ་འཚོ་ན་ཡང་།།
རང་རང་ལས་ཀྱི་བྱ་བྱེད་ཐ་དད་དོ།།
༤༤
འཇིག་རྟེན་སོམ་ཉིའི་རྒྱུད་སྐུད་སྟེང་ན་ཤུད།།
སེམས་གཅོང་སྐད་ཀྱིས་འགྱུར་ཁུགས་དབྱངས་སུ་དཀྲོལ།།
༤༥
ཁོས་ནི་རང་གི་རལ་གྲི་ལྷ་ཚོགས་སུ།།
བསྒོམས་པས་རང་གྲི་རྒྱལ་ཞིང་རང་ཉིད་ཕམ།།
༤༦
ང་ཚོའི་དད་པའི་ཡུལ་གྱི་སྐྱབས་མགོན་དེས།།
རང་གི་གསར་བཏོད་ཁྲོད་ནས་རང་ཉིད་རྙེད།།
༤༧
གྲིབ་མས་ཁོ་མོ་རང་གི་གདོང་འབག་གྱོན།།
དེའི་རྗེས་གསང་བའི་ངང་དང་ཞི་འཇམ་ངང་།།
རང་གི་བབ་བརླིང་ལྡན་པའི་བརྩེ་བ་དེས།།
འོད་ཀྱི་སྣང་བའི་ཞབས་རྗེས་སྙེག་པར་ཐལ།།
༤༨
སྐར་མའི་ཚོགས་དག་སྲིན་བུ་མེ་ཁྱེར་ལྟར།།
ཉམ་ངའི་གཡང་དུ་ལྷུང་བར་ག་ལ་སྐྲག།
༤༩
བདག་ནི་དབང་ཤུགས་འོག་གི་འཁོར་ལོ་དང་།།
འཁོར་ལོའི་འོག་ཏུ་བཙན་གྱིས་གཅུན་པ་ཡི།།
གང་ཟག་གསོན་པོའི་གྲས་ཀྱི་དེ་མིན་པར།།
སྐྱབས་མགོན་མཆོག་ལ་སྙིང་ནས་ཐུགས་རྗེ་ཞུ།།
༥༠
སེམས་པ་འདི་ནི་ཀུན་ནས་བག་ཚ་བས།།
བློ་ཁོག་ཡངས་ཤིང་ཤེས་རྒྱ་ཆེ་བ་མིན།།
ལས་ཀྱི་སྣེ་མོ་གཅིག་ལ་འཇུས་པ་ནས།།
གཞན་ཏུ་མི་གཏུབ་རང་བཞིན་གཅིག་པར་མཐོང་།།
༥༡
ཁྱོད་ཀྱི་དང་བའི་རྟེན་དེ་ས་རྡུལ་གྱི།།
ཁམས་སུ་འཐོར་བའི་རྒྱུ་མཚན་དེ་ཁོ་ནས།།
སྐྱབས་མགོན་མཆོག་གི་ས་རྡུལ་ཙམ་ཞིག་ཀྱང་།།
ཁྱོད་ཀྱི་དང་རྟེན་དེ་ལས་འཕགས་པར་ཤེས།།
༥༢
འགྲོ་བ་མི་ཡིས་རང་གི་ལོ་རྒྱུས་ལས།།
རང་ཉིད་ཧྲིལ་བོ་མངོན་པར་བྱེད་ཐབས་བྲལ།།
ཡིན་ཡང་ཟུར་བལྟས་ལེབ་མཐོང་ཙམ་ཞིག་ཏུ།།
མངོན་པར་ཅིས་ཀྱང་འབད་པས་བརྩོན་པ་ལགས།།
༥༣
སྒྲོན་མེས་མོ་ལ་ཨ་ཅག་ཅེས་འབོད་སྐབས།།
གློག་སྒྲོན་ཁྲོས་ནས་དམོད་མོ་མང་ཙམ་བྱས།།
ཡིན་ཡང་དཀར་གསལ་དུང་ཟླ་ཤར་བ་ན།།
གློག་སྒྲོན་འཛུམ་བཞིན་ང་ཡི་ཨ་ཅེ་ལགས།།
ང་ཡི་བརྩེ་བའི་ཨ་ཅེ་ལགས་ཞེས་བོས།།
༥༤
ངེད་གཉིས་རྒྱ་མཚོའི་རླབས་དང་ཆུ་སྐྱར་བཞིན།།
ཕན་ཚུན་འཕྲད་ཅིང་ཤིན་ཏུ་ཉེ་བར་གྱུར།།
ཆུ་སྐྱར་འཕུར་རྗེས་རླབས་ཀྱང་ཕྱི་ཕྱིར་བཀྱེད།།
ངེད་རང་གཉིས་ཀྱང་རང་སར་ངང་གིས་གྱེས།།
༥༥
དགུང་གི་ཉི་མ་སེར་པོའི་རྟོད་ཐག་ཆད།།
ང་ནི་མཚོ་ཁར་གཡེང་པའི་ཁེར་རྐྱང་གི།
གྲུ་ཆུང་ཞིག་དང་འདྲ་བར་རྦ་རླབས་ཀྱི།།
མཛེས་པའི་བྲོ་དང་སྙན་པའི་གཞས་ལ་འཁོར།།
༥༦
ང་ཚོའི་ཚེ་དང་སྲོག་གི་ནོར་བུ་འདི།།
ཆོས་ཉིད་གནམ་གྱི་རྒྱལ་མོས་གནང་བ་སྟེ།།
ནམ་ཞིག་སྦྱིན་པའི་སྟོབས་ཀྱིས་འབུལ་ནུས་ན།།
དུས་དེར་ཁྱོད་ལ་སླར་ཡང་འཐོབ་པར་འགྱུར།།
༥༧
ང་ཚོ་ནམ་ཞིག་བག་ཡོད་ཁེངས་སྐྱུང་གི།
སྤྱོད་ལམ་ཉིད་ལ་གནས་པར་གྱུར་བའི་ཚེ།།
ད་ནི་ཚང་མ་ཧ་ཅང་རླབས་ཆེན་གྱི།།
མཆོག་གི་དུས་དེར་ཤིན་ཏུ་ཉེ་བས་སོ།།
༥༨
མཆིལ་བས་ནགས་ཀྱི་རྨ་བྱ་མཐོང་བའི་མོད།།
མཇུག་སྒྲོར་ཕངས་སེམས་དང་བཅས་སེམས་ཁྲལ་བྱས།།
༥༩
“སྐད་ཅིག་མ་དེར་མ་སྐྲག་མ་འཇིགས་ཤིག།”
རྟག་བརྟན་རང་སྒྲས་དེ་ལྟར་དབྱངས་ཀྱིས་བསྙད།།
༦༠
མཚོ་རླུང་ཆེན་པོར་གློ་བུར་ལམ་ནོར་ཐེབས།།
རེ་ཞིག་རང་མགོ་འཁོར་ནས་ཉེ་ལམ་བསྙེག།
ཡིན་ཡང་མཚམས་ཤིག་ཤེས་མེད་ཚོར་མེད་ངང་།།
