རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག་སྐོར་ཞིག

10260



    
       1 མུ་གུམ་པ།

ཟོན་པ་དམར་པོ་གྱོན་པའི་ཨ་ཅག་དེ་དག་གིས།
རྨི་ལམ་གྱི་ཁ་དོག་དཀར་པོ།
རྡོ་ཡི་བརྩིགས་གསེབ་ནས་ཕྱུང་བའི་བོད་ཤོག་ཐང་གང་ལ།
གཡུ་རྡོག་མ་་འགའ་ཞིག་བྲིས་ནས་འདོགས་གྲབས་བྱེད།
ད་དུང་གནའ་སྔ་མོ་སྔ་མོའི་དུས་ལ།
ས་རྡུལ་རྨིག་པས་བསེད་པའི་ཡ་ཙི་རྒྱལ་པོའི་རྟ་ཕོ་དང་།
གཙུག་ལག་ཁང་གི་དབུ་རྩེ་ན་ཉི་འོད་སྒུམ་པའི་གསེར་ཏོག་གཉིས།
མིག་གཡས་གཡོན་གཉིས་ཀྱི་འཕྱོར་གོས་སུ་དཔྱངས་ཏེ།
རང་གི་བྱབ་འཁྲུས་གནང་སའི་མེ་ལོང་ངོར།
མེ་ཏོག་སྔོན་པོ་ཆ་གཅིག་ཏུ་བསྒོམས་ཏེ།
སྐྱེ་བོ་གང་ཞིག་གི་རྣ་བའི་གཟི་བྱིན་དུ་འདོད།
སྐབས་གང་མང་ལ་གངས་དཀར་ཏི་སེ་ནི་བྱིས་པ་ཞིག་ཏུ་སྤྲུལ་ནས།
མུ་གུམ་པའི་ཨ་ཅག་དེ་དག་གི་ནུ་ཞོ་ཁར་བཟུང་མྱོང་ངམ།

1 མུ་གུམ་པ ཧི་མ་ལའི་རི་བརྒྱུད་དུ་རྒྱལ་ཁབ་གཞན་འོག་ལ་ཚུད་པའི་བོད་རིགས་ཤིག


        བྱ་རྒོད།
               གཅན་མེ་སྟག་ལ་ཕུལ་བ།

བྱ་རྒོད་བར་སྣང་ན་འཕུར་སྐབས།
ན་རོ་ཞིག་དང་འདྲ།
གཤོག་པ་གཉིས་ཀྱི་མཆུ་ཞེང་ལ་ཉི་ཟླ་འང་སྐྲག
བྱ་རྒོད་ས་ཐོག་ལ་འབབ་ཉེ་དུས།
གི་གུ་ཞིག་ལ་འཁྲུལ།
མགོ་བོ་བྲང་གར་དུད་དེ་འཁོར།
བྱ་རྒོད་ས་སྟེང་ལ་བབས་ཚེ།
ཞབས་ཀྱུ་ཞིག་དང་མཚུངས།
མགོ་བོ་ལྡོག་ནས་འཕང་བསྟོད།
བྱ་རྒོད། ང་ཡི་བྱ་རྒོད།
ད་ནི་རྙིད་ལ་མ་ཚུད་པ་གྱིས།
སྤུ་གྲི་ལྟ་བུའི་གཤོག་པ་དང་།
གཙང་པོ་ལྟ་བུའི་སྙིང་སྟོབས་རང་དགར་ཞོམ་དུ་མ་ལྷུང་ཞིག
རྒས་ཤིང་འཁོགས་པའི་སྡོང་རྩེ་ལ་མ་རེ་ཞིག
བྱ་རྒོད། བྱ་རྒོད།
རླུང་གི་སྤུ་གྲི་ལ་ཡ་ལན་བྱིན་ཅིག
ནམ་མཁའི་འཕང་ཚད་ལ་ང་རྒྱལ་གྱིས་ཤིག
བྱ་རྒོད། རླུང་གི་འཐབ་ཡ།
ང་རྒྱལ་གྱི་བྲག་རི།
བྱ་རྒོད། བྱ་རྒོད།
དུག་སྦྲུལ་གྱི་མཇུག་མ་ལྟ་བུའི་ལོ་ཟླའི་ནང་།
བྱེ་ཟེགས་ཀྱི་རྦབ་རླབས་ལྟ་བུའི་འཁོར་བ་རུ།
ཁྱེད་རང་ནམ་ཡང་ང་རྒྱལ་གྱི་འཕྱོ་དགོས།

