སྙན་ངག་ལ་སྦྱར་བའི་ཟློས་གར།

9902


                      རྩོམ་པ་པོ། སེར་ལེགས་འཕྲིན།


                   ____དབྱངས་ཅན་ལ་བྲིས་པའི་གླུ།

      གླེང་སློང་བ།



བརྣགས་ཤིང་རྡུལ་ལ་མི་གཙང་བའི།།
འགྲོ་བའི་གཟུགས་ཀྱི་སྐྱོན་མཐོང་ནས།།
སྒྱུ་ལུས་པདྨའི་འཁྲིལ་བག་གིས།།
ཁྱོད་ལ་མངོན་དགའི་རི་མོ་འབྲི།།

     འགོ་རྩོམ་པའི་འཁྲབ་ཚན།


གང་ན་སྒྲིབ་གཉིས་སྣང་བ་རང་གྲོལ་ངག་གི་ལྷ་ལ་ཕྱག་འཚལ་ལོ།།
གང་ཞིག་རྐྱེན་གྱིས་རྨོངས་པར་མ་བྱས་རིག་པ་རླུང་གི་འཕྲུལ་འཁོར་གྱིས།།
གང་ཚེ་ཚིག་དང་སྣང་བ་རོ་གཅིག་སྒྱུ་མའི་རྩེ་དགའ་གྲོལ་བ་ན།།      
གང་གང་སྲིད་པའི་རྙི་ལ་མ་ཐོགས་འགྲོ་བའི་མིག་གི་རི་དྭགས་བསླུ།།

 [འཁྲབ་ཡོལ་བཤུས་མ་ཐག་ཏུ་གར་སྟེགས་ཀྱི་རྒྱབ་ལྗོངས་སུ།རྐྱེན་ལ་བཏགས་པའི་གངས་རི་ཁེར་རྐྱང་། ཕྱོགས་བཞི་ན་འཕྲུལ་ཆས་ཀྱི་སོ་ཁ་རྣོ་ངར་ལྡན་པ་དག་གིས་འབྲེག་པ་དང་།གཏུབ་པ་དང་།བཤིག་པའི་ཆོ་ངེ་སྐྱི་གཡའ་བ་ཞིག་གིས་ལྟད་མོ་བ་ཡོངས་སྨྲ་མི་ཤེས་པའི་འཇིགས་རུང་གི་དུས་ཚོད་ཅིག་ལ་འཁྲིད་པར་བྱེད།ཇ་ཡུན་ཙམ་གྱི་རྗེས་ནས་གར་སྟེགས་རྒྱབ་ལྗོངས་སུ་སྨིག་རྒྱུ་རབ་རིབ་ཀློང་ན་གསལ་ལ་མི་གསལ་བའི་སྦྲ་ནག་ཅིག་དང་།བག་ཕེབས་ངང་རྩྭ་ཆུར་རོལ་པའི་ནོར་ལུག་སོགས་རེས་མོས་ཀྱིས་ཤར་བས་ལྟད་མོ་བའི་སེམས་པ་ཅུང་ཙམ་ལྷོད་ལ་བབས་པ་དང་བསྟུན་ནས།མདོ་འཛིན་པ་ད་སོ་མར་རྙི་ལས་ཤོར་བའི་རི་དྭགས་རྨས་མ་ཞིག་ལྟར།དོགས་ཟོན་གྱི་མིག་གིས་ལྟད་མོ་བར་བལྟ་བཞིན་གར་སྟེགས་སུ་སླེབས་ཏེ་ན་རེ།]


རང་གི་སེམས་ནི་སྒྱུ་མའི་གློག་ཞུ་ལྟར།།
སྲིད་པའི་མཛེས་པར་རེག་པའི་ཁ་དོག་དེས།།
འཁོར་བའི་བདེན་པ་གླུ་རུ་བླངས་ནས་ནི།།
སྟོང་བ་གཟུགས་ཀྱི་སྒྲོན་མེ་གསལ་བར་བྱས།།
སྲ་མོ་ལྕགས་ཀྱི་ནམ་མཁའ་ཆེན་པོ་འདིས།།
བརྩེ་བའི་ཉི་ཟླ་བཙོན་དུ་བཅུག་གྱུར་ཏེ།།
སྙིང་རྗེའི་རྒྱུ་སྐར་སིལ་བུར་འཐོར་བ་ན།།
གཅེར་བུའི་རྣམ་ཤེས་བར་དོའི་འཕྲེང་ལ་བྲོས།།
རྒྱབ་ཀྱི་གངས་རི་བཤིག་པའི་ཆོ་ངེ་ཡིས།།
ཡིད་ལ་བརྣག་དཀའི་འཇིགས་སྐྲག་བཟོས་ན་ཡང་།།
ལུས་ཀྱི་རྨ་ཁ་སླར་ཡང་སོས་གྱུར་བས།།
བསིལ་བའི་སྦྲང་ཆར་སེམས་ཀྱི་ཡལ་ཀར་བབས།།
ལས་ཀྱི་མདུད་པ་གྲོལ་བའི་ཡི་གེའི་སྒྲུང་།།
ཆུ་བུར་མིག་གིས་་་་་          །།