འཚོལ་ཅིང་སྙེག་པའི་རྒྱུན་དེ་འགག་པར་གྱུར།།
༦༡
གཞན་གྱི་ཆང་ཕོར་ནང་གི་ཝུ་བ་དེ།།
དྲག་ཏུ་འཕྱུར་ཡང་མི་འགྱངས་ཉམས་པར་འགྱུར།།
དེ་བས་གྲོགས་པོ་ཁྱོད་ཀྱིས་རང་ཉིད་ཀྱི།།
ཆང་ཕོར་ནང་གི་བདུད་རྩི་གཙང་བཞེས་གནོང་།།
༦༢
ཕུན་སུམ་ཚོགས་པས་གཞན་གྱི་བརྩེ་བའི་སླད།།
རང་ཉིད་ཀུན་ནས་མཛེས་པར་སྤྲས་པ་ལགས།།
༦༣
འགྲོ་བའི་སྐྱབས་མགོན་བླ་ན་མེད་པ་དེས།
“བདག་གིས་ཁྱོད་ལ་གསོ་བཅོས་བྱས་པ་ཡིས།
ད་གཟོད་ཁྱོད་ལ་གནོད་འཚེ་བཟོས”ཞེས་གསུངས།
“བདག་ཉིད་ཁྱོད་ལ་ཤིན་ཏུ་སྙིང་ཉེ་བས།།
ད་གཟོད་ཉེས་ཆད་བཅད་པ་ཡིན”ཅེས་གསུངས།།
༦༤
མེ་དཔུང་ཆེན་པོས་འོད་སྣང་བསྩལ་བ་ལ།།
ཁྱོད་ཀྱིས་གུས་པས་ཐུགས་རྗེ་ཞུ་དགོས་མོད།།
ཤུགས་ཀྱི་སྒྲོན་མེ་འདེགས་མཁན་མ་བརྗེད་རོགས།།
ཁོང་ནི་ད་དུང་མུན་པའི་ཀློང་དུ་འོ།།
༦༥
རྩྭ་ཕྲན་ཁྱོད་ཀྱི་ཞབས་རྗེས་ཆུང་ན་ཡང་།།
ཞབས་ཀྱིས་མནན་པའི་ས་གཞི་ཁོད་ཡངས་འདི།།
ཁྱོད་རང་ཁོ་ནར་གཏོགས་ཤིང་དབང་བ་ཡི།།
གནམ་ས་ཁ་སྦྱོར་ཡིན་པ་ཤེས་པར་གྱིས།།
༦༦
གང་བུ་གསར་དུ་འབུས་པའི་མེ་ཏོག་གིས།།
རེ་བའི་ཡུལ་ལ་སྨོན་ལམ་བརྒྱབ་པ་ནི།།
“ཀྱེ་ཀྱེ་བརྩེ་བར་འོས་པའི་འཇིག་རྟེན་ཀྱེ།།
བདག་གི་མཛེས་པ་རྟག་ཅིང་བརྟན་པར་ཤོག།”
༦༧
དཀོན་མཆོག་དེ་ནི་གཞན་ལས་ཁྱད་འཕགས་ཕྱིར།།
བཙན་པོའི་རྒྱལ་ཁབ་དག་ལ་སུན་པ་བྱུང་།།
ཡིན་ཡང་བརྩེ་བའི་སྣང་བ་དག་པའི་ཕྱིར།།
མེ་ཏོག་ཉམ་ཆུང་དག་ལ་དེ་ལྟ་མིན།།
༦༨
རང་རང་ནོར་འཛོལ་ཁྲོད་ཀྱི་ཕམ་ཉེས་དེ།།
ལམ་གྱི་འཇིགས་རུང་དགྲ་བོ་ཡིན་ན་ཡང་།།
ཡང་དག་བདེན་པས་ལམ་གྱི་ཕམ་ཁ་དེ།།
ངེས་པར་བརྒྱུད་དགོས་འགག་འཕྲང་ཞིག་ཏུ་བརྩི།།
༦༩
“བདག་ལ་རང་གི་བཏུང་ཆུ་ཉུང་ཙམ་ལས།།
མེད་ཀྱང་བཀྲེས་ཤིང་སྐོམ་པས་གདུང་རྣམས་ལ།།
གཏོང་ཕོད་ཆེན་པོ་ལྡན”ཞེས་རྦབ་ཆུ་ཡིས།།
ནམ་ཡང་སྙན་པའི་གཞས་ཆུང་དབྱངས་སུ་གྱེར།།
༧༠
སྐབས་དེའི་མེ་ཏོག་མཆོད་པའི་བདེ་སྐྱིད་ཀྱི།།
དད་པའི་ཤུགས་ཀྱི་འབྱུང་ཁུངས་ག་རེ་ལགས།།
༧༡
རྣོ་གཅོད་སྟ་རེས་ཤིང་ལ་ཡུ་བ་གཡོར།།
ལྗོན་ཤིང་རང་ཡང་འཐད་ནས་རང་དགར་བྱིན།།
༧༢
ཧ་ཅང་ཁེར་རྐྱང་ཡིན་པའི་ས་སྲོད་དེ།།
ཆར་སྤྲིན་འཐབ་པའི་སེང་རས་ཀུན་ནས་གཡོགས།།
དེ་ཡི་གཉོམ་ཞིང་དུངས་པའི་འཁུན་བུ་དེ།།
བདག་གི་སེམས་ཀྱི་ལྷིང་འཇགས་བརྒྱུད་ནས་ཚོར།།
༧༣
གང་དུ་ཚངས་པར་སྤྱོད་པའི་ཕུན་ཚོགས་དེ།།
ལྷད་མེད་བརྩེ་བ་ལས་བྱུང་ནོར་བུ་ཡིན།།
༧༤
རྒྱ་མཚོའི་རླངས་པ་རྔུབས་པའི་དབུགས་འབྱུང་གི།
སྨུག་སྤྲིན་དེ་ནི་བརྩེ་དུང་ཇི་བཞིན་དུ།།
དྲན་པའི་རི་རྩེར་རྩེད་འཇོ་སྣ་ཚོགས་བགྱིད།།
བར་བར་ཡིད་འོངས་འགྱུར་བག་སྣ་ཚོགས་སྟོན།།
༧༥
འཇིག་རྟེན་འདི་ལ་མ་དག་འཁྲུལ་བའི་བློས།།
གོ་བ་ལོག་པར་ལེན་མཁན་ང་ཚོ་ཡིན།།
“འཇིག་རྟེན་འདི་ཡིས་ང་ཚོ་བསླུས་སོང”ཞེས།།
འུར་ཟིང་སློང་མཁན་དེ་ཡང་ང་ཚོ་ཡིན།
༧༦
སྙན་ངག་མཁན་གྱི་རླུང་དེ་གང་སར་རྒྱུ།།
རྒྱ་མཚོའི་ཀློང་དང་ནགས་ཚལ་མཐུག་པའི་ཀློང་།།
བརྒྱུད་དེ་གང་གི་གླུ་སྐད་འཚོལ་ཅིང་སྙེག།
༧༧
