འཕྲིན་ཡིག་ནོར་བུའི་གཏེར་ཆེན།(ཞར་བཀོད་བཞི)

9869


                          རྩོམ་པ་པོ། འབར་བློ་དཀར།


              འཕྲིན་ཡིག་ནོར་བུའི་གཏེར་ཆེན།



               
            གྲོགས་ཁྱེད་རང་ད་བར་དབེན་གནས་སུ།།
            ཆོས་གདོན་མའི་མགོན་པོ་རྒྱལ་བ་ཁོང་།།
            ཞལ་མཇལ་ཙམ་གདམས་ངག་ཐོས་ཙམ་གྱིས།།
            དོན་ཉམས་ལེན་བྲག་རིའི་སྤྱིལ་ཤག་ཏུ།།
            ཐུགས་སྤྲོ་བ་འཕེལ་བཞིན་ཨེ་བཞུགས་ལགས།།
           
            གྲོགས་ཁྱེད་ཀྱི་གཟིམས་ཆུང་སྒོ་སྲུབ་ནས།།
            རླུང་སིལ་བུ་དལ་གྱིས་ལྡང་བ་ན།།
            སྐུ་མདངས་ལྡན་ཕྱག་གི་ཡལ་ག་ནས།།
            རྐྱེན་བར་ཆད་གློག་གི་གར་རྩེན་ཏེ།།
            ནད་འབྱུང་བཞིས་འཁྲུག་པ་ཨེ་བྱུང་ལགས།།
 
            གྲོགས་ཁྱེད་ཀྱི་སྒེའུ་ཁུང་ཕྱི་རོལ་ནས།།
            ཡུལ་མི་རྟག་སྒྱུ་མའི་ཆོ་འཕྲུལ་ལས།།
            འཇའ་ད་ཤར་ཡང་ན་ད་ནུབ་ཅིང་།།
            སྟོན་ལོ་མས་སེར་ཐིག་ཁུར་ཙ་ན།།
            ཚེ་མི་རྟག་དྲན་ནས་ཨེ་སྐྱོ་ལགས།།
            
            གྲོགས་ཁྱེད་ཀྱི་ཉམས་ལེན་གངས་རི་ལ།།
            འོད་སྤུངས་སེ་ཐབས་ཤེས་གཉིས་ཕོག་ནས།།
            ནང་སེམས་ཉིད་དག་པའི་ངོ་བོ་ཡི།།
            གཞི་རང་བྱུང་སྐྱེ་མེད་དགའ་མ་ལ།།
            ངོ་འཕྲོད་ཙམ་བྱུང་ནས་ཨེ་གདའ་ལགས།།
            
            གྲོགས་ཁྱེད་ཀྱི་རང་ལུས་དཀྱིལ་འཁོར་ནས།།
            འཇའ་འོད་ཆེན་ཁུག་པ་བཅོ་བརྒྱད་ཙམ།།
            རྒྱང་སེང་ངེ་སྟོང་པའི་དབྱིངས་འཕགས་ཏེ།།
            ལྷ་འབུམ་ཕྲག་དགྱེས་པའི་གླུ་བླངས་ཤིང་།།
            བྲོ་བདེ་སྟོང་འཁྲབ་པ་ཨེ་གཟིགས་སམ།།
            
            སྐབས་ལན་རེར་གྲོགས་ཁྱེད་རང་སྣང་ལ།།
            རྒྱུད་མ་དག་སྐྱེ་བོ་ཨེ་མཐོང་ངམ།།
            ཡུལ་མཐའ་མེད་འཁོར་བའི་རི་གྲོང་གི།།
            བློ་ཆགས་སྡང་མེ་ཏོག་ཨེ་ཐུས་སམ།།
            དོན་དེ་འདྲ་བྱུང་ཚེ་ཅི་མཛད་ལགས།།
            
            དཔེ་དེ་བཞིན་དྲན་འཛིན་ཤེལ་སྒོང་ལས།།
            སྐྱིད་སྙིང་གྲོགས་བརྩེ་བའི་རོ་འཛིན་མའི།།
            ལུས་འཇམ་མཉེན་པདྨའི་རེག་བྱ་ལ།།
            སེམས་སྦྲང་ཆུང་འཁོར་བ་ཨེ་འདུག་གམ།།
            དོན་དེ་འདྲ་བྱུང་ཚེ་ཅི་མཛད་ལགས།།
           
           གྲོགས་ཁྱེད་ཀྱི་ཐུགས་གཤིས་སྤྲིན་དཀར་བཞིན།།
           དཀར་ལམ་མེ་ལང་ལོང་འཁྲིགས་པ་དང་།།
           ཞལ་འཛུམ་བག་དང་བཅས་བཞད་པ་སོགས།།
           དུས་ད་ལྟ་ཡིད་ཡུལ་ལྷུང་བའི་དུས།།
           གྲོགས་དྲན་པའི་སྐྱོ་ཤེས་སླར་ཡང་ལྡིང་།།
           
