སེམས་ཀྱི་འགྱུར་ཁུག་གསུམ། སྒོ་ཤེས་རབ།

12154



             ཨེ་ཡོད་དམ།



ཉ་མོ་རྐྱལ་རྩལ་རྒྱས་ཀྱང་རྒྱུག་ས་མེད། །
ངང་བ་ཡུལ་རྩིས་ཆེ་རུང་འཁོར་ས་མེད། །
མཚོ་ཆུང་ཕོར་བ་ཙམ་ཞིག་མེད་ས་ན། །
དགོས་འདོད་སྟེར་བའི་ཀླུ་ཞིག་ཨེ་ཡོད་དམ། །

སྐར་མའི་བཀྲག་མདངས་མཛེས་ཀྱང་ངོམ་ས་མེད། །
ཟླ་བའི་འོད་མདངས་གསལ་ཡང་འཕྲོ་ས་མེད། །
ནམ་མཁའ་མེ་ལོང་ཙམ་ཞིག་མེད་ས་ན། །
གནམ་འཕང་སྟོད་པའི་རྒོད་ཅིག་ཨེ་ཡོད་དམ། །

སེམས་ལ་གཤོག་པ་ཐོགས་རུང་འཕུར་ས་མེད། །
ལུས་པོ་ཉི་མས་དྲོས་ཀྱང་སྒྱིང་ས་མེད། །
གནས་ཡུལ་ལག་མཐིལ་ཙམ་ཞིག་མེད་ས་ན། །
གསེར་གྱིས་བརྩིགས་པའི་ཁྱིམ་ཞིག་ཨེ་ཡོད་དམ། །



              དགུན་དུས།



འཇག་སྐྱ་རླུང་གིས་བསྒུལ་པའི་ཤུར་སྒྲ་དང་། །
སྲང་མདོར་རྡུལ་འཚུབ་འཁྱིལ་བའི་སྐྱོ་ཉམས་དང་། །
རི་རྩེ་ཁ་བས་མནན་པའི་འཁྱག་ཉམས་ཀྱིས། །
དགུན་གྱི་རྒྱལ་མོས་ལག་བརྡ་བཏང་བ་ཚོར། །

སྡོང་ལོ་ས་ལ་ཟགས་པའི་ལྗིད་ཤུགས་ཀྱིས། །
སྙིང་ཁ་མནན་པས་དབུགས་རིང་ལྷེམ་ལྷེམ་ཤོར། །
གཅིག་པུར་མཚན་མོའི་ནམ་མཁར་ཅེར་བའི་ཚེ། །
སྤྱང་མོའི་ངུ་སྐད་རྣ་བར་ཡང་ཡང་འཁོར། །



                ལོ་དེར།


  
ལོ་དེར་སྒེའུ་ཁུང་ངོས་ལ་ཟླ་ཟེར་ཕོག །
ཤག་གི་ཅ་ལག་དག་ཀྱང་ཇེ་གསལ་གྱུར། །
དཔེ་ཆའི་ཁ་བྱང་རྣམས་ཀྱང་མཐོང་བར་གྱུར། །
གྱེན་ལ་བལྟས་ཚེ་ཟླ་བ་འདར་གྱི་འདུག །

ལོ་དེར་སྒོ་ཐེམ་ངོས་སུ་མེ་ཏོག་བཞད། །
སྦྲང་ཆུང་ཆ་གཅིག་དེ་ལ་རྟག་ཏུ་འཁོར། །
སྦྲང་རྩིའི་དྲི་ཡིས་འགྲུལ་བ་དག་ཀྱང་མྱོས། །
ཞིབ་མོར་རེག་ཚེ་མེ་ཏོག་རྙིད་ཟིན་འདུག །

ལོ་དེར་ཐབ་ཀའི་འགྲམ་ནས་གཞས་ཤིག་གྲགས། །
དག་གསལ་སྙན་པའི་འགྱུར་ཁུག་གྱ་གྱུར་གཡོ། །
རི་དྭགས་རྣམས་ཀྱང་དེ་ལ་ཆགས་ནས་ཉན། །
གམ་ནས་ཉན་ཚེ་གཞས་པ་ངུ་བཞིན་འདུག །


      2019/11/12


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།