བཙས་མ་ཐག་པའི་ཕྲུ་གུ་རེ་རེ་ཡིས།།
ལྷ་རྣམས་ང་ཚོ་འགྲོ་བ་མིའི་རིགས་ལ།།
ཡིད་སེམས་གཏན་ནས་ཆད་པ་མ་ཡིན་པར།།
ད་དུང་ཚང་མར་རེ་བ་མེ་སྟག་ཙམ།།
འདུག་ཅེས་ལྷ་ཡི་བཀའ་ལུང་སྒྲོག་པར་བྱེད།།
༧༨
སྔོ་རྩྭས་ཁོ་མོར་ནན་གྱིས་ཞུ་བ་ནི།།
ཟླ་བོ་ས་གཞི་འདི་རུ་འབྱུང་བར་རེ།།
སྡོང་བོས་རང་གི་ནམ་མཁའ་སྔོ་བསང་མར།།
ཁེར་རྐྱང་འཚོ་བའི་ལམ་བུ་འཚོལ་ཅིང་སྙེག།
༧༩
མིས་ནི་རང་གིས་བསྐྲུན་པའི་འཛུགས་སྐྲུན་ལ།།
རང་ཉིད་ཁོ་ནས་འཛིང་རགས་རྒྱག་པར་བྱེད།།
༨༠
ཀྱེ་ཀྱེ་གྲོགས་པོ་ཁྱོད་ཀྱི་གསུང་སྐད་དེ།།
བདག་གི་སེམས་སུ་སྙན་པའི་དབྱངས་ཀྱིས་འབབ།།
དེ་ནི་རྒྱ་མཚོ་སྐྱོམ་པའི་སྒྲ་དབྱངས་བཞིན།།
ནགས་ཚལ་སྟུག་པོའི་ཀློང་དུ་ཁྱབ་པར་གྱུར།།
༨༡
མུན་པ་དགུ་རྩེག་ཁྲོད་ཀྱི་མེ་ཕུང་དང་།།
རྣམ་བཀྲའི་སྐར་ཚོགས་དབུས་ཀྱི་མེ་སྟག་གཉིས།།
དོན་དམ་གང་གི་ཆེད་དུ་བརྩོན་བྱེད་པ།།
མཐར་ཐུག་དེ་ནི་ཅི་དང་གང་ཡིན་ནམ།།
༨༢
ཐོག་མའི་སྐྱེ་བ་དབྱར་ཁའི་མེ་ཏོག་ལྟར།།
མཚར་སྡུག་ལང་ཚོའི་མཛེས་པ་ཀུན་ནས་གྲོལ།།
མཐའ་མའི་འཆི་བ་སྟོན་ཁའི་སྡོང་ལོ་ཡི།།
ལྷིང་ཞིང་འཇགས་པའི་མཛེས་པ་དེ་དང་འདྲ།།
༨༣
རང་ཉིད་མི་བཟང་བཅོ་བར་འདོད་པ་དེས།།
སྒོ་ཡི་ཕྱི་ནས་སྒོ་མོ་རྡུང་བར་བྱེད།།
གཞན་ལ་བརྩེ་བ་ལྡན་པའི་མི་དེ་ཡིས།།
མཐོང་ཙམ་ཉིད་ནས་སྒོ་མོ་ཕྱེས་ཏེ་ཡོད།།
༨༤
མི་རྟག་ཚེ་ཡི་འདུ་བྱེད་སྟོང་བའི་དུས།།
རྣམ་པ་མང་པོ་འདྲེས་ནས་གཅིག་ཏུ་གྱུར།།
འཇིག་རྟེན་དཀར་ངོགས་འདི་ན་འཚོ་བའི་དུས།།
གཅིག་དེ་སོ་སོར་གྱེས་ནས་ཐ་དད་གྱུར།།
སྐྱབས་མགོན་མི་མངོན་དབྱིངས་སུ་གཤེགས་པ་ན།།
ཆོས་ལུགས་ཐམས་ཅད་གྲུབ་མཐའ་གཅིག་ཏུ་གྱུར།།
༨༥
སྒྱུ་རྩལ་མཁན་ནི་རང་བྱུང་འཇིག་རྟེན་འདིའི།།
མཛའ་བོ་ཡིན་ལ་བྲན་གཡོག་དེ་ཡང་ཡིན།།
རང་བྱུང་ཁམས་ཀྱི་རི་ཆུ་ནགས་གསུམ་གྱི།།
བདག་པོ་དེ་ཡང་སྒྱུ་རྩལ་མཁན་ཉིད་དོོ།།
༨༦
ཀྱེ་ཀྱེ་འབྲས་བུ་ཁྱོད་ནི་བདག་ཉིད་དང་།།
ཕན་ཚུན་བར་ཐག་ཅི་ཙམ་རིང་བ་ལགས།།
ཀྱེ་ཀྱེ་མེ་ཏོག་བདག་ནི་ཁྱོད་ཉིད་ཀྱི།།
སེམས་ཀྱི་གསང་བའི་ཁང་བར་བཞུགས་པ་ལགས།།
༨༧
འདོད་འདུན་དེ་ནི་མུན་ཁྲོད་འབའ་ཞིག་ལས།།
ཉིན་མོར་མཐོང་ཐབས་བྲལ་བའི་མི་ལའོ།།
༨༨
ཆུ་ཟིལ་ཆུང་ཡང་ཁ་ཕོ་མི་ཆུང་སྟེ།།
མཚེའུར་ཐད་ཀར་ཅོ་འདྲི་བྱེད་པ་ནི།།
ཁྱེད་ནི་པད་འདབ་འོག་གི་ཟིལ་ཆེན་དང་།།
ང་ནི་སྟེང་གི་ཟིལ་བ་ཆུང་ངུའོ།།
༨༩
རལ་གྲི་ཤིན་ཏུ་རྣོ་ཞིང་དབལ་ལྡན་པས།།
རང་ཉིད་རྟུལ་བར་གྲི་ཤུབས་ཡིད་ཚིམ་འདུག།
༩༠ 
ཤིན་ཏུ་གནག་ཅིང་སྟུག་པའི་མུན་ཁྲོད་དུ།།
གཅིག་ནི་གཅིག་སྟེ་བསེ་རུའི་རྣམ་པར་གྲུབ།།
གསལ་ཞིང་འཚེར་བའི་འོད་ཀྱི་སྣང་བའི་ཁྲོད།།
གཅིག་དེ་གཟུགས་ཀྱི་རྣམ་པ་དུ་མར་མངོན།།
༩༡
སྟོབས་ལྡན་གླང་པོ་འཁུར་བའི་ས་ཆེན་འདིས།།
ཉམ་ཆུང་རྩྭ་ཕྲན་མང་པོ་རང་ཉིད་ཀྱི།།
གྲོགས་སུ་བཀུག་སྟེ་རྒྱང་རིང་མགྲོན་པོ་ལ།།
རང་ཉིད་ལྷག་ཏུ་བརྩེ་བའི་འཇོན་ཐང་ངོམ།།
༩༢
ལྗང་ལོའི་སྐྱེ་འཆི་འཁོར་བའི་རླུང་འཚུབ་སྟེ།།
