མཐོ་སྒང་གི་མི་རབས།(ཞར་བཀོད་ལྔ)

7174

 


གྲ་ཚེ་དོན་ནམ་ཚེ་རིང་དོན་གྲུབ་ནི་༡༩༨༨ལོར་གཡོ་རུ་གྲ་ཡི་ལུང་པར་སྐྱེས། སྔ་ཕྱིར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་སོགས་སུ་ལྷུག་རྩོམ་དང་སྙན་ངག་རེ་གཉིས་སྤེལ་མྱོང་། ༢༠༡༢ལོར་སློབ་མཐར་ཕྱིན་རྗེས། ད་བར་ཡར་ཀླུང་རྩེད་ཐང་དུ་དགེ་རྒན་བྱེད་བཞིན་མཆིས།



མཐོ་སྒང་གི་མི་རབས།
 
           ༡
ཕྱི་བལྟས་ལན་གཅིག་སློག་དུས།
ཡུལ་བཙན་པོ་ས་རྒོད་པོ་ཞིག་གི་བྲང་གཞུང་ནས།
གསེར་གྱི་རལ་པ་ཅན་གྱི་མེས་དབོན་རྣམས།
རུས་རྐང་གས་ཀྱང་ཀྲོང་ངེར་འགྲེང་འདུག
དུར་ཁུང་ནང་དུའང་།
ཀ་བ་བཞིན་འགྲེང་འདུག
 
ཉི་ཟླའི་འཛུམ་ཞལ་འཆར་དུས།
མ་རབས་ཀྱི་རླུང་དམར་འཇགས་ཤིང་འདོད་པའི་རྦ་རླབས་ཞི།
ཆུ་ཡི་ལྦུ་བ་ལྟར།  མཁའ་ཡི་འཇའ་ཚོན་བཞིན།
ཁུ་སིམ་མེར་ཡལ་འགྲོ། ཁུ་སིམ་མེར།
            ༢
བྱེའུ་ཕྲུག་གི་ཨ་མ་བོར་བས།
རླུང་གིས་གཡོས་པའི་ཐང་དཀྱིལ་ནས་གང་འགྲོ་མ་རྙེད།
སྐྱིད་དྲགས་པ་ཡིན་ནམ། སྐྱིད་མི་ཐེགས་པ་ཡིན་ནམ།
ཡང་ན།  ང་རྒྱལ་གྱི་རྡོག་ཁྲེས་ལྕི་དྲགས་པ་ཡིན།
 
ཕ་མེས་ཀྱི་དབུ་འཕངས་མཐོན་པོ་དགུང་དུ་འདེགས་མ་ཐུབ་པར།
མགོ་སྒུར་སྒུར་གྱིས་མིག་ཟུང་རྐང་རྩེར་གཏད་དྲགས་པས།
རི་བོའི་ཕ་རོལ་གྱི་ཡུལ་ལྗོངས་མ་མཐོང་།  མེ་ཏོག་གི་གླིང་ཕྲན་མ་མཐོང་།
ཞི་བདེ་རྒྱ་མཚོའི་རླབས་ཕྲེང་དང་ལྷ་བྱ་དཀར་པོའི་གཤོག་འགྱུར་མ་མཐོང་།
གང་ལྟར།  རང་རང་གི་རྐང་རྩེར་བལྟས་ནས་ཡུན་རིང་འགོར་སོང་།
ངེད་ཀྱི་"འདོད་ཆུང"གི་མི་རབས་འདིས།
           ༣
ཨ་རག་དང་ཐ་མག་གིས་སེལ་བ།
འཕྲལ་གྱི་ན་ཟུག་ཡིན་གྱིས་ཕུགས་ཀྱི་འབྲས་ཀྲན་མིན།
རྒྱ་མཚོ་ཇི་ལྟར་ཆེ་ཡང་ངེས་པར་བརྒལ་དགོས་ཨང་།
དེ་ནི་ཚེ་སྲོག་གི་ངེས་སྲོལ་དང་རེ་བའི་འོད་ཟེར་ཡིན།
ད་ནི་སད་དགོས་ཀྱེ།
སྐྱིད་གླུའི་དབྱངས་རྟའང་རེ་ཞིག་གཅོད་དགོས།
འཛམ་གླིང་གི་རྩེ་མོ་ནས་རྒྱང་རིང་དུ་ལྟོས་དང་།
རི་བོའི་ཕ་རོལ་ནས་རྣམ་ཤེས་ལ་བྱབས་ཁྲུས་བྱ་ངེས།
 