      ཁ་ཐུག་ཁ་ཐུག་གི་ཚོར་བ།

ཁ་ཐུག་ཁ་ཐུག་ལ།
དབྱར་ལྗོངས་དེ་དྲན།
ལྗོན་པའི་རྩེ་ན་རླུང་བུ་ཉལ་བ་དྲན།
ཁ་ཐུག་ཁ་ཐུག་ལ།
ལྗོན་པའི་རྩ་བ་དེ་རུ།
རེ་བ་ཅི་ཡང་མེད་པར་བསྐུངས་ཡོད་པ་དྲན།
ཁ་ཐུག་ཁ་ཐུག་ལ།
ཁྱེད་རང་ལྗོན་པ་དེའི་ལྟག་རྒྱབ་ཏུ་བོར་སོང་བ་བསམས།
ཁ་ཐུག་ཁ་ཐུག་ལ།
དགུ་ཆུའི་འགྲམ་དུ།
ནག་ཡོར་ཡོར་གྱི་གྲིབ་མ་བསྐྱལ་འོང་བ་དྲན།
ཁ་ཐུག་ཐུག་ལ།
རང་གི་སྒེའུ་ཁུང་དབུས་སུ་མགྱོགས་པོར་འགྲོ་བ་དེ་དག
ང་རང་བསྐྱུར་ཟིན་པ་དེ་དག་ཡིན་སྣང་ཤར།
ཁ་ཐུག་ཁ་ཐུག་ལ།
ང་རང་གཉིད་ལོག་ནས་མ་སད་ན་སྙམ།
ཁ་ཐུག་ཐུག་ལ།
ཅི་ཡང་མི་ཤེས་པའི་ལྗོན་པ་དེ་བདེ་སྐྱིད་ལྡན་པ་རེད་འདོད།

           རྩྭ་ཐང་།

སྤེན་མ་མང་པོ་སྐྱེས་ས་དེ།
ཁྱེད་ཀྱི་མཚེར་ཤུལ་རེད་ཟེར།
སྤེན་མ་རེ་གསེབ་ན་བྱིའུ་ཚང་རེ་འདུག
བྱིའུ་ཚང་རླུང་གིས་ཡོམ།
ང་མགོ་རས་ཁ་གང་དུ་སྤྲུལ་ནས།
སྤེན་མ་དེ་དག་བསྲུངས་ཡོད།
དེ་རིང་བར་དུ།
ལོ་གཅིག་དང་ཉི་མ་གསུམ་འགོར་ཡོད།

         ཉིན་ཐོ།

ཞོགས་པ་ཞིག་ལ།
བདག་གིས་རི་རྩེ་དེ་མཐོང་ཞིང་།
རི་སུལ་གྱི་ནགས་ཚལ་ཡང་མཐོང་།
ད་དུང་ནགས་ཚལ་དེའི་སྨུག་པའི་གསེབ་ནས།
སྒོམ་ཁང་ཞིག་མཐོང་།
སྒོམ་ཁང་དེའི་སྒེའུ་ཡོལ་ལ་བཏགས་པའི་མགུར་མ་མཐོང་།
མགུར་མ་དེ་དག་རེ་རེ་བྱས་ཏེ་བཀླགས་ཤིང་།
ངག་ལ་གྱེར་ཚེ་རང་ཉིད་བོར་སོང་།