 [མཚསས་དེར་འཁྲབ་ཡོལ་བརྒྱབ་སྟེ་མདོ་འཛིན་པའི་ཚིག་རྗེས་མ་དག་མི་གསལ་བར་གྱུར།]

        འཁྲབ་ཚན་དང་པོ།

         དབྱངས་ཀྱི་དྲི་བསུང་།



སེམས་ཀྱི་འོད་ཟེར་བདུད་རྩི་ཆུ་འབེབས་མ།།
སྣང་བའི་སྒྲུང་དང་ཉི་མས་འཐུང་བའི་རྗེས།།
ལུས་ཀྱི་ལྕགས་ཁྲབ་གདུང་བའི་རྨ་ཁ་ཅན།།
ཚེ་ཡི་བུ་ལོན་བཞིན་དུ་ལྕི་དྲགས་པས།།
སྐྱེན་པོའི་རྣམ་ཤེས་གློག་གི་ཞོན་པ་ཅན།།
སྲིད་པ་གངས་རིའི་མཐའ་ལ་བྲོས་པ་ན།།
མི་སྡུག་རྫས་ཀྱི་ལག་པས་མ་བྱས་པའི།།
སྨྲ་བསམ་བརྗོད་མེད་དབྱངས་ཀྱི་དྲི་བསུང་རྙེད།།
དེ་ཚེ་ལུས་ཀྱི་རི་མོའི་ནགས་ཚལ་ནས།།
ཚ་གྲང་འཇིགས་པའི་འཐབ་རྩོད་ཞི་བ་ན།།
མདུན་གྱི་གཙང་བོ་བང་གིས་རྒྱུག་མཐོང་ནས།།
བཞོན་པའི་རྟ་ལ་སེམས་ཀྱི་གླིང་བས་བྲབས།།

 [རོལ་དབྱངས་དེའི་འགྱུར་ཁུགས་ཀྱི་རྦ་རླབས་ཁྲོད་དུ་མདོ་འཛིན་པས་དམིགས་པ་རྩེ་གཅིག་ཏུ་གཏད་པའི་ཚུལ་གྱིས།]  ཨེ་མ་གླུ། གླུ་ཨེ་མ་ཧོ། འདི་ལ་དབྱངས་ཀྱི་དྲི་བསུང་གི་བདུག་པ་བར་མེད་འཐུལ་ཅིང་།  འཇམ་པ་དང་། མཉེན་པ་དང་། དལ་བ་དང་། སྙན་པའི་ཆ་ཀུན་ནས་རྫོགས་པར་བྱེད་ཅིང་། འདི་ཡིས་བདེན་པ་གསལ་བའི་ཟླ་འོད་ཀྱི་མཛེས་པ་འདྲེན་པའི་ཚིག་ཁོ་ནས་རྗེས་སུ། གདུང་བ་བཅོམ་པ་དང་། རེག་བྱ་འཕྲོད་པ་དང་། ཤེས་པ་རྙེད་པའི་ཐབས་དམ་པ་གསུམ་རོལ་ཏུ་བསྟོན་པར་བྱེད་དོ།།

 བདག་གི་ཡིད་ནི་སྙན་པའི་གདངས་ཀྱིས་ཚིམས་པ་དང་།།
བདག་གི་མིག་ཀྱང་མཛེས་པའི་གར་གྱིས་བསླུས་པ་ཡིས།།
བདག་གི་གྲོགས་མོ་བདེན་པའི་ཚིག་ལ་དུངས་གྱུར་ནས།།
ནམ་ཞིག་དབྱངས་ཀྱི་དྲ་བ་འདི་ལས་ཐར་མི་སྲིད།།