དྲག་ཏུ་ཁྱུད་མོར་འཁོར་ཞིང་བར་སྣང་གི།།
བགྲང་ཡས་གཟའ་སྐར་འབར་བའི་གཞལ་ཡས་སུ།།
དལ་གྱིས་རྒྱུ་ཞིང་ཡུན་གྱིས་འཁོར་བར་བྱེད།།
༩༣
དབང་ཐང་ན་རེ་ཀྱེ་ཀྱེ་འཇིག་རྟེན་ལགས།།
ཁྱེད་ནི་བདག་ལ་དབང་བ་ཡིན་ནོ་སྨྲས།།
བརྩེ་དུང་ན་རེ་ཀྱེ་ཀྱེ་འཇིག་རྟེན་ལགས།།
བདག་ནི་ནམ་ཡང་ཁྱེད་ཀྱི་ཡིན་ནོ་སྨྲས།།
འཇིག་རྟེན་གྱིས་ནི་དབང་ཐང་དམ་ལ་བཏགས།།
གསེར་ཁྲིར་བཅིངས་ཏེ་ནམ་ཡང་འགུལ་མེད་བཟོས།།
བརྩེ་དུང་ཉིད་ལ་བརྩེ་བའི་རང་དབང་གནང་།།
༩༤
སྨུག་སྤྲིན་ལང་ལོང་རྣམ་པར་གཡོ་བ་འདི།།
ས་གཞིའི་འདོད་མོས་ཡིན་ཡང་སྨུག་སྤྲིན་གྱིས།།
ས་གཞིའི་ཡིད་ཀྱི་མེ་ཏོག་མ་རྙིང་བའི།།
མཚར་སྡུག་ཉི་འོད་ཀུན་ནས་སྒྲིབ་པར་བྱས།།
༩༥
རེ་ཞིག་གྲག་འགུལ་མེད་པར་དལ་ཅག་གེར།།
ལྷོད་ལ་བོབས་ཤིག་བདག་གི་སེམས་པ་ཀྱེ།།
གཡུ་ལོ་རྣམ་བཀྲའི་ལྗོན་ཤིང་འདི་དག་ཀྱང་།།
རྩེ་གཅིག་དད་པས་གསོལ་བ་འདེབས་མཁན་ལགས།།
༩༦
དུས་མཐའི་སྐད་ཅིག་ཙམ་གྱི་འུར་ཟིང་གིས།།
རྟག་བརྟན་རོལ་མོར་འཕྱ་ཞིང་སྨོད་པར་བྱེད།།
༩༧
དགའ་སྐྱོ་ཆགས་སྡང་དབང་དུ་གྱུར་བ་ཡི།།
འདས་པའི་དུས་ཀྱི་ལོ་ཟླ་མང་པོ་ཞིག།
ཡིད་ཀྱི་མེ་ལོང་ངོས་སུ་ཤར་བ་ན།།
སེམས་ཀྱི་རང་དབང་འཆི་བ་ཡིན་པ་རྟོགས།།
༩༨
བདག་གི་བླ་དང་སྲོག་གི་གདུང་བ་ནི།།
 བག་གསར་གདོང་གི་སེང་རས་དེ་ག་ཡིན།།
 སྲབ་འཇམ་སེང་རས་གང་དེ་བཤུ་བ་ལ།།
 ནམ་གུང་སྐར་མ་ཚང་རག་བར་དུ་བསྒུག།
 ༩༩
 མི་རྟག་འཆི་བས་གསེར་དངུལ་ལོངས་སྤྱོད་ལ།།
 བླ་ན་མེད་པའི་རིན་ཐང་མཆོག་ཏུ་བསྩལ།།
 འཚོ་ཞིང་བཞུགས་རྣམས་རང་གི་ཚེ་སྲོག་གིས།།
 རིན་བྲལ་ནོར་བུ་བླུ་བའི་སྐལ་བ་བྱུང་།།
 ༡༠༠
 སྤྲིན་དཀར་འདི་ནི་ཧ་ཅང་ཁེངས་སྐྱུང་གིས།།
 སྔོ་བསང་ནམ་མཁའི་མཐའ་རུ་རྒྱུ་བའི་དུས།།
 མཚར་སྡུག་འོད་སྟོང་འབར་བའི་སྐྱ་རེངས་ཀྱིས།།
 དམ་དུ་འཁྱུད་ཅིང་ཀུན་ནས་དམར་བར་བྱས།།
 ༡༠༡
 ས་རྡུལ་འདི་ནི་ཧ་ཅང་ཉམ་ཆུང་སྟེ།།
 རྒྱུན་ཏུ་གཞན་གྱིས་རྐང་བར་བརྫི་ན་ཡང་།།
 རང་གིས་བསྐྱངས་པའི་མཛེས་སྡུག་མེ་ཏོག་ཚོགས།།
 རྣམ་པར་གྲོལ་ནས་དྲིན་ལན་མཇལ་བར་བྱེད།།
 ༡༠༢
ཉིད་ནི་མེ་ཏོག་དག་གི་མཛེས་སྡུག་ལ།།
མ་ཆགས་འགྲུལ་བཞུད་རིང་མོའི་རྒྱུན་སྐྱོང་དང་།།
མེ་ཏོག་དག་ནི་ཉིད་ཀྱི་ཁོར་ཡུག་ཏུ།།
མཚར་སྡུག་འདབ་སྟོང་ཀུན་ནས་གྲོལ་བར་འགྱུར།།
 ༡༠༣
 རྩ་བ་འདི་ནི་ས་འོག་ཡལ་འདབ་སྟེ།།
 ཡལ་འདབ་འདི་ནི་དབྱིངས་ཀྱི་རྩེ་མོའོ།།
 ༡༠༤
 དཔྱིད་ཀྱི་དཔལ་མོས་རང་གི་སྒྲ་དབྱངས་ཀུན།།
 དལ་གྱིས་བསྡུས་ཤིང་ཧ་ཅང་ལྷིང་འཇགས་ངང་།།
 གཤོག་རྩལ་ངོམ་བཞིན་སྟོན་གྱི་དུས་ཚིགས་ཁྲོད།།
 རང་གི་སྔར་མལ་གནས་ཚང་འཚོལ་ཞིང་རྒྱུ།།
 ༡༠༥
 ཁྱོད་ཀྱིས་རང་གི་ས་ནས་རང་ཉིད་ཀྱི།།
 གཟེངས་རྟགས་བླངས་ཏེ་གྲོགས་ལ་མ་གཡོར་ཅིག།
 དེ་ནི་ཁོ་ལ་བརྙས་བཅོས་ཚད་མེད་ཀྱི།།
 ར་རིའི་གྲིབ་ནག་གདོང་ལ་བྱུགས་པ་ཡིན།།
 ༡༠༦
 འདས་དོན་དྲན་པའི་ཚོར་བ་དེ་དག་གིས།།
 བདག་གི་སེམས་པའི་རི་ལུང་དལ་གྱིས་བསྒུལ།།
 སྔོ་དྲེག་ཆགས་པའི་ལྗན་ལྗིན་ཆུ་བལ་གྱི།།