           རླུང་།

ཕུ་གྲོང་ཚོ་ནས་བཞུར་བའི་ཆུ་འགྲམ་དུ།
སྡོང་པོ་རེ་གཉིས་ལ་སིལ་ཏོག་ཐོགས་འདུག
སིལ་ཏོག་གི་དྲི་བསུང་གིས།
ཕུ་ཆུ་ཡོངས་སུ་ཟོས་ཚར་བས།
བུང་བའི་ཚོགས་ཀྱང་དེ་ག་ན་ལུས་ཤིང་།
རླུང་བའི་རྐང་པ་འང་དེ་རུ་ཐོགས་འདུག་པས།
ང་ཡང་ཆུ་འགྲམ་དེ་རུ་རྨི་ལམ་ལ་འབྱམས།

         དབྱར་དུས།

ཁྱེད་ཀྱི་སྒལ་བའི་སྟེང་དུ་དབྱར་དུས་འཇམ་པོ་ཞིག་འཁྱིལ།
དེ་ནི་ངའི་སེམས་ཀྱི་གྲིབ་མ་རེད།
དེ་ནི་སྟོན་དུས་མ་བསླེབས་གོང་གི་བྱིའུ་དག་གི་ཚང་མལ་རེད།
བདག་ན་རེ། ཆར་ཟིམ་ཞིག་བབས་ནས།
ལུས་པོ་ཆ་ཚང་སྦང་བར་བྱས་ཚེ།
འབྲུག་གྲགས་ནས་རྣ་བར་འགས་པར་བྱས་ཚེ།
རང་ལ་ཆར་གདུགས་ཆུང་ཆུང་ཞིག་ཡོད་པ་ནི།
དབྱར་དུས་འདི་རེད།
དུས་ཚིགས་འདིའི་རིང་ལ།
རྐང་ཐང་ལ་འགྲོ་དགོས།
རྟ་ལ་ཞོན་ནས་འགྲོ་དགོས།
མེ་ཏོག་འཐུ་དགོས།
བྱེའུ་འཛིན་དགོས།
འོ་མ་འཐུང་དགོས།
བེའུ་འཚོ་དགོས།
ཏག་ཏག་དབྱར་དུས་འདི་ལ།
རླུང་བུ་ལ་འཕྲད་དགོས།
གྲིབ་བསིལ་ནས་གཉིད་དགོས།
རྨི་ལམ་ནས་གསོན་དགོས།

       ཁྱེད་ལ་བྲིས་པ།

དོ་ནུབ་ང་ཁྱེད་ཀྱི་ཕ་ཡུལ་ན་ཡོད།
ཁྱེད། སྟོད་གོས་གློ་ཁ་གོན་པའི་རྫི་བོ།
རྫ་འདབས་འདི་རུ་སྐྱེས་པ་དྲན་ན།
ངས་ལུང་གཞོངས་འདིའི་རྩྭ་ཕྲན་རེ་རེར།
གཏམ་རྒྱུད་ཅིག་འཆད་དུ་འཇུག་འདོད།
བྱེའུ་རེ་རེར་ཁྱེད་ཀྱི་བྱིས་དུས་དྲན་གསོ་རུ་འཇུག་འདོད།
དོ་ནུབ། རྫ་འདབས་ཀྱི་ཁྱི་སྐད་རེ་གཉིས་ཐོས།
གྲིབ་མ་རེ་གཉིས་འགུལ།
དོ་ནུབ། ཁྱེད་ཀྱི་ཕ་ཡུལ་ན་ང་ཉལ་ཡོད།
རས་གུར་ཆུང་ཆུང་ཞིག་ཏུ།
གུམ་ཙོག་གིས་ཉལ་ཡོད།
རྫ་འདབས་ཀྱི་བསེར་བུ་འདིས།
ངའི་གཞོགས་ཕྱེད་གཏུབས་ནའང་།
དོ་ནུབ་ང་འདི་རུ་རྨི་ལམ་གྱི་ངང་དུ་ཡུར་ནས།
མེ་ཏོག་གི་ཁུད་དུ་གཅུད་པ་ལྟར།
སྤྲོ་བའི་ངང་ཉལ་འདོད།

         Mofiy (1)