 [རེས་འཇགས་རེས་གྲག་གི་རོལ་དབྱངས་ཀྱི་བབ་དང་བསྟུན་ནས། བསང་དུད་དང་རླུང་རྟའི་རྡུལ་འཚུབ་དབུས་སུ་རྟ་ཕོའི་གོམ་འགྲོས་ལྷོད་ཀྱང་དལ་བའི་ངང་སྐྱ་མི་སླེབས་བྱུང་། ཁོའི་མིག་གིས་ཐག་རིང་གི་འཇིག་ལ་ཉེ་བའི་གངས་རིར་བལྟ་བཞིན་ཀི་གསུམ་བཏབ་སྟེ་ན་རེ།]


གདོད་མའི་འོད་གསལ་ཞི་བའི་ཀློང་ཡངས་ན།།
མཛེས་པའི་མཐུ་དང་བཙན་གྱི་གློག་ཞགས་འཁྱུག།
མཁྱེན་པའི་རྩལ་དང་དཔལ་གྱིས་དྲེགས་པ་ཡི།།
མི་འཇིགས་སྤོབས་པའི་ལྷ་ལ་བདག་ཕྱག་འཚལ།།
སྲིད་པའི་རྡུལ་དང་སྨིག་རྒྱུའི་དྲ་བ་རུ།།
མདོག་དང་སྣང་བ་གཟེར་མས་བརྙས་པ་ཡི།།
བདག་གི་གངས་རིའི་ན་ཚ་འདི་མཐོང་ནས།།
མི་ཤིགས་བརྩེ་བའི་ཕྱག་རྒྱ་སྙིང་ལ་ཕོབས།།

   མདོ་འཛིན་པ་ན་རེ།
ཀ་ཡེ། ཉོན་མོངས་ཀྱི་ཤ་ཚུགས་བདོག་ཅིང་། ཆུ་བར་མིག་གིས་མ་སངས་པའི་སྒྲིབ་པ་གྱོན་པའི་མགྲོན་པོ་ལགས། འདུས་བྱས་ཀྱི་སྤྲིན་དང་དུ་བས་བསྐྲུན་ཅིང་། འདུས་བྱས་ཀྱི་སྤྲིན་དང་དུ་བས་བཤིགས་པའི་སྲིད་པ་མི་རྟག་པའི་ཆོ་འཕྲུལ་ལ་དེ་འདྲའི་འཇིགས་དོན་ཅི། གཡར་མའི་ལུས་པོའི་སྣོད་དུ་མ་ཆུད་པའི་ཚོར་བ་རྔམ་ནག་གི་གཙང་བོ་རྒྱ་ཡན་དུ་ཐལ་བ་འདི་ཨ་ཙ། དེ་བས་ཟག་པ་མེད་པའི་དབྱངས་ཀྱི་དགའ་སྟོན་འདིས་རྣ་བའི་བདེ་སྐྱིད་གསོས་ལ། ཉེས་པ་མེད་པའི་ཚིག་གི་ག་བུར་སྙིང་ལ་སིམ་པར་བྱོས་དང། དལ་གཅིག་སྐྱེས་པ་འདིའི་ངལ་དུབ་སེལ་ཞིང་། མ་རིག་པའི་དབང་བཙན་པོས་བསགས་ཤིང་བགྱིས་པ་དག་བྱང་ཞིང་འདག་གོ།
         སྐྱ་མི་ན་རེ།   
དེས་ན་རང་ཅག་གི་བླ་དང་རྣམ་ཤེས་གང་དུ་སྐོང་། རང་བྱུང་ཁམས་ཆེན་མོས་གཅེས་པར་བསྐྱངས་པའི་རླུང་རྟ་སྡེ་བཞི་གང་དུ་འཐེན། སྲོག་གི་དབང་བོ་མ་ཉམས་པའི་སྟག་སེང་ཁྱུང་འབྲུག་གི་དཔའ་དང་སྙན་པ་གང་གིས་མཚོན། མཐུ་དང་སྟོབས་ཀྱི་འབྱུང་ཁུངས་སུ་བདོག་པའི་གཙང་བོ་ཆེན་པོ་དེས། མ་ཡུམ་གྱི་བྱམས་བརྩེ་དང་ཞི་དུལ་བསྣམས་ནས་སྲིད་པ་གསུམ་གྱི་མཐའ་རུ་ངལ་དུབ་ཀྱི་རྐང་རྗེས་བཀོད་པ་དོན་མེད་དུ་གྱུར་བ་ཨེ་ཡིན་ནམ།    


སྲིད་པའི་ཕུན་ཚོགས་བདེན་བཞིའི་རུ་མཚོན་ཆེ།།
རྟ་མཆོག་རྨིག་པས་བསྐྱེད་པའི་དཔལ་གྱི་རྡུལ།།
ལྗོངས་འདིའི་ཁམས་ན་ཡལ་བ་མེད་པ་ཡིས།།
བདག་གི་གངས་ཀྱི་རྨ་ཁ་སོས་གྱུར་ཅིག།