           དེ་ཡིན་ཡང་ཆོས་རྒྱད་འཁོར་ལོ་ལ།།
           བློ་ངེས་འབྱུང་གཏིང་ནས་སྐྱེ་བ་དང་།།
           ཡིད་དག་སྣང་ལྷ་སྐུའི་རང་ཞལ་ལ།།
           ཐུགས་གཅིག་འདྲིས་ངང་ཚུལ་དྲན་པ་ན།།
           བདག་ཁོང་ནས་དགའ་བ་ལན་གཅིག་མིན།།

ཆོས་ཀྱི་གྲོགས་པོ་ཞིག་གིས་དབེན་གནས་འགྲིམས་ཏེ་ཡུན་རིང་འདས་པ་ཐོས་རྗེས་ཐོལ་བྱུང་དུ་2019  9  21ལ་སྦྱར་རོ།།



      དེ་མཐོང་བའི་མོད་ལ་བླ་མ་དྲན།



  བྲག་ཐོག་མེད་དགུང་ལ་བསྙེགས་པ་ཡི།།
གནས་ཐེམ་པ་ཆུང་ངུའི་ཚང་མལ་ནས།།
རྩལ་གཤོག་ལྡན་རྒོད་པོ་མཁའ་ལ་ལྡིང་།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
གསུང་བཀའ་བསྟན་བརྩེགས་པའི་གླེགས་བམ་ལ།།
བློ་ཤེས་རབ་འཇུག་པའི་ངང་ཚུལ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།

རི་ལྷུན་ཆགས་གངས་ཀྱི་རྩེ་མོ་ལ།།
མདངས་དམར་སེར་ཉི་མའི་དབུ་ཞྭ་མནབས།།
འདབས་སྨུག་སྤྲིན་ཚོམ་ཞིག་ལང་ལིང་གཡོ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
སྐུ་ངོ་མཚར་བཞུགས་ཁྲིར་འཁོད་པ་དང་།།
འཁོར་སློབ་ཚོགས་གྲངས་མེད་བསྐོར་བ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།

དགོན་འདུ་ཁང་གསེར་གྱི་རྒྱ་ཕིབས་ལས།།
འཇའ་སྣ་ལྔའི་དར་ཐག་ལྷོ་ལ་བརྐྱངས།།
ཆོས་བྱིན་རླབས་མེ་ཏོག་གང་སར་འཐོར།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
ཐུགས་སྙིང་རྗེའི་གཟིགས་པ་ལྔ་ལྡན་གྱིས།།
ལས་སྐལ་ལྡན་བསྐྱངས་བའི་སྐུ་དྲིན་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།

དབེན་རི་སུལ་མི་མེད་ནགས་ཀླུང་ནས།།
ཤྭ་རི་དྭགས་ཕོ་མོ་རྩྭ་ཆུར་རོལ།།
བྱ་འདབས་ཆགས་ཚོགས་ཤིག་གནས་དེར་གྲགས།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
ཡུལ་འཁོར་བའི་འཇིག་རྟེན་བྱ་གཞག་ལ།།
ཞེ་འཁྲི་བ་གདེང་ནས་བཅད་པ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲན།།

རྡོ་རྩིག་པ་རང་བྱུང་གདན་ཁྲི་ལས།།
ལྷ་དགྱེས་པའི་བསང་དུད་དགུང་ལ་འཁྲིགས།།
ཉམས་བརྟགས་པས་མི་མངོན་དབྱིངས་སུ་ཡལ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
དོན་ཉམས་ལེན་གནད་ཀྱི་གཏིང་ཟིན་ནས།།
བུ་རིག་པ་རང་སར་གྲོལ་བ་དེ།།
དྲན་བསམ་པ་མེད་ཀྱང་ཡང་ཡང་དྲ།།