ཕུ་བོ། ཉ་རྒྱ་འཛིན་གྱི་མཁན་གྱི་མཚོ་མཐའ་བ་དེ།
ནུ་བོ། མེ་ཏོག་གཉོར་ནས་བུང་བ་འབོད་མཁན་དེ།
Mofiyསྨུག་པའི་ནང་ནས་གློ་ཉལ་བྱེད་མཁན་དེ།
རལ་གྲིའི་ཁ་ལ་ལྕེ་རྩེ་རྐྱོང་མཁན་གྱི་མི་དེ་དག
མི་དེ་དག་དང་མི་འདྲ་བའིMofiy
སྨུག་པའི་ནང་གི་གློ་ཉལ་རྒྱག་མཁན།
དོ་ནུབ། Mofiyདང་འདྲ་བའི།
འདོད་ཡོན་གྱི་མུན་པ་ལས་གྲོལ་བའི།
Mofiyཁྱེད་ཐག་རིང་ན།
དྲན་པ་རབ་རིབ་ཅིག་གི་རྟོག་པའི་ཀློང་ན།
བདག་པོ་བཙོན་ལ་ཤོར་བའི་མོ་ཧྥེ།
ཁྱེད་རང་གཉིད་ནས་ག་ཙམ་འགོར།
བདག་པོས་ཁྱེད་རང་བཙོན་ན་དྲན་བཞིན་ཡོད།
སྙིང་ཉེ་བའིModigliani
བདག་པོས་ཁྱེད་བཙོན་ཁང་ན་སྐད་ཅིག་ལ་འང་དྲན་བཞིན་ཡོད།

          (1)Mofiy གློག་བརྙན་ནང་གི་གསོས་ཁྱི་ཞིག་གི་མིང་།


            མེ་ཏོག་ནག་པོ།

ལམ་དེ་འདེད་དུས་ཐ་གུ་དམར་པོ་ཞིག་དཀྲི་བཞིན་སོང་།
ལམ་སྣེར་སླེབས་སྐབས་མཚན་མོ་བརྒལ་དགོས།
ནགས་ཚལ་ལྟ་བུའི་དུས་ཚོད་ཀྱི་མཚན་མོའི་ཁྲོད་དུ།
ཁྱེད་རང་རལ་གྲི་ཐོགས་མཁན་གྱི་རྟ་བ་དེ།
ངས་རྩིག་པ་ལ་ཨི་ཁུང་བཏོད་ནས་བྲོས་ཀྱང་།
ཐར་ས་ཡེ་ནས་མ་བྱུང་།
བདག་གི་གཟའ་ཉི་མ་ནག་པོ།
ཁྱེད་ཀྱིས་ངའི་ཟས་ཅོག་དང་རྐུབ་སྟེགས་སིལ་བུར་བཏང་།

             བྱ་དེ།

འཁོར་བའི་ཐོག་མ་ནི་བྱ་དེ་དཀར་པོ་ཞིག་རེད།
ཁྱེད་ཀྱི་སྐས་ཁ་ན་ཀྲོག་ཀྲོག་བྱེད།
དེ་དུས་ཀྱི་འཁོར་བ་ནི་སྤེའུ་མཁར་ཆུང་ཆུང་ཞིག་གི་གཡེར་དྲིལ་རེད།
སིང་སིང་གི་སྒྲ་འབྱིན་དུས།
ཁྱེད་ཀྱི་རྨི་ལམ་ལས་སྐར་མ་མང་པོ་ཕྱོགས་སུ་བསྐྱལ།
ཤུལ་དུ་ལྷག་པ་ནི་ཨ་ཅག་སྣང་སའི་རྨི་ལམ་དང་འདྲ་བོ་འདུག
ད་དུང་འཐག་ཁྲིའི་སྟེང་ན་བཞུར་བའི་དུས་ཚོད་དང་འདྲ་བོ་འདུག

