གཡུང་མོའི་མགུར་རྩོམ་ཚན་པ་དྲུག

9314



         དུང་བའི་མཆོད་པ།

                                 ––– སྙིང་ཉེ་བའི་མི་ཞིག་ལ་ཆེད་དུ་བྲིས་པ།    

 
བློ་གྲོས་འཕེལ་བས་ཅི་ཞིག་བྱ།།
རྨོངས་པ་དོར་བས་ཅི་ཞིག་བྱ།།
བདག་ནི་འཁོར་བའི་བྱེ་ཐང་དུ།།
ཁྱོད་ཉིད་དྲན་པས་ཉེ་བར་འཚོ།།

ཁྱོད་ནི་པདྨའི་གླིང་ག་ཡི།།
ཚངས་མ་ཉིད་དེ་བདག་གི་ལྷ།།
བཏུད་ཚེ་བྱམས་བརྩེའི་ཡང་སྙིང་སྟོན།།
བཀྱེད་ཚེ་དྲན་གདུང་ཤེས་རབ་བསྩལ།།

དགེ་བའི་བཤེས་དང་མཛའ་བའི་གཉེན།།
བཀྲག་ལྡན་འཇའ་ཚོན་ཇི་བཞིན་དུ།།
ཕར་ལ་བྲོས་པས་ཅི་འགྱོད་དེ།།
ཁྱོད་ཉིད་རྟག་ཏུ་ཚུར་ལ་འོང་།།

མཛེས་མ་དག་ནི་ལོ་འདབ་བཞིན།།
དུས་ཀྱི་ཀློང་ན་རྙིད་ཅིང་འཐོར།།
སྙན་པའི་སྒྲ་དབྱངས་སྟོང་ལྡན་ཁྱོད།།
སེམས་ལ་གཡུང་དྲུང་བཞིན་དུ་འཁྱིལ།།

བདག་ཡིད་ཆགས་པའི་སྨུག་པ་ནི།།
ཁྱོད་ཀྱི་སྐེད་ལ་འཁྲིལ་ན་ཡང་།།
སྡིགས་པའི་དྲི་མ་མི་མངའ་བའི།།
ཉི་མ་ཁྱོད་ཀྱིས་བདག་ཉིད་སྐྱོང་།།

མཐོན་པོའི་ཁྲི་དང་སྙན་པའི་མིང་།།
སྡར་མའི་ལག་གི་རལ་གྲི་བཞིན།།
བདག་ལ་ཅིས་ཀྱང་མི་མཛའ་སྟེ།།
ཕྱོགས་སུ་རླུང་གིས་གཏོར་བར་ཤོག།

ཁྱོད་ཀྱི་དགའ་གདུང་ཇི་སྙེད་པ།།
མཚན་མོའི་ནམ་མཁའི་སྐར་ཚོམ་བཞིན།།
བདག་ལ་ཤིན་ཏུ་མཛེས་པ་སྟེ།།
རྣམ་དག་སྨོན་པས་བརྟན་པར་ཤོག།

ཨེ་མ་དྲན་པའི་ནམ་མཁའ་ལ།།
ཁྱོད་ནི་ཟླ་དཀར་བཞིན་དུ་ཚེས།།
མཉེས་གཤིན་འོད་ཀྱི་དྲ་བ་ལ།།
ནུབ་པ་མེད་ཅིང་ཉམས་པ་མེད།།

བརྩེ་བའི་མེ་ཏོག་མི་ལྡན་པའི།།
ཞིང་ཁམས་དེ་ལ་སུ་ཞིག་མཉེས།།
དགའ་ལྡན་ལྷ་ཡི་བུ་མོ་རྣམས།།
ས་རུ་བབས་ཏེ་བྱམས་དུངས་གསོ།།

བདག་གི་ལུས་ངག་ཡིད་གསུམ་པོ།།
བསྐལ་བའི་མཐར་ཡང་འཆིང་བྱེད་པའི།།
ཁྱོད་ཀྱི་ཟིམ་བུའི་ལྟ་སྟངས་ཙམ།།
གཟུགས་མེད་འཕྲུལ་གྱི་ཞགས་པ་ཉིད།།

ཚོགས་དྲུག་ཡུལ་དུ་བྲིས་པ་ཡི།།
མཛེས་སྡུག་རི་མོ་སྟོང་ཕྲག་འདི།།
ཁྱོད་ཀྱི་ཚད་མེད་སྙིང་རྗེ་ཡིས།།
བདག་ལ་སྤྲིངས་པ་ཡིན་ནམ་ཅི།།