          2019  11  30


    དགའ་བྱེད་ཚལ་གྱི་རི་དྭགས།



ཁྱེད་ལུས་སེང་ལྡེང་ནགས་ཚལ་གྱི།།
ཚེར་མའི་སྙིང་པོར་གྱུར་བ་ན།།
བདག་ནི་ཡང་ཡང་ཕུག་པ་ཡི།།
མི་མཆོག་སྟོན་པའི་ཞབས་ཆག་ཡིན།།
ཁྱེད་མིག་པདྨའི་སྡོང་བོ་ཡི།།
གེ་སར་དང་བཅས་དགོད་པ་ན།།
བདག་ནི་བུང་བ་ཆུང་ངུ་ལ།།
སྤྲུལ་ནས་ཁྱོད་རང་དཀྲིས་གསུམ་བརྒྱབ།།
ཁྱེད་ཞལ་ཟླ་བའི་ཚུལ་གྱིས་སུ།།
འཇིག་རྟེན་སྨག་རིམ་བསལ་བ་ན།།
བདག་ནི་ཀུ་མེད་གཞོན་ནུ་སྟེ།།
རྣམ་ཀུན་བརྩེ་བའི་འདབ་མ་གྲོལ།།
ཁྱེད་སེམས་ཡངས་པའི་སྐྱེད་ཚལ་གྱི།།
ཆུ་ཀླུང་ཇི་བཞིན་འབབ་པ་ན།།
བདག་ནི་ཆུ་འགྲམ་བྱེ་མ་ཡི།།
ནང་དུ་ཟགས་པའི་རྗེས་ཤུལ་ཡིན།།
ཁྱེད་ཕྱག་སྤྲིན་དཀར་ཡུག་གཅིག་སྟེ།།
ལྷོ་རུ་བརྐྱངས་པ་དེ་ཡིན་ན།།
བདག་ནི་ཡངས་པའི་ནམ་མཁའ་ནས།།
ཁྱོད་རང་དེད་པའི་རླུང་བུ་ཡིན།།
ཁྱེད་ཀྱི་རྒྱན་གོས་ཟ་འོག་མ།།
ནགས་ཚལ་ཇི་བཞིན་འཁྲུགས་པ་ན།།
བདག་ནི་ཡལ་གར་འབྱར་བ་ཡི།།
སྨིན་མ་སྨིན་པའི་ཤིང་ཏོག་ཡིན།།
ཁྱེད་ཀྱི་རྐང་རྒྱན་གདུབ་བུ་མ།།
སིལ་སིལ་སྒྲ་བཅས་འགུལ་བ་ན།།
བདག་སྙིང་ཟུག་པའི་འབུ་སྲིན་ཡང་།།
དྲན་པའི་རྒྱ་ལས་ཡང་ཡང་དཀྲོགས།།

                2019  11   18


     ཀུན་ཏུ་དགའ་བའི་གླུ།


       
ཁྱེད་རང་ནགས་ཚལ་སྔོན་པོ་འདི་བརྒྱུད་ནས།།
གང་དུ་ཕེབས་སམ་རི་དྭགས་མིག་ཅན་མ།།
ལྷུང་ལྷུང་འབབ་པའི་ཆུ་ཕྲན་དྭངས་མོ་དེ།།
ཁྱེད་ཀྱིས་རྐང་རྗེན་བརྒལ་བ་ཕོད་དམ་ཅི།།
གནས་འདིར་ཡིད་འོང་གླིང་ཕྲན་མང་པོ་ཡོད།།
ཁྱེད་ཀྱི་མིག་གི་བུང་བ་འཕུར་ཙམ་གྱིས།།
གནས་འདིར་སྡུག་པའི་མུན་ཁང་དུ་མ་ཡོད།།
ཁྱེད་ཀྱི་ཟླ་བའི་མ་མའང་སྟོན་ཙམ་མཛོད།།
དེའི་ཞོར་སྐུ་ངལ་ཅུང་ཟད་གསོས་ཤིག་དང་།།
བྲེལ་བའི་དོན་ནི་གང་ཡང་མ་མཆིས་སོ།།

འཇིག་རྟེན་སྐྱེད་ཚལ་ལུག་མིག་མེ་ཏོག་བཞད།།
ཐམས་ཅད་བརྩེ་བའི་སྦྲང་རྩི་ཡང་ནི་ཆགས།།
དེ་ལྟ་ན་ཡང་ཀུན་ཏུ་དགའ་བའི་གླུ།།
ང་ཡིས་ལེན་མི་ཕོད་པས་ཁྱེད་ཀྱིས་ལོངས།།
ཁྱེད་ནི་མཐོང་སྣང་གཅིག་ཏུ་དབྱངས་ཅན་མའི།།
ཕྱག་གི་པི་ཝང་ཇི་བཞིན་སྙན་ཞིང་འཇེབས།།
མཐོང་སྣང་གཅིག་ཏུ་ཁྱེད་ནི་འདོད་འཇོ་མའི།།
བུམ་བཟང་ཇི་བཞིན་འགྲོ་ཀུན་གདུང་བའང་སེལ།།

