རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ཐུང་ཚན་པ་བདུན།

11239




       འབྲོང་ལྡོམ་པོ།

                                    སྙན་ངག་པ་གཉན་ལ་ཕུལ་བ།

 
ཡུལ་ནམ་མཁའ་ལྡིང་གི་རྫ་གསེབ་ན།
མུ་གེ་ཡི་ཡ་ང་མེད།
འཁྱག་རོམ་གྱི་ཁང་པ་མེད།

ཁྱེད་རང་འགྱིང་བའི་ཟོལ་གྱིས།
ཁྱུང་མཆུའི་རྩྭ་ཐང་གི་སྨུག་པ་ལག་མགོར་འཁྲིལ།
ཁྱེད་རང་སྒམ་པའི་ཚུལ་གྱིས།
མྱ་ངམ་ཐང་གི་ལ་མོ་བརྒལ་ནས་གངས་འདབས་སུ་ཐོན།

          ཡིད་སྤྲུལ།


 
དུས་ཚོད་རྙིང་སོང་བའི་ཁོང་ནས།
ངས་པི་ཝང་དཀྲོལ་བཞིན་ཡོད།
རྒྱུད་སྐུད་རེ་རེའི་སྟེང་དུ།
འཕུར་སོང་བའི་བྱིའུ་དག་གི་གྲིབ་མ་བཀུག་ཡོད།

ད་ནིང་ཞོགས་པར་ངའི་ལག་པ་འཇུ་ས་ནི།
རྨི་ལམ་གྱི་ནམ་མཁའ་ཧྲིལ་བོ་རེད།
ནམ་མཁའ་དེར་པི་ཝང་ལག་ཏུ་ཐོགས་ཡོད།
སྒྱུ་མ་དང་སྨུག་རྒྱུའི་སྲང་མདོ་ཆེ་ས་ཞིག་ནས།
པི་ཝང་གི་རྒྱུད་སྐུད་སྟེང་གི་བྱིའུའི་གྲིབ་མ་དག
གློ་རྡེག་ལ་འཕུར་སོང་།

      ལྟས་ངན།


 
ཁྱེད་ཀྱི་ལག་པ་གཉིས་ཀ་ངའི་གྱང་ངོས་ནས་གཟེངས་འོང་།
ལག་པ་གཉིས་ཀྱི་མཐིལ་ན་རི་མོ་ནག་ཤིག་གེར་གཡོ།
རྦབ་ཆུ་ལྟ་བུའི་ཚེ་ཡི་འདུ་བྱེད་དང་མིག་ཟུང་གཡོ།
གལ་ཏེ། ངའི་གྱང་ངོས་ཀྱི་རྩིག་པ་རྨང་ནས་འགྱེད་ཚེ།
ཁྱེད་རང་རྟ་ཕོ་དཀར་པོ་ཞིག་ཏུ་བཅིབས་ནས།
རྨ་ཆེན་གངས་འདབས་ཀྱི་ཤ་བ་ཡུ་མོ་ཞིག་ཏུ་འགྱུར་ཐུབ་བམ།

        འཁྲུལ་བ།


 
ངས་ཁ་གནམ་ལ་ཕྱོགས་ནས།
མགྲོན་ཁང་ནང་གི་གློག་སྒྲོན་རེ་རེར་བལྟས།
འོད་ཟེར་སྟོང་དང་ལྡན་པའི་གློག་སྒྲོན་དག་གིས།
སྐྱོ་ཉམས་ལ་ཚད་མེད་པའི་ངང་དུ།
ང་ལ་སེམས་གསོ་བྱེད་བཞིན་འདུག

        སྣང་སྲིད།


  
ཡིད་ཀྱི་རི་ལུང་ཐང་གསུམ་རླུང་བུས་དེད།
ཁྱེད་ཀྱི་ལུས་ཀྱི་བ་སྤུ་གཡོ་འམ་ཅི།
ངག་གི་ཡི་གེ་གསོན་མིག་ཅེར་བཞིན་འཆི།
ས་གཞི་འདི་ལ་སྙིང་རྗེ་མེད་སོང་ངམ།

   འཕྲུལ་བའི་སྣང་བ་ཁ་ཤས།



སྨུག་པས་སེམས་ངོ་ཟོས་པའི་ལོ་ཟླའི་ཕྲེང་།
ཡུན་ཐུང་ཙམ་དུ་བསྐྱུར་བའི་ཕྱི་མིག་ཁྲོད།
ཁ་བའི་ཁྲོད་ཀྱི་མགྲོན་པོ་དཔུང་རྗེན་དེ།
ཁོ་བོ་ཡིན་པར་ཁྱེད་ཀྱིས་ཨེ་བསམས་ལགས།

    ཚོར་བས་དཀྲིགས་པའི་དུས་ཚོད།


  
མི་རྣམས་ཀྱིས་ཕན་ཚུན་ལ་གདོང་གཏོད་དུས།
མིག་མདངས་དམར་པོ་རེད།
མིག་མདངས་ཁྲ་བོ་རེད།
མིག་མདངས་སེར་པོ་རེད།

མི་རྣམས་ཀྱིས་སའི་གོ་ལ་ནི་སྡོང་ལོ་ཞིག་ཏུ་འཁྲུལ་ནས།
ཁབ་ཀྱིས་འཚེམ་པར་བརྩོན།
རྡོ་ཡིས་འཚོག་པར་བརྩོན།
དབྱུག་པས་རྡུང་བར་བརྩོན།

དེ་ལྟ་ནའང་ཁྱེད་ཀྱིས།
ཞག་སྒྲོན་ཞིག་གི་འོད་སྣང་འགྲམ་དུ།
ཅི་ཞིག་བཟོས་ཚར་ཡོད།
དུ་བ་ལང་ལོང་གི་གྲོང་ཁྱེར་འགའ་ཞིག
ཁ་རས་བརྒྱབ་པའི་མི་སྣ་འགའ་ཞིག
ཞིང་ཚིགས་བར་གྱི་གཞས་སྣ་ཟ་ཟི།
རི་ལུང་ཁྲོད་ཀྱི་བྲག་འཆའ་གྱ་གྱུ།

ཁྱེད་ཀྱིས་གྲིབ་མའི་ཤུལ་ཏུ་ས་སྤར་མོ་གང་རེ་བཏབ་ནས།
མེ་ཏོག་སྔོན་པོ་རེ་སྐྱེ་བར་སྨོན་ལམ་བརྒྱབ།
ད་དུང་ཡིད་མ་ཚིམ་པར་ལག་པ་གཉིས་ཀ་སྤྱི་བོར་བཞག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།