ན་ཟླ་ཚོ།  ཆོ་ལོ་མི་ཐེགས་ན།
བྲག་རྡོ་སྐམ་པོའི་སྟེང་ནས་འབྲུ་ལྔ་ལོངས་དང་།
རླབས་ཆེན་གྱི་གཏམ་རྒྱུད་མུ་སྦྲེལ་དུ་འབྱུང་ངེས།   
           
           ༢༠༡༨/༡༡/༠༧

         གསེར་གྱི་སྒྲོན་མེ།
 
གཡང་གཟར་གྱི་གྲོག་པོའི་རྩེ་ནས།  
སྒྱེ་མོ་ལྕི་པོ་ཞིག་ཁུར་ཏེ་བསྐྱོད་དགོས་པ།
ཉེས་དམིགས་ཅི་ཞིག་གི་རྣམ་སྨིན་ཡིན་ནམ།
 
ངག་གི་བྱིན་རླབས་ཀྱིས།  སྒྲ་ཡི་གཟི་བྱིན་གྱིས།  
འཇིག་རྟེན་བཞིན་ལ་རླབས་ཆེན་ཁ་མདོག་བཀླུབས།
མགྲིན་པའི་རྫ་རྔ་འཁྲོལ་བའི་དབྱངས་ཀྱི་ལྷ་མོས།  
 
དཀའ་ཐུབ་པ་དེས། 
རི་བོ་ཞིག་གི་ཉམས་ཀྱིས་འགྱིང་།
གཙང་པོ་ཞིག་གི་ཚུལ་གྱིས་བཞུར།
 
དབྱངས་གསལ་གྱི་རྣམ་ཤེས་དང་སྦྲེལ་བའི།
སྐྱ་རེངས་གོང་དུ་སྒྲོན་མེ་སྤོར་བ། 
ངལ་དུབ་ཀྱི་གོ་རིམ་ཡོད་ཚད་དང་དུ་ལེན་དོན།
རྒྱང་རིང་གི་ཅི་ཞིག་མཐོང་བ་ཡིན་ནམ། 
 
འུ་ཐུག་གི་ཞལ་ནས་ཡིད་ཕམ་གྱི་རྣམ་འགྱུར་ལུད་ཀྱང་།
སྙིང་རུས་ཀྱི་གོ་ཆ་འགོས་ཏེ་གླུ་སྒྲ་གསེང་མཐོར་སྒྲོགས་དང།
གཡག་རོག་ནི།    རྩ་བ་སྲུང་མཁན་གྱི།
རང་ངོ་ཆོད་མཁན་གྱི་གཡང་ཟོག་ཅིག་རེད།
 
ས་བོན་ཆུང་ནའང་།མེ་ཏོག་བཞད་ངེས།     
འབྲས་བུ་སྨིན་ངེས། ཁྱེད་ཀྱིས།  
ལག་འཇུ་མ་གློད་པར།
ངང་སྒུག་གནང་རོགས།                                                                                                     
 
       བུ་མོ་ཞིག་གིས་ཁ་ཡ་མ་བྱས་པར་སྐྱུར་ཚུལ།
 
དྭངས་ཁྲུམ་ཁྲུམ་གྱི་ཟིལ་པ་དང་།
ཧ་ཅང་སྨིན་པའི་སིལ་ཏོག་ལྟར་བཟའ་ན་འདོད།
འོན་ཀྱང་ཐབ་ཁུང་ནང་གི་སོལ་བ་བཞིན།
ངས་ཁོ་མོ་ནག་རྐྱང་བཟོ་ངེས་སྙམ་ནས་ཞེ་མེར་བ་འདྲ།
 