 [སྐབས་དེར་རྒྱབ་ལྗོངས་ཀྱི་ཤི་མིན་གསོན་མིན་དུ་གནས་པའི་གངས་རི་དེས་ཆེས་མཛེས་པའི་དབུགས་ངལ་ཐེངས་ཤིག་གསོ་བར་བྱེད།]

         མདོ་འཛིན་པ་ན་རེ། 
དེས་ན་སྨུག་སྤྲིན་དེའི་ངོ་བོ་ཅི་ཞིག་རེད།

          སྐྱ་མི་ན་རེ།

ཆོས་ཉིད་ཀྱི་ཞགས་པས་མི་ཟིན་པའི་སྣང་བ་དང་རལ་གྲིའི་འཁྱུག་གར་རེད།

མདོ་འཛིན་པ་ན་རེ། 
དེས་ན་རིང་ཐུང་མི་འདྲ་བའི་གྲིབ་མ་དག་གིས་ཅི་ཞིག་མཚོན།
སྐྱ་མི་ན་རེ།
འཇིག་རྟེན་གྱི་སྙིང་བོ་བདེ་སྡུག་གི་གཏའ་མར་བཞག་པ་མཚོན།

མདོ་འཛིན་པ་ན་རེ།
དེས་ན་སྐྱེ་འཆི། ཤིང་བལ། གདོང་འབག

སྐྱ་མི་ན་རེ། 
དོན་གྱི་བུ་རམ་ལ་འབྱར་བའི་ཚིག་གི་སྦྲང་མའི་གཤོག་གླུ་རེད།

མདོ་འཛིན་པ་ན་རེ།
ཁྱོད་ཀྱི་འཁྱག་ཤི་ཐེབས་པའི་འབངས་མི་དག་མི་མཐོང་ངམ།

སྐྱ་མི་ན་རེ།
ཡུལ་ལྷའི་རྩེ་ཡི་ལབ་ཙེ་དང་དར་ལྕོག་གི་བཟོ་བཀོད་ཕུན་སུམ་ཚོགས་ལ རྫ་རིའི་སྐེད་དུ་འཕྱུར་བའི་སྨུག་པ་ལྟ་ན་སྡུག སྤང་ལྗོངས་དང་ཆུ་ཕྲན་ཡིད་དུ་འོང་བས་ངས་དེ་དག་བློས་གཏོང་ཐབས་བྲལ།

མདོ་འཛིན་པ་ན་རེ། 
གང་ངོ་མཚར་དང་ལྡན་པར་གྱུར་ན་དེའི་ཕག་ཏུ་བདེ་སྡུག་གི་སྣང་བ་ཟད་མི་ཆད། གང་ཞིག་སེམས་ལ་མཛའ་བ་དེ་ཙམ་གྱིས་རྟག་འཛིན་གྱི་གདུང་བ་རྒྱུན་མར་འདེབས།

སྐྱ་མི་ན་རེ། 


ཨེ་མ་བདག་གི་གངས་དཀར་ལྷུན་པོ་ལགས།།
སྣང་བྱེད་ཉི་ཟླས་ཁྱོད་ཀྱི་ཞལ་ཁ་ཕྱེས།།
སྐྱ་རེངས་གཤོག་པས་ཁྱོད་ཀྱི་དབུ་འཕང་བསྟད།།
བརྟན་གཡོའི་མཛེས་སྡུག་ཁྱོད་ཀྱིས་བདག་གིར་བཞེས།།

 [རྟ་ཕོ་རྐྱང་ནག་གིས་མགོ་འཕང་གཟེངས་སུ་བཏེགས་ནས་འཚེར་སྐད་ལན་གཅིག་འཐེན་པ་ན། གར་སྟེགས་ཧྲིལ་བོ་ཡོམ་ཡོམ་འགུལ་ཀྱང་། རྒྱབ་ངོས་ཀྱི་གངས་རི་ཁོ་ན་བརྟན་བརླིང་ངེར་འདུག]

མདོ་འཛིན་པ་ན་རེ། 

 འདི་ནི་དུས་མཐའི་མིག་གི་ལྟད་མོ་སྟེ།།
སྒྱུ་མའི་ཆོས་ཉིད་རྡུལ་དུ་སྣང་བ་ཙམ།།
སྟོང་བ་ཐོགས་ཐུག་མེད་པ་རྡོ་རྗེའི་མགུར།།
སླར་ཡང་བདག་གི་མགྲིན་ནས་གླུ་རུ་འཕྱོ།།