 འབྱར་བག་སྡོང་རྒས་སྟེང་ལ་འབྱར་བ་བཞིན།།
 ༡༠༧
 བྲག་ཅས་རང་གི་གདོད་མའི་སྐད་སྒྲ་ལ།།
 འཕྱ་ཞིང་སྨོད་པའི་ལས་དག་རྩོམ་དོན་ཡང་།།
 དེ་ནི་རང་གི་སྐད་སྒྲ་དངོས་མིན་པའི།།
 བདེན་པའི་བཞིན་རས་གསལ་བའི་ཆེད་དུ་ཡིན།།
 ༡༠༨
 སྟོབས་དང་འབྱོར་བས་སྙེམས་པ་དག་གིས་ནི།།
 རང་ལ་ལྷ་ཡིས་དངོས་གྲུབ་བསྩལ་ལོ་ཞེས།།
 ངོ་སོའི་གཏམ་གྱི་ཆེ་བ་བརྗོད་པའི་དུས།།
 ལྷ་ཆེན་ངོ་ཚས་བཞིན་རས་དུད་པར་གྱུར།།
 ༡༠༩
 ངས་ནི་རང་གི་གྲིབ་མ་རང་ཉིད་ཀྱི།།
 བཤུལ་ལམ་རིང་པོར་དཔར་ཏེ་ཡོང་བ་ནི།།
 ང་ལ་གཞན་གྱིས་བློ་དོགས་མ་སྐྱེས་པའི།།
 སྣང་གསལ་འོད་ཀྱི་སྒྲོན་མེ་ཡོད་པས་ཡིན།།
 ༡༡༠
 མི་རྣམས་འདུ་འཛི་ཆེ་བའི་ཁྲོམ་ཚོགས་སུ།།
 འདུས་ནས་ཕན་ཚུན་འཚང་རྒྱག་བྱེད་དོན་ཡང་།།
 རང་གི་ཁེར་རྐྱང་འཚོ་བའི་ཁུ་སིམ་དེ།།
 ཀུན་ནས་སྦ་ཞིང་གསང་བའི་ཆེད་དུའོ།།
 ༡༡༡
 ལས་ཀྱི་རྒུད་པའི་མཐའ་ནི་འཆི་བ་དང་།།
 ཕུན་ཚོགས་དགེ་བའི་མཐའ་ནི་སངས་རྒྱས་སོ།།
 ༡༡༢
 རྟ་མཆོག་བདུན་གྱིས་འདྲུད་པའི་ཤིང་རྟ་འདིས།།
 ནམ་རྒྱུན་འོད་ཀྱི་ལྭ་བ་འབའ་ཞིག་མནབས།།
 ཆུ་འཛིན་དཀར་པོས་སྒེག་པའི་ཉམས་དང་བཅས།།
 དེ་ལ་མཚར་སྡུག་ལྡན་པའི་སྨད་གཡོགས་སྤྲས།།
 ༡༡༣
 ཕན་ཚུན་མཇིང་བ་བསྣོལ་བའི་རི་རྩེའི་ཚོགས།།
 བྱིས་པ་སྐོར་ཞིག་འཚོགས་ནས་འུར་ཟིང་ངེར།།
 ལག་པ་མང་པོ་མཐོན་པོར་ཡར་བསྲིངས་ཏེ།།
 གནམ་གྱི་སྐར་མ་ལེན་འདོད་དེ་དང་འདྲ།།
 ༡༡༤
 མི་ཚོགས་འཚང་ཁ་ཅི་ལྟར་ཆེ་ན་ཡང་།།
 ལམ་བུ་འདི་ནི་ཧ་ཅང་ཁེར་རྐྱང་སྟེ།།
 ནམ་ཡང་ལྷིང་འཇགས་གོས་སུ་གྱོན་པ་ལས།།
 བརྩེ་བའི་དངོས་པོ་ཐོབ་པའི་སྐལ་བ་ཕྲ།།
 ༡༡༥
 དབང་ཆས་རང་གི་ཆེ་བ་བརྗོད་པའི་དུས།།
 ནམ་མཁར་ལང་ལོང་རྒྱུ་བའི་སྤྲིན་པ་དང་།།
 ས་རུ་འཐོར་བའི་སྟོན་ཁའི་སྡོང་ལོ་སོགས།།
 ཤིན་ཏུ་ཁྲེལ་ཞིང་ཁོང་དགོད་གཏིང་ནས་ཤོར།།
 ༡༡༦
 ས་ཆེན་འདི་ཡིས་དེ་རིང་ཉི་འོད་ཀློང་།།
 ང་ལ་ཤུབ་བུར་ཅི་ཞིག་ལབ་པ་འདི།།
 ཐགས་ཁྲིའི་གམ་གྱི་བུ་མོས་བརྗེད་ཟིན་པའི།།
 གཏམ་ཞིག་གནའ་བོའི་དབྱངས་རྟར་དྲངས་དང་མཚུངས།།
 ༡༢༧
 རྩྭ་ལྗང་འདིས་ནི་རང་ཉིད་རླབས་ཆེན་གྱི།།
འཇིག་རྟེན་འདི་རུ་སྐྱེས་པར་ངོམ་སོ་བྱེད།།
༡༡༨
རྨི་ལམ་འདི་ནི་ངེས་པར་གླེང་མོལ་གྱི།།
དགོས་མཁོ་ཡོད་པའི་ཆུང་མ་དེ་ག་ཡིན།།
གཏུ་མུག་གཉིད་ནི་རེ་ཞིག་འཇམ་ཅག་གེར།།
བཟོད་བསྲན་བྱེད་པའི་ཁྱོ་བོ་དེ་རང་ཡིན།།
༡༡༩
མཚན་མོས་འདས་པའི་ཉིན་མོར་འོ་སྦྱོར་བཞིན།།
ང་རང་འདས་རྗེས་ཁྱོད་ཀྱི་ཡུམ་ཆེན་དེས།།
ཁྱོད་ལ་ཚེ་སྲོག་གསར་བ་སྩོལ་ཏོ་ཞེས།།
རྣ་བར་ཤུབ་ཤུབ་འབའ་ཞིག་བཟླ་བར་བྱེད།།
 ༡༢༠
 ཀྱེ་ཀྱེ་མུན་པ་བདག་གིས་སྐུ་ཉིད་ཀྱི།།
མཛེས་པ་མྱངས་ཤིང་ཉིད་ཀྱི་མཛེས་པ་དེ།།
སྙིང་སྡུག་སྒེག་མོས་སྒྲོན་མེ་གཟིམས་རྗེས་ཀྱི།།
སྐད་ཅིག་མ་དེའི་མཛེས་པ་དེ་དང་འདྲ།།
༡༢༡
ངས་ནི་ལོ་ཟླར་འགྲོགས་ནས་བཞུད་ཟིན་པའི།།
འཇིག་རྟེན་འདི་ཡི་ཕུན་སུམ་ཚོགས་པ་གང་།།