རབ་མཛེས་པདྨའི་འདབ་ཁ་ལས།།
སྐབས་སུ་འོང་བའི་དྲི་བསུང་བཞིན།།
བདག་གིས་དུང་བའི་མཆོད་སྤྲིན་ནི།།
ཁྱོད་ཀྱི་མདུན་སར་ཅི་དགར་སྤྲོ།།

ཤེས་རབ་ཆང་གིས་མྱོས་དྲགས་པའི།།
སྐྱེ་བོ་རྣམས་ཀྱི་ཟློས་གར་ལ།།
བལྟས་ཀྱིན་བལྟས་ཀྱིན་བདག་ཉིད་ཀྱི།།
ཡིད་ནི་དམ་པོར་ཁྱོད་ལ་འཐམ།།


       དབྱངས་ཀྱི་གཙང་པོ།



རིན་བྲལ་བརྩེ་བའི་འོད་འཆང་མ།།
ཤེས་རབ་ཆང་གིས་རྟག་མྱོས་མ།།
བདུད་རྩི་ཚིག་གི་རོ་རྙེད་མ།།
ན་ཆུང་ཉམས་ཀྱིས་ཡིད་འཕྲོག་མ།།

ཁྱོད་ཀྱི་ཞབས་རྡུལ་ལ་རེག་པའི།།
མེ་ཏོག་དག་ནི་བསོད་ནམས་ཀྱི།།
ཟིལ་བ་དང་བཅས་འཛུམ་པ་ལ།།
ལྷ་ཡི་བུང་བ་རྣམས་ཀྱང་འཁོར།།

ཉིན་མཚན་དཀའ་ཐུབ་ཀྱིས་བསྲེགས་ཏེ།།
དབེན་པའི་ནགས་སུ་ཅི་ཞིག་འཚོལ།།
མེ་ཏོག་རྙིད་པའི་ཡལ་ག་ལྟའི།།
ཐ་སྙད་རྐྱང་བས་ཅི་ཞིག་བྱ།།

པདྨའི་ནང་གི་པདྨ་ལྟར།།
ཁྱོད་ཉིད་ཁོ་ན་ཡིད་དུ་འོང་།།
བསྐལ་བར་མིག་དག་མ་བཙུམས་པར།།
བལྟས་པས་ཡིད་ནི་ཚིམ་མི་འགྱུར།།

ཁྱོད་ཀྱི་ནམ་མཁའ་ལ་ཕྱོགས་པའི།།
རྒྱུ་སྐར་གྲངས་ནི་དཔག་མེད་ཀྱང་།།
ཉ་གང་ཟླ་བ་ཇི་བཞིན་དུ།།
བདག་ཉིད་ཁོ་ན་ཅིའི་ཕྱིར་པང་།།

ལྟོས་དང་མཚན་མོ་ཤིན་ཏུ་གསལ།།
ཟླ་བ་མཐོང་ཞིང་སྐར་མ་མཐོང་།།
ཉིན་དཀར་འོད་ཀྱིས་མི་སྣང་བའི།།
ཁྱོད་ཀྱི་མཛེས་སྡུག་གཞན་ཡང་མཐོང་།།

ད་ནས་མེ་ཏོག་ཆུ་མ་རུ།།
བདག་ཉིད་སྐྱེས་ཤིང་འཚར་བར་ཤོག།
དེ་ལས་བྱུང་བའི་བསུང་ཞིམ་གྱིས།།
རྟག་ཏུ་ཁྱོད་རང་དགྱེས་པར་ཤོག།

ཆུ་ནི་ཆུ་ལ་ཐིམ་པ་བཞིན།།
སེམས་ནི་སེམས་ལ་རབ་ཏུ་འགྲོ།།
སྐྱེ་བའི་སྐྱེ་བར་དྲི་མེད་ཀྱི།།
བརྩེ་བའི་དར་ཐག་ཁྱོད་ལ་འཕེན།།


       དྲན་པའི་གདུང་དབྱངས།



འཇིག་རྟེན་རི་དྭགས་མྱོས་བྱེད་པའི།།
གླུ་ལ་ཆགས་ཐོགས་མི་མངའ་བའི།།
བློ་གྲོས་ནོར་བུའི་ཏོག་འཆང་བའི།།
ལེགས་ལྡན་ཁྱོད་ལ་སུ་མི་ཉེ།།