         ཁང་པ་སྟོང་པ།

རྩིག་པའི་ངོས་སུ་དུས་ཚོད་ཀྱིས་བརྐོས་པའི་ཨི་ཁུང་།
ལོ་ནས་ལོར་བརྩེགས་ཏེ་འཕིགས།
དུས་ཚོད་ཀྱི་སེག་སྒྲའི་ཁྲོད་ཀྱི་རོལ་དབྱངས་དང་འཐབ་མོ།
མེ་ཏོག་གི་བུམ་པའི་ལྟོ་བར་བསྐྱིལ་ནས་མེ་ཏོག་གི་འདབ་མ་ཐོར།
མེ་ཏོག་གི་འདབ་མ་རེ་རེ་ལྷུང་བའི་ལྕི་ཚད།
རླུང་བུ་ལས་ཀྱང་ཡང་ན་འང་།
སེམས་ངལ་ལྕི་བའི་ཁང་སྲུང་རྒད་པོའི་མིག་མདའ་ནི།
ཆབ་རོམ་དུ་གྱུར་ནས་དབུགས་ཀྱི་སྐྱོ་ངལ་དེས།
ཁང་བའི་གནམ་གཅལ་ཡོངས་རྫོགས་ལ་སྡིག་སྒྲིབ་བསྒོས།

         བདག་གི་སྙིང་ཉེ་བའིMariལགས།

མི་ཚེ་ནི་དེ་ག་ཙམ་གྱིས་རྫོགས་འགྲོ་བའི་ཟླ་འོད་ངོགས་ཀྱི་གྲིབ་མ་ཞིག
ངས་ཡུན་རིང་ལ་བསམ་བློ་བཏང་ཞིང་སྟ་གོན་བྱས།
གོམ་པ་གཅིག་རེ་གཅིག་རེ་མ་ནོར་བའི་ངང་སྤོས།
ལམ་གྱི་གློག་སྒྲོན་ལ་འཁོར་བའི་ཕྱེ་མ་ལེབ་དག་རེ་རེ་བྱས་ཏེ་མིག་གིས་འཚོས།
Mari སྐབས་དེར་ཁྱེད་ནི་ངའི་གཡས་གཡོན་གྱི་གྲིབ་མ་དཀར་ནག་གཉིས།
བག་ཟོན་མེད་པའི་ལོ་ཟླའི་རྫ་བུམ་ནང་དུ་ཆང་གིས་སྦངས་པའི་ལོ་མ་ཞིག
ངས་སྟོང་ཉིད་ཀྱི་བློས་བསླང་ཁྲོད་དུ་བྲིས་པའི་སྒྱུ་མ་མཁན།
ཁྱེད་ནི་གཅིག་རེ། གཉིས་རེ་བྱས་ཏེ་དགག
Mari མི་རྟག་པའི་ཐོ་བ་དང་རལ་གྲི་འདི་དག་གིས།
མཐར་ཐུག་ངོ་གནོང་བའི་ཁྲེས་པོ་ལྕི་མོ་ཞིག་ཁུར་ནས་སླེབས།
Mari ཡིད་ཀྱི་དྲན་པ་སྔར་ལས་ཆེ་རུ་བསྐྱེད་ཅིང་།
འུར་ཟིང་གི་འཁོར་བ་དང་གཉེན་ཉེ་དག་གླེགས་བམ་དུ་བཅུག
མུ་མེད་ཀྱི་བྱེ་ཐང་དང་གཅན་གཟན་གྱི་གཏུམ་སྤྱོད་རྒྱང་དུ་སྤྲད།
Mari ད་ནི་བདག་གིས་མཐར་ཐུག་གི་གོམ་པ་གང་ལ་སྤོ་དགོས།
མི་རྣམས་ཀྱི་གོམ་སྒྲས་སྟོངས་ཤིང་། མཚན་མོ་དང་འདྲ་བའི་སྤྱིལ་བུ་ཞིག་ཏུ།
མིག་ཟུང་གིས་གནམ་གཅལ་ངོས་ཀྱི་མུན་པ་གྱོན་ནས་སྡོད་སྐབས།
སྙིང་ཉེ་བའིMari ལགས།
སྤྱི་ལོ3000 ལོའི་ལི་ཐོའི་ངོས་ན་རྡེའུ་དཀར་ནག་གང་ཞིག་བབས་འདུག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།