གང་དུ་གནས་ཀྱང་ཐབས་ཤེས་ཟུང་འབྲེལ་གྱིས།།
ཕྱི་ཕྱིར་རང་གི་འཇིག་རྟེན་འདི་རུ་དྲངས།།
༡༢༢
ཀྱེ་ཀྱེ་གྲོགས་པོ་བདག་གིས་མཚོ་འགྲམ་ནས།།
རླབས་ཀྱི་རང་སྒྲར་ཉན་ཐེངས་རེ་རེ་བཞིན།།
ས་སྲོས་དུ་མར་ཉིད་ཀྱི་རླབས་ཆེན་གྱི།།
བསམ་བློའི་ལྷིང་འཇགས་ངང་གིས་ཚོར་བར་འགྱུར།།
༡༢༣
ཉ་མོ་དགུང་སྔོན་མཐོན་པོར་འདེགས་པ་དེ།།
བྱ་རིགས་རྣམས་ཀྱིས་དགེ་བའི་ལས་སུ་འདོད།།
༡༢༤
ཁྱོད་ཀྱིས་ཟླ་འོད་ཀློང་ནས་རང་ཉིད་ཀྱི།།
བརྩེ་བའི་འཕྲིན་ཆུང་བདག་ལ་སྐུར་ཤོག་དང་།།
ངས་ནི་མིག་ཆུར་འདྲེས་པའི་འཕྲིན་ལན་དེ།།
སྔོ་ལྗང་རྩྭ་ཐང་ཆེན་པོར་བཞག་ཡོད་ཅེས།།
མཚན་མོས་ཉི་མ་སེར་པོར་དེ་ལྟར་བརྗོད།།
༡༢༥
སྐྱེས་ཆེན་དག་ནི་སོ་སྐྱེས་འཕགས་པ་དེ།།
ལས་ཀྱིས་གནང་བའི་ལྷ་ཡི་སྲས་པོ་ལགས།།
གཤེགས་པའི་དུས་ཀྱང་རང་གི་བྱིས་དུས་ཀྱི།།
དུས་རབས་འཇིག་རྟེན་འདི་ལ་བཞག་ནས་འགྲོ།།
༡༢༦
གཙང་པོའི་ཀློང་གི་ཆུ་རྡོ་འཇམ་པོ་དེ།།
ལྷོད་ཀྱིས་བཞུར་བའི་གཙང་པོའི་མཉེས་གཤིན་གྱིས།།
མཛེས་ཤིང་འཇམ་པོར་བཟོས་པ་དེ་མ་གཏོགས།།
སྲ་མཁྲེགས་ལྕགས་ལ་བརྡར་ནས་བྱུང་བ་མིན།།
༡༢༧
སྦྲང་མས་སྦྲང་རྩི་བླངས་རྗེས་མེ་ཏོག་ལ།།
འགྲོ་ཁར་ཡང་ཡང་ཐུགས་རྗེ་ཞུས་ནས་འགྲོ།།
ཕྱེ་ལེབ་དག་ནི་ང་རྒྱལ་རང་སྣང་གིས།།
མེ་ཏོག་ཡོང་ནས་བཀའ་དྲིན་འབུལ་བར་སྒུག།
༡༢༨
གལ་ཏེ་ཁྱོད་ཀྱིས་ཡོད་ཚད་བདེན་དོན་གྱི།།
གནས་ལུགས་ཟབ་མོ་འཆད་པར་མི་སྒུག་ན།།
བདེན་པའི་གཏམ་ཙམ་སྨྲ་བ་དེ་ཁོ་ནར།།
དེ་འདྲའི་དཀའ་ལས་ཆེ་བ་མ་མཐོང་ངོ་།།
༡༢༩
“སྲིད”ཀྱིས“མི་སྲིད”པ་ལ་གཏམ་འདྲི་དོན།།
“ཁྱེད་ཀྱི་བཞུགས་སྒར་ས་གནས་གང་ཡིན་ལགས”
“སྲིད”ཀྱིས་ལན་དུ་“ང་ནི་ནུས་མེད་ཚོའི་།།
སྐྱིད་པོའི་རྨི་ལམ་ནང་ན་ཡོད”ཅེས་སྨྲས།།
༡༣༠
གལ་ཏེ་ཁྱོད་ཀྱིས་ཕལ་བའི་གཏམ་གླེང་དག།
ཉན་པར་མི་འདོད་གཏན་དུ་བཀག་པ་ན།།
བདེན་ལུགས་དག་ཀྱང་དེ་བཞིན་སྒོ་ཆེན་འདིའི།།
ཕྱི་རུ་རྒྱང་ཕུད་བཏང་བ་ཁོ་ན་འོ།།
༡༣༡
ང་རང་ནམ་རྒྱུན་གདུང་བས་མནར་སྐབས་སུ།།
སེམས་ཀྱི་སྡུག་བསྔལ་མཐའ་དག་ཚོར་ན་ཡང་།།
སྡུག་བསྔལ་དེ་རང་བསྐྱེད་པའི་རྒྱུ་དང་རྐྱེན།།
ཆུ་བུར་མིག་གིས་བཙལ་ཀྱང་མཐོང་མ་གྱུར།།
༡༣༢
བགས་ཕེབས་སྐབས་ཀྱི་འགུལ་སྐྱོད་དེ་ནི་བྱ་བ་དང་།།
ལྷིང་འཇགས་དུས་སུ་རྒྱ་མཚོ་སྐྱོམ་པ་རླབས་ཕྲེང་ངོ་།།
༡༣༣
ལྗང་ལོས་བརྩེ་བ་བསྐྱངས་པས་མེ་ཏོག་བཞད།།
མེ་ཏོག་དད་པས་ཕྱུག་པས་འབྲས་བུ་སྨིན།།
༡༣༤
ལྗོན་པའི་རྩ་བ་འདི་ཡིས་ཡལ་འདབ་ལ།།
འབྲས་བུ་སྨིན་པར་བརྩེ་བས་བསྐྱངས་ན་ཡང་།།
དྲིན་ལ་དྲིན་དུ་མི་ཤེས་དྲིན་ལན་ཀྱང་།།
མཇལ་བའི་བློ་དེ་ནམ་མཁའི་པདྨོ་བཞིན།།
༡༣༥
ཆར་བ་ཤག་ཤག་འབབ་པའི་ས་སྲོད་དུ།།
འཐོར་རླུང་ངེས་མེད་ལྡང་ཞིང་ལྷིང་འཇགས་དབེན།།
བདག་གིས་ལྕུག་ཕྲན་ཕན་ཚུན་གཡོ་བའི་ཚུལ།།
མཐོང་བས་སྐྱེ་དངོས་མང་པོའི་ཆགས་འཇིག་དྲན།།
༡༣༦
དོ་ནུབ་ཆར་རླུང་འདི་ནི་སྟོབས་ཆེན་གྱི།།
བྱིས་པ་སུ་ཞིག་དུས་མིན་མཚན་སྨག་ཁྲོད།།
གཉིད་ལས་སད་དེ་རྩེད་འཇོ་སྣ་ཚོགས་དང་།།