ཐོ་རེངས་སྐར་ཆེན་ཡིད་ཀྱི་ནམ་མཁའ་ནས་འབྱེད་འཛུམ་བྱེད་དུས།
མཚན་མོ་ཧ་ཅང་རིང་ཡང་བདག་ལ་ཁེར་རྐྱང་གི་སྣང་བ་མ་བྱུང་།
བདག་གི་ཡིད་ཀྱི་མལ་ཁང་ནང་ཁོང་གི་དྲི་བསུང་ལུས་འདུག
 
ཟླ་བ་བཞུད་སོང་།   ནག་ཐིང་ཐིང་གི་ཡུལ་གྲུ་འདི།
ཁོ་མོས་བདག་ལ་བསྐྱུར་བའི་འཇིག་རྟེན་རེད།        
        
           གཡུ་ཆུང་དྲུག་དཀར།
 
གློ་བུར་གྱི་མཇལ་འཕྲད་ཀྱི་སྤྲོ་བ།
མིག་འབྲས་བཞིན་སྲུང་ཡང་འཇའ་ཚོན་ལྟར་ཡལ།
ང་རང་འགྲོ་དགོས་ཡོད།
ཁྱེད་ཀྱིས་ཞེན་ཆགས་སྙིགས་རོ་བཞིན་དོར་ཏེ།
མིག་ཞགས་རིང་པོ་དེ་ལས་ང་རང་གཏོང་རོགས།
 
ཁ་ཞེང་ཆེ་བའི་གཙང་པོ་ཞིག་གྲོལ་རྗེས།
ལག་མཐིལ་གྱི་དྲོད་རྟ་རྔ་ཙམ་དེའང་འཁྱགས།
རྨི་ལམ་ནང་གཉིད་ཐུན་སྲན་མ་བཞིན་གཏོར་མཁན་གྱི།
གཡུ་ཆུང་དྲུག་དཀར།  ཁྱེད་ནི།
མཛེས་སྡུག་གི་ཞིང་ཁམས་སུ་ལུས་པའི་གནོངས་འགྱོད་ཅིག
 
སྙིང་ཉེ་མ།    བདག་ལ་ཕྱག་གཡུག་མ་གནང་རོགས།
ཁུ་བྱུག་གི་གསུང་སྙན་དང་ཁྲུང་ཁྲུང་གི་རུ་སྟར་མེད་པར།
བློ་ཕམ་དང་ཡིད་ཆད་ཀྱི་བར་ཆད་ཆེ་བས།
ད་ནི།  བློ་ཐག་སྐྲ་ལོ་བཞིན་བཅད་དེ་འབུད་འགྲོ།
 
         ཁེར་རྐྱང་གི་མི།

 
སུ་ཞིག་གི་ལག་པ་ནག་པོས།
གསེར་གྱི་རལ་པ་ནས་འཇུས་ཏེ།
ཕྱགས་དར་ཁྲོད་དོར་རམ།
 
སུ་ཞིག་གི་སྡིག་ཉེས་ཀྱིས།
དེབ་ཐེར་གྱི་ཕུང་པོའི་དབྲག་ཏུ།
སྨྲ་བ་མེད་པར་བཞུགས་དགོས་བྱུང་།
 
ད་ནི།  མི་ཚོགས་ཧ་ཅང་མཐུག་པོ་རེད།
མུན་པ་རབ་རིབ་ཅིག་གི་ཁྲོད་དུ།
ཁྱེད་ཀྱི་གྲེ་བའང་འགག་འདུག་ཨང་།
 
 
     གད་སྙིགས་ཇེ་མང་དུ་འགྲོ་བཞིན་འདུག
 
ཡང་ན་དྭངས་གཙང་ལ་གླུ་ཆུང་མ་ལེན།
ཡང་ན་ཤམ་བྷ་ལར་ལག་ནག་མ་སྲིངས།
དྭངས་གཙང་དང་འབག་བཙོག
སྣང་བ་དང་མུན་པ་བཞིན།
ལྷན་ཅིག་མི་གནས་འགལ་ཡིན།
 