སྨུག་སྤྲིན་གོས་སུ་གྱོན་པ་ཡི།།
རི་སྒང་མེ་ཏོག་ཇི་བཞིན་དུ།།
བྱམས་བརྩེའི་ཆུ་རྡུལ་འཛིན་པ་ཡིས།།
ཡིད་ཀྱི་བུང་བ་སྟོང་ཕྲག་འདུ།།

རིན་ཆེན་རྒྱན་གྱིས་ངལ་གྱུར་ཏེ།།
དལ་གྱིས་ཐེགས་པའི་སྨིན་ལེགས་མ།།
ཁྱོད་ཀྱིས་སྤྲ་མོའི་གོ་འཕང་ལ།།
འགོད་པའི་ལས་འདིར་ཅུང་ཙམ་ནོངས།།

དབྱར་ཁ་མི་སྡོད་གང་དུ་འགྲོ།།
ཆུ་མོ་མི་སྡོད་གང་དུ་འགྲོ།།
ཁྱོད་ཀྱིས་བརླབས་པའི་ཟླ་བ་ནི།།
རྟག་ཏུ་ང་དང་ལྷན་ཅིག་འགྲོ།།

ཚ་གདུག་ཁྲོད་ཀྱི་བསིལ་རླུང་བཞིན།།
མུན་པའི་ནང་གི་འོད་ཐིག་བཞིན།།
ཁྱོད་ཉིད་དུས་ཐོག་ཆར་བ་སྟེ།།
ང་ཡི་བརྩེ་བའི་སྙེ་མ་གསོ།།

ས་རུ་རྒྱུ་བའི་ཟླ་བ་ཞེས།།
གྲགས་འཛིན་མ་ལ་ཅིའི་ཕྱིར་བསྙད།།
བདག་སེམས་ཀུད་མུད་འཛུམ་པ་ལ།།
དེ་ཉིད་ཀྱིས་ནི་འདུ་བྱེད་སྟོངས།།

ཕྱག་ན་པདྨོའི་ཐུགས་རྗེའི་འོད།།
གང་ཚེ་ཡིད་ལ་འཕོས་པ་བཞིན།།
རྔན་གྱིས་ཉོས་པའི་མི་ལའང་།།
ཁྱོད་ཀྱིས་ཉེ་བའི་གྲོགས་སུ་འཛིན།།

སྟོང་གྲགས་མིང་གི་ཆོ་ལོ་ཡིས།།
རང་མགོ་བསྐོར་བས་ཅི་ཞིག་བྱ།།
ཁྱོད་ཀྱི་ཤུགས་འབྱུང་སྣང་གླུ་འདིས།།
ད་གཟོད་བདག་ཡིད་རབ་ཏུ་འཕྲོག།

ནམ་ཞིག་བདག་ཉིད་འཇིན་རྟེན་གྱི།།
འཚོ་ཚིས་རྣམས་ཀྱིས་བཏང་པ་དང་།།
ལྔ་བའི་ལམ་དུ་འབྲོ་བའི་ཚེ།།
ཁྱོད་ཙམ་ཉམས་གསོའི་བཅུད་ལེན་བསྟེན།།


      མཚན་མོའི་མཆོད་དབྱངས།


 
ཡོན་པོའི་མིག་གི་ཟུར་མདའ་ཡིས།།
ཆགས་ལྡན་རི་དྭགས་སུ་ཡང་རྨས།།
ཕྱག་སོར་མུ་ཏིག་འཁྲི་ཤིང་གིས།།
རྣམ་རྟོག་སྐུད་པ་ཅི་ཡང་འདར།།

ཟིལ་ཐིག་ཕོག་པའི་ཞབས་སོར་ལ།།
རེག་པ་ཙམ་གྱིས་བས་མཐའ་ཡི།།
རྩི་ཤིང་རྣམས་མྱ་ངན་རྡུལ།།
ད་གཟོད་བྲལ་བ་བཞིན་དུ་མཛེས།།

ཞལ་རས་ཟླ་དཀྱིལ་ལ་ཕྲད་པས།།
མི་རྟག་པ་ནི་ཆགས་དྲགས་ཏེ།།
ཚེ་ཡི་འདུ་བྱེད་བཏང་བ་བཞིན།།
འཁོར་བའི་མཛེས་སྡུག་གཞན་ཡང་རྟག།

བུད་མེད་དེ་དག་བརྒྱན་བྱས་ཀྱང་།།
མཛེས་པའི་ཆ་ནི་མཐོང་བ་མེད།།
ཁྱོད་ཉིད་ཐ་མལ་གནས་པས་ཀྱང་།།
རྒྱན་དང་ལྡན་པའི་བྱེད་པ་སྟོན།།