ཀུ་ཅོ་བཏོན་ཏེ་འུར་ཟིང་བཟོས་དང་མཚུངས།།
༡༣༧
ཀྱེ་ཀྱེ་རྒྱ་མཚོ་ཁྱེད་ཀྱིས་དྲག་ཆར་གྱི།།
མཛའ་མོའི་རྗེས་སུ་རང་གི་བརྩེ་བ་དེའི།།
རྦ་རླབས་གཡོས་ཏེ་ཇི་ལྟར་བརྒྱུག་ན་ཡང་།།
དེ་ནི་དོན་མེད་ཙམ་དུ་མ་ཟད་དམ།།
༡༣༨
བདག་ནི་ཚུལ་འཆོས་འདི་ལ་ངོ་གནོང་ཞེས།།
ཤོག་དཀར་ངོས་ཀྱི་ཡི་གེས་སྨྲས་པ་ན།།
ཁྱོད་རང་མཐོང་བས་བདག་ནི་དབུལ་གྱུར་ཚུལ།།
སྔར་ལས་རྟོགས་ཞེས་བྱ་བས་ཀུན་ལ་བསྒྲགས།།
༡༣༩
སྐད་ཅིག་མི་སྡོད་འགྲོ་བའི་དུས་ཚོད་འདི།།
འགྱུར་བ་མང་ལ་སྐྱེན་པའི་རྒྱུ་འབྱོར་ཡིན།།
ཆུ་ཚོད་འཁོར་ལོས་འགྱུར་ལྡོག་ཙམ་མ་གཏོགས།།
ལོངས་སྤྱོད་འབྱོར་བའི་ཕྱོགས་ནས་ཅི་ཡང་དབེན།།
༡༤༠
ཆོས་ཉིད་བདེན་པས་གོས་ཆེན་མནབས་པ་དང་།།
ཅུང་ཙམ་གཅུན་པའི་སྣང་བ་འཆར་ན་ཡང་།།
འཆར་ཡན་ཁྲོད་དུ་རང་གི་འགུལ་སྐྱོད་ནི།།
རང་དབང་ལྡན་ལ་ཤིན་ཏུ་སྐྱིད་པར་བསམ།།
༡༤༡
སྔོན་ཆད་གང་སར་འགྲུལ་བཞུད་བྱེད་པའི་སྐབས།།
ང་རང་ལམ་བུ་ཁྱོད་ལ་སུན་པ་བྱུང་།།
ད་ནི་ཁྱོད་ཀྱིས་གང་སར་ཁྲིད་པ་ཡིས།།
ང་རང་ཁྱོད་ལ་དགའ་ཞིང་བརྩེ་བར་གྱུར།།
༡༤༢
སྐར་ཚོགས་རྣམ་པར་བཀྲ་བའི་ཀློང་ཡངས་ནས།།
སྐར་མ་ཞིག་གིས་བདག་གི་ཚེ་སྲོག་གི།
སྔུན་ནས་ཁྲིད་དེ་མུན་པའི་ལྐོག་གྱུར་གྱི།།
འཇིག་རྟེན་འདི་ལས་རིང་དུ་བརྒལ་ན་བསམ།།
༡༤༣
ལྷ་ལྕམ་ཁྱེད་ཀྱི་འཇམ་མཉེན་ཕྱག་སོར་གྱིས།།
བདག་གི་ཉེར་སྤྱད་དག་ལ་རེག་ཙམ་ནས།།
ཚོར་སྣང་སར་བའི་རྩེ་དགའ་རྒྱས་པ་དང་།།
ལྷན་ཅིག་གོ་རིམ་ཡོད་པའི་སྒྲ་དབྱངས་བྱུང་།།
༡༤༤
སྐྱོ་ཞིང་གདུང་བའི་སྐད་སྒྲ་དེ་དག་ནི།།
ནམ་ཡང་འདས་པའི་ལོ་ཟླ་དེ་ལ་གཏོགས།།
ཡིན་ཡང་ཤིན་ཏུ་གནག་པའི་མུན་ཁྲོད་དུ།།
ང་རང་ཁྱེད་ལ་དགའ་ཞེས་བརྩེ་གླུ་ལེན།།
༡༤༥
དྲག་ཏུ་འབར་ཞིང་མཆེད་པའི་མེ་ལྕེ་དེས།།
ང་ཡི་ཉེ་སར་བཅར་ནས་མ་ཡོང་གསུངས།།
ང་རང་འཚིག་ནས་ཐལ་བར་གྱུར་ན་ཡང་།།
དེ་ལས་སྐྱོབ་པའི་དཔུང་གཉེན་མཛོད་ཅིག་ཀྱེ།།
༡༤༦
ཕྱི་རུ་ང་ལ་ཁྲ་ཆིལ་དགུ་ཆིལ་གྱི།།
སྐར་ཚོགས་ནམ་མཁའ་གང་གིས་བལྟས་ནས་ཡོད།།
འོན་ཀྱང་ང་ཡིས་རང་གི་གཞིས་ཁྱིམ་གྱི།།
མར་མེ་དེ་ཡི་འོད་སྣང་མཐོང་མ་བྱུང་།།
༡༤༧
ཤིན་ཏུ་ཉམ་ངར་གྱུར་བའི་ཐ་སྙད་ཀྱི།།
རྡུལ་དག་འཚུབ་ནས་ཁྱེད་རང་བསྒྲིབ་གྱུར་ཀྱང་།།
ཉིད་ཀྱིས་ཁ་ཁུ་སིམ་ཞིང་ལྷིང་འཇགས་ངང་།།
རང་གི་རྣམ་ཤེས་གཙང་མར་འཁྲུད་པར་རིགས།།
༡༤༨
ཚེ་སྲོག་ཁྲོད་དུ་གས་སྲུབས་མང་པོ་ཤོར།།
དེ་ལས་འཆི་བའི་སྐྱོ་གདུང་དབྱངས་སུ་མཆེད།།
༡༤༩
འཇིག་རྟེན་འདི་ཡིས་ནམ་ལངས་ཡོས་བུའི་དུས།།
བྲང་ཁོག་ཕྱེས་ནས་འོད་ཀྱི་སྙིང་ཆུང་བསྟན།།
ཕྱི་རུ་ཐོན་ཤོག་བདག་གི་སེམས་པ་ཀྱེ།།
ཁྱེད་ཀྱི་བརྩེ་བ་བསྣམས་ནས་མཇལ་བར་འགྲོ།
༡༥༠
བདག་གི་སེམས་ནི་འོད་དུ་འཚེར་བ་ཡི།།
ལྗང་ལོའི་གསེབ་དུ་ལྷག་པར་འོད་དུ་འཚེར།།
བདག་གི་སེམས་པར་དྲོད་འཇམ་ཉི་འོད་ཀྱིས།།
བྱིལ་བྱིལ་གནང་རྗེས་སྙན་པའི་གླུ་དབྱངས་ལེན།།
        
བདག་གི་ཚེ་སྲོག་འདི་དང་ལྷན་ཅིག་ཏུ།།
འདུས་བྱས་ཐམས་ཅད་ནམ་མཁའ་སྔོན་པོར་ཐིམ།།