ལྷག་པར་ཁྱེད་ཀྱི་ཆགས་པའི་མིག་ནང་དུ།།
ལྷུང་བའི་ཟླ་བ་དག་གིས་ཅི་ཡང་མཚོན།།

                   2019  11  28


    རླུང་ནང་གི་གཡེར་དྲིལ་སྔོན་པོ།

           ལྷ་མོ་དབྱངས་ཅན་མ་ལ་ཕུལ་བའི་སྙན་ངག




ཁྱེད་ཞལ་དྭངས་བའི་ནམ་མཁའ་སྔོན་པོ་ཡི།།
རི་བོང་འཛིན་པ་ཇི་བཞིན་སྤྱན་གཉིས་ནི།།
ཅུང་ཟད་གཡོ་ཞིང་འགུལ་བའི་ཚུལ་བསྟན་ཏེ།།
བདག་ཡིད་པདྨ་འབྱེད་པའི་ཁབ་ཏུ་བྱོན།།
ཁྱེད་ཞལ་དཀར་ལ་དམར་བའི་མདངས་ཆགས་པའི།།
འཁུར་ཚོས་ཟུང་ནི་སིལ་སྡོང་ཁམ་བུ་བཞིན།།
སྙིང་པོར་གནས་པའི་བདུད་རྩི་ཆུ་ཐིགས་ཀྱིས།།
འཇིག་རྟེན་སྐོམ་གདུང་སེལ་བར་སུ་ཡིས་བསྙོན།།
ཁྱེད་ཀྱི་སྐུ་ལུས་འཁྲི་ཤིང་གཞོན་ནུ་ཡིས།།
ལོ་འདབ་ཇི་བཞིན་ཁུར་བའི་སྨྱོས་བུམ་ཡང་།།
ང་ཅག་ཆགས་ལྡན་སྐྱེ་བོའི་ལོངས་སྤྱོད་ཀྱི།།
ཚིམས་མེད་འདོད་དགུའི་དཔལ་དུ་རྟག་པར་བཤམས།།
ཁྱེད་ཀྱིས་ངག་རིག་རོལ་མཚོ་བསྲུབས་པ་ལས།།
གཏེར་དུ་བཞེས་པའི་དབྱངས་སྙན་པི་ཝང་མཆོག།
དཀར་འཇམ་ཕྱག་སོར་རྩེ་ཡིས་བྲད་པ་ན།།
སྙན་པའི་མཐར་ཐུག་མང་པོ་ཆར་བཞིན་བབས།།
ཁྱེད་ཀྱིས་གཙང་མར་བཅིངས་པའི་སྐེ་རགས་དང་།།
ལྷབ་ལྷུབ་སྐྱོད་པའི་དར་འཕྱང་སྔོན་པོ་སྟེ།།
མཐའ་ན་ཁྱེད་ཀྱི་རྐང་བའི་སེན་རིས་ཀྱང་།།
བདག་ལ་མཚོན་ན་གསེར་འདང་དངུལ་འདང་ཡོད།།
ཁྱེད་ཀྱིས་ང་ཅག་ཚད་མེད་སྐྱོ་བའི་དུས།།
ཡང་ན་ཁེར་རྐྱང་ཉིན་མཚན་རྗེ་བའི་སྐབས།།
སྙིང་རྗེའི་ཕྱག་གིས་པི་ཝང་སླར་བརྡུང་སྟེ།།
ང་ཚོ་དགའ་བའི་གཞས་ཆུང་མང་པོ་བླངས།།
འཁོར་བའི་བྱེ་ཐང་མྱ་ངན་རླུང་ལྡང་ཞིང་།།
མི་རྣམས་འཁྲུལ་སྣང་སྒྱུ་མར་ཞེ་ཆགས་དུས།།
ཁྱེད་ཀྱི་གཉུག་སེམས་དྭངས་བའི་འོད་དཀར་གྱིས།།
བདག་ཅག་མུན་པའི་གཡང་ལས་བསྟུན་མར་བསྐྱབས།།
སྲིད་པའི་སྡུག་བསྔལ་མེ་མཚོན་ཆར་བབས་ཚེ།།
ཁྱེད་ཀྱི་ངོ་མཚར་སྤྲུལ་བའི་ཕྱག་རྒྱ་ཡིས།།
ཡང་ཡང་ཟློག་པའི་བཀའ་དྲིན་ཙམ་པོ་ཡང་།།
སྐྱེ་བ་སྟོང་གི་ཚུན་ཡང་གཞལ་མི་ནུས།།
ད་ལྟ་ཁྱེད་སྐུ་མདངས་ལྡན་གསལ་ལྷང་ངེར།།
ཐུགས་རྗེ་གཡོ་བ་མེད་པར་ལྷོད་ཅིག་གེར།།
བདེ་སྟོང་བསམ་གཏན་ངང་དུ་དྲོད་ལམ་མེར།།
གང་ན་བཞུགས་སམ་བརྩེ་བའི་མ་མ་ལགས།།

                  2019   11   11

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།