མེ་ཏོག་དག་ནི་དྲི་བཞོན་གྱི།།
འོ་ལ་ཆགས་པས་བསུང་ཞིམ་འཕྱུར།།
གླུ་ལ་བྱང་བའི་བུང་བ་ཀྱེ།།
ཕར་ལ་མ་འགྲོ་ཨེན་ཙམ་སྒུགས།།

རང་བྱུང་དངུལ་དཀར་མེ་ལོང་དུ།།
མཛེས་པའི་ཆོ་འཕྲུལ་ཅི་མཐོང་བ།།
བརྩེ་བའི་འོད་རྡུལ་མ་ཉམས་པའི།།
སེམས་ཀྱི་ཟླ་བ་དཀར་པོར་མཆོད།།

སྙིང་པོ་བྲལ་བའི་མཚོན་བྱེད་དུ།།
ཁྱོད་ཀྱིས་སྟོངས་པའི་རྩེད་འཇོ་ལས།།
རྨི་ལམ་མི་མཛའ་ཆུ་ཤིང་གི།།
ཡལ་ག་དག་ཀྱང་མཛའ་བ་མིན།།


       སེམས་ཀྱི་རང་སྒྲ།



ལམ་གྱི་ངལ་དུབ་ལམ་གྱིས་སེལ།།
ཉི་མའི་ཚ་གདུག་ཉི་མས་འགོག།
ཁེངས་ལྡན་འབྲུ་དཀར་སྙེ་མ་རྣམས།།
ཁྱོད་ཀྱི་དྲི་ལའང་ཉེ་བར་འདུད།།

རླུང་བུ་བསིལ་བསིལ་ལྡང་བ་འདི།།
ཆུ་མོ་ཤག་ཤག་རྒྱུ་བ་འདི།།
བསྐལ་པ་སྟོང་གི་ཕ་རོལ་ནས།།
ཁྱོད་ཞལ་མཇལ་བར་འོང་ངམ་ཅི།།

རྟགས་བརྒྱད་རི་མོ་མ་ཡིན་ཞིང་།།
རིན་ཆེན་ཕྲ་རྒྱན་མ་ཡིན་པའི།།
ས་རུ་རྒྱུ་བའི་ལྷ་མོ་ནི།།
ད་རེབ་ཙམ་ལ་ཁྱོད་གཅིག་མཐོང་།།

ངད་པ་འཐུལ་བའི་མེ་ཏོག་ལ།།
གང་གི་བློ་ནི་འཇུག་པ་བཞིན།།
ཁེངས་པ་བྲལ་བའི་སེམས་ཀྱིས་ནི།།
སྐྱེ་དགུའི་ཡིད་ཀྱང་ཁྱོད་ལ་འགྲོ།།

སྙན་ངག་པ་དེ་བཟི་བའི་ཚེ།།
མཛེས་མ་མེ་ཏོག་དབྱེར་མེད་ཟེར།།
བདག་ནི་གང་གིས་མ་ཉེས་པར།།
ཁྱོད་ལུས་པདྨའི་འཁྲི་ཤིང་མཐོང་།།

དབྱངས་ཅན་དགྱེས་པའི་མེ་ཏོག།
ཕྱི་ནང་ཐ་དག་ཁྱོད་ལ་འབུལ།།
རོ་མའི་ལང་ཚོ་དང་བྲལ་བའི།།
མི་ཟད་ངག་གི་སྙིང་པོ་སྩོལ།།
ཨེ་མ་ནགས་ཀྱི་དྲང་སྲོང་གི།།
འཕྲུལ་གྱི་མིག་གིས་ལན་སྟོང་དུ།།
བལྟས་ཤིང་སླར་ཡང་བལྟ་བྱས་ཀྱང་།།
ཁྱོད་ཀྱི་བརྩེ་བའི་མཐའ་མི་དཔོག།

      གཟུགས་ཀྱི་ཉི་མར་ཕུལ་བ།



མྱ་ངན་མ་བྱེད་ནགས་ཁྲོད་ཀྱི།།
གསེག་ལམ་སྙེག་པའི་མཁའ་འགྲོ་མ།།
བྱམས་དང་བརྩེ་བའི་ང་རོ་ཅན།།
ཟླ་བའི་སེང་གེའི་རྨི་ལམ་དུ།།
ཁྱོད་ཀྱི་མཚན་དང་དཔེ་བྱད་ལས།།
སྐྱེ་འཆི་མེད་ཅིང་ཉི་ཟླ་མེད།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།