དུས་ཀྱི་འཁོར་ལོ་འཁོར་བའི་མུན་ཁྲོད་དུ།།
དགའ་ཞིང་སྤྲོ་བས་ཀུན་ནས་མྱོས་པར་གྱུར།།
༡༥༡
སྐྱབས་མཆོག་དེ་ཡི་ཐུགས་རྗེའི་བྱིན་སྣང་ནི།།
བསིལ་ཞིང་འཇམ་པའི་རླུང་བུའི་ཁྲོད་དུ་ལས།།
དྲག་ཏུ་ལྡང་ཞིང་རྩུབས་སྤྱོད་ཆེ་བ་ཡི།།
ཁ་ཆར་རླུང་འཚུབ་ཁྲོད་དུ་ཡོད་པ་མིན།།
༡༥༢
རྨི་ལམ་ཁྲོད་དུ་འདུས་བྱས་དངོས་པོ་དག།
གང་སར་རུབ་ནས་ཡོང་སྟེ་ང་རང་མནན།།
ཡིན་ཡང་འདི་ནི་འཁྲུལ་སྣང་ཙམ་ཞིག་སྟེ།།
རྨི་ལམ་རྨི་ལམ་ཉིད་ལས་མ་འདས་སོ།།
 
ཡིན་ཡང་ང་རང་གཉིད་ལས་སད་པའི་དུས།།
དེ་དག་ཐམས་ཅད་ཁྱེད་ཀྱི་ཕྱི་ནང་དུ།།
ཀུན་ནས་རུབ་ཅིང་འདུས་པ་ཚོར་བའི་རྗེས།།
ང་ལ་གཞི་ནས་རང་དབང་ཐོབ་པར་གྱུར།།
༡༤༣
སུ་ཞིག་བདག་གི་རྒྱུད་འཛིན་ཡིན་ནོ་ཞེས།།
ནུབ་ཁའི་ཉི་མས་དེ་ལྟར་དྲིས་པ་ན།།
མགོན་ལགས་བདག་གིས་འབད་པས་བསྒྲུབ་བོ་ཞེས།།
མར་མེ་དེ་ལྟར་ལན་དུ་ལྡོན་པར་བྱེད།།
༡༥༤
མེ་ཏོག་འདབ་མ་བཏོག་ནས་རྒྱན་སྤྲས་ཀྱང་།།
མེ་ཏོག་དེ་ཡི་མཛེས་སྡུག་འཐོབ་མི་འགྱུར།།
༡༥༥
གང་དུ་འོད་དང་སྒྲ་ཡིས་མ་དམིགས་པའི།།
ལྷིང་འཇགས་འདི་ནི་སྦས་པའི་སྐད་སྒྲ་དེ།།
བྱ་ཚང་དག་གིས་གཉིད་དུ་ཡུར་བ་ཡི།།
འདབ་ཆགས་དེ་དག་རུམ་པ་ཉིད་དང་མཚུངས།།
༡༥༦
ཆེན་པོ་དག་ནི་ཆུང་བར་འགྲོགས་ན་ཡང་།།
ཕལ་བ་དག་ནི་རིང་དུ་བཀྱེད་ནས་འགྲོ།
༡༥༧
མཚན་ཞག་རིང་མོས་ཧ་ཅང་གསང་བའི་ངང་།།
མེ་ཏོག་སར་བའི་ཞལ་འཛུམ་ཕྱེས་ན་ཡང་།།
ཉིན་མོ་ཡོང་ནས་དྲིན་གྱི་གཏང་རག་ཏུ།།
བསྟོད་པའི་སྙན་ཚིག་མང་པོ་བདག་གིར་བཞེས།།
༡༥༨
དབང་ཐང་གིས་ནི་རང་གི་བསམ་ཚོད་ལ།།
རང་གི་ལུས་དང་སྲོག་ཀྱང་བློས་བཏང་ནས།།
མྱ་ངན་ཁུར་གྱིས་ནོན་པའི་སྡུག་བསྔལ་དག།
རང་ལ་དྲིན་ལན་ལོག་མཇལ་བྱས་པར་འདོད།།
༡༥༩
དང་ཐོག་ང་ཚོས་རང་གི་ཕུན་ཚོགས་ལ།།
ཡིད་རབ་ཚིམ་ནས་སྤྲོ་བ་བསྐྱེད་པའི་དུས།།
དགའ་སྐྱིད་དགོད་སྒྲ་འབར་བའི་སྒྲ་དབྱངས་ཁྲོད།།
ཐོབ་པའི་འབྲས་བུ་དག་དང་བྲལ་བར་འགྱུར།།
༡༦༠
ཆར་བས་ས་གཞི་ཆེན་པོར་འོ་སྦྱོར་གྱིས།།
བདག་ཅག་ཁྱེད་ཀྱི་རེ་བའི་ཁྱེའུ་སྟེ།།
ད་ནི་ནམ་མཁའ་མཐོན་པོའི་དབྱིངས་རུམ་ནས།།
ཉིད་ཀྱི་གཞིས་ཁྱིམ་དྲོན་མོར་འབྱོར་རོ་ཞེས།།
ཧ་ཅང་གཅོམ་ཆུང་ངག་གིས་སྨྲ་བར་བྱེད།།
༡༦༡
སྡོམ་གྱི་དྲྭ་རྒྱས་ཟིལ་ཐིགས་འཛིན་པའི་ཚུལ།།
མཛད་ཀྱང་དོན་གྱིས་སྦྲང་བུ་དག་བཟུང་ངོ་།།
༡༦༢
ཀྱེ་ཀྱེ་བརྩེ་དུང་ཁྱེད་ཀྱིས་ཕྱག་ཟུང་དུ།།
སྐྱོ་བའི་སྒྲོན་མེ་ཐོགས་ཏེ་སླེབས་ཙ་ན།།
བདག་གིས་ཁྱེད་ཀྱི་ཞལ་རས་མཐོང་བ་དང་།།
ད་དུང་ཁྱེད་ལ་བདེ་སྐྱིད་ལྡན་པ་རྟོགས།།
༡༦༣
མཁས་པའི་ལེགས་བཤད་གསུང་ལ་མ་ཉན་ན།།
ནམ་ཞིག་ཁྱོད་ཀྱི་འོད་སྣང་ཡལ་འགྱུར་ཞེས།།
སྲིན་བུ་མེ་ཁྱེར་གཏམ་གྱི་ཆེ་བ་ལ།།
ནམ་མཁའི་སྐར་མས་ལན་དུ་མ་སྨྲས་སོ།།
༡༦༤
ཉི་ཟེར་འོད་ཀྱི་ཁུ་བས་བྲན་པ་ཡི།།
ས་སྲོད་དུས་ཀྱི་འཛུམ་འོད་གསལ་བའི་ཁྲོད།།
ཞོགས་པའི་འདབ་ཆགས་ཁྱུ་ཞིག་འཕུར་ཡོང་ནས།།
བདག་གི་ལྷིང་འཇགས་འཁྱིལ་བའི་ཚང་ལ་བབས།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།