གདོད་མའི་ཞིང་ཁམས་སུ།
མིའི་རིགས་ཀྱིས་དཔུང་འཇུག་བྱས་པ་བཞིན།
སྤྱི་ཚོགས་འདིའི་གྲུ་ཟུར་རེ་རེ་ན།
མི་གཤིས་ལ་བཙན་འཛུལ་བྱེད་ཀྱིན་འདུག
དེ་ལས་རུལ་མྱགས་ཀྱི་དྲི་ངན་འཐུལ།
དེ་ལ་སྐྱག་སྦྲང་གི་ཁྱུ་ཚོགས་འཁོར།
 
ལྗན་ལྗིན་དང་།  ཉག་ཉོག་དང་།  ངན་ངོན།
རྒྱལ་ཁ་ཡེ་ནས་མ་རེད།
གྲོག་རོང་ལ་ཟུག་པའི་འཇའ་ཚོན་རེད།
ཡིད་ཆེས་མ་བྱེད།  ཡིད་ཆེས་མ་བྱེད།
འཇའ་ཚོན་ནི་དངོས་ཡོད་བོར་བའི་རྩེད་ཆས་རེད།
དེ་ཡིས་ཁྱེད་རང་གད་སྙིགས་སུ་གཏོང་ངེས།
 
ནམ་མཁའི་ཕྱི་ནང་གཙང་སེལ་བྱས་ནའང་།
མཚན་མོ་མཐུག་པོ་དེའི་མུན་ཁྲོད་ནས།
སྔར་བཞིན་གད་སྙིགས་མང་པོ་ལུད་འོང་གིན་འདུག
དྲི་ངན་གྱི་རྐང་པ་རིང་པོ་མཁའ་དབུགས་ཁྲོད་བསྲིངས་འདུག
 
མིང་གྲགས་ཀྱི་གད་སྙིགས།
རྒྱུ་ནོར་གྱི་གད་སྙིགས།
དབང་ཐང་གི་གད་སྙིགས།
འདོད་རྔམ་གྱི་གད་སྙིགས།
 
ཁོ་ཚོས་སྣ་བཀབ་ཅིང་ཁ་ཉེར་ཏེ་གད་སྙིགས་ལ་བཀྱེད་ནའང་།
བློ་ཐབས་ཀྱི་གཞུ་མོ་ལྐོག་ཏུ་བཀང་སྟེ།
གཞན་རྣམས་གད་སྙིགས་སུ་གཏོང་བཞིན་འདུག
 
གད་སྙིགས་ནི་གད་སྙིགས་གཞན་ཞིག་གིས་བཟོས་འདུག་པས།
ད་ལྟའི་གད་སྙིགས་ནི་འདས་ཟིན་པའི་གད་སྙིགས་ཀྱི་འབྲས་བུ་རེད།
ད་ལྟའི་གད་སྙིགས་ནི་མ་འོངས་པའི་གད་སྙིགས་ཀྱི་དངོས་རྒྱུ་རེད།
 
དུས་ཚིགས་འདིར། བདག་གི་ཀླད་མཐོངས་སུ་འཕྱོ་བཞིན་པ།
སེམས་ཅན་རྣམས་རིགས་མཚུངས་ཀྱི་ཕུང་པོར་སྐྲག་པ་ལས།
རིགས་མ་མཚུངས་པའི་ཕུང་པོར་མི་སྐྲག་པ་དང་།
མི་རྣམས་གད་སྙིགས་ལ་སྐྱུག་བྲོ་ཞིང་ཞེ་མེར་བ་ལས།
རང་ཉིད་གད་སྙིགས་སུ་གྱུར་བར་སྐྱུག་མི་བྲོ་ལ་ཞེ་མི་མེར་བ་དེ་རེད།
 
ཡོད་ཚད་འགྱུར་རྐྱེན་པའི་ནམ་ཟླ་འདིར།
གད་སྙིགས་ཇེ་མང་དུ་འགྲོ་བཞིན་འདུག
ངས་མཐོང་གི་འདུག  ངོ་མ་མཐོང་གི་འདུག
ལམ་ཕྱགས་གཙང་སྦྲ་བ་ཚོས།ནན་ཏན་ངང་།
རྩིག་ཁུག་ཏུ་ཡིབ་པའི་གད་སྙིགས་གཙང་ཕྱགས་བྱེད་པ།
ངས་གསལ་པོ་མཐོང་གི་འདུག
ངོ་མ་མཐོང་གི་འདུག
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།