[སྐབས་དེར་གངས་རི་དེའི་རང་མདངས་ཇེ་གསལ་ལ་སོང་ཞིང་། ཉི་འོད་དང་སྤྲིན་དཀར་གྱི་མཚམས་སུ་བྱ་རྒོད་ཀྱིས་ལྡིང་སྐོར་རྒྱག་ལ། གར་སྟེགས་ཀྱི་ཕྱོགས་སོ་སོ་ནས་གདངས་སྙན་པའི་རི་གླུ་གྲགས་ཡོང་།རི་གླུའི་གདངས་མ་ཉམས་པའི་མཚམས་སུ་གར་སྟེགས་ཀྱི་གཡོན་ཕྱོགས་ནས་སློག་པ་སྐྱ་བོ་གྱོན་པའི་རྫི་མོ་སླེབས་བྱུང་།   ]

མོས་རི་གླུའི་ངག་རྟ་ལ་བསྐྱོན་ཏེ་ན་རེ།

 འཆར་ཀའི་རང་མདངས་བསྒྲིབས་པའི་ཤྭ་འོད་ཀྱིས།།
སྦྲ་ནག་གསུས་པ་རལ་བའི་འགལ་རྐྱེན་འོག།།
བུ་མོ་བདག་ཀྱང་མཛེས་པའི་རི་ལུང་དང་།།
བྲལ་ནས་བས་མཐའ་འདི་རུ་འཁྱམ་དགོས་བྱུང་།།
སྐལ་བ་ངན་པས་རྙོག་པར་མ་བྱས་ལ།།
ཉི་འོད་རྩུབ་མོས་སྐེམ་པར་མ་གྱུར་བའི།།
བདག་གི་སེམས་ཀྱི་ཆུ་མིག་འོད་ལྡན་མ།།
ད་རེས་ལན་གཅིག་འཛུམ་པའི་དུས་བཟང་ཤར།།
སྙན་མོའི་གཞས་ལ་དྲི་བསུང་འཐུལ་བ་འདིས།།
དྭངས་མའི་སེམས་ལ་ཕྱི་ནང་མེད་པ་མཚོན།།
ཁྲ་ཆུང་མིག་ལས་ཟིལ་བ་འཚུབ་པ་འདིས།།
བརྩེ་བའི་འཇའ་ལ་ནག་ནོག་མེད་པ་མཚོན།།

[མོས་ཙག་དང་བསེར་བུས་ཕྱིད་པའི་ངོ་གདོང་དེ་ལྟད་མོ་བར་སྟོན་མ་འདོད་པར་ཁ་ཕར་འཁོར་ནས་སྡོད།]
[མདོ་འཛིན་པས་རྒྱབ་ལྗོངས་ངོས་ཀྱི་གཞུང་ལུགས་ཡོད་ཚད་ཀྱི་ཕྱི་མོར་བསྔགས་པའི་ནགས་ཚལ་ཞིག་ལ་མཛུབ་མོ་བཙུགས་ཏེ། ]ཀྱེ་གྲོགས་མོ།
འདི་ལས་བདེ་དགེ་མཛེས་གསུམ་གྱི་ལོངས་སྤྱོད་ཆད་པ་མེད་པར་འབྱུང་བས་ན། འདི་ལ་བས་མཐར་བསྙད་པ་མ་ལགས་སོ།།
འདི་ཡིས་བདག་ཅག་གི་ཁམས་དང་སྐྱེད་མོས་ཚལ་རྒྱས་པར་བྱེད་ལ། འགྲོ་བ་རྣམ་པར་དགྱེས་པའི་རིག་བྱེད་ཀྱི་ཚིག་དང་དཀའ་ཐུབ་ཀྱི་དབྱངས་བསྟོབ་པོ།། འདིས་བུ་མོ་ཁྱོད་ཀྱི་བཞིན་རས་དུས་ཀྱི་ཚད་པ་དྲག་པོས་ཉམས་པར་བྱས་པ་སླར་གསོའོ།།

རྫི་མོ་ན་རེ།

 ཐོས་པའི་དབྱངས་དང་རྙེད་པའི་ཚིག་གི་འབྲུས།།
བུ་མོ་བདག་གི་སེམས་ཀྱི་རི་དྭགས་ཀྱང་།།
ས་གསུམ་ནགས་མའི་ཚལ་ནས་འདིར་ལྷགས་ཏེ།།
ཉམ་ཆུང་མིག་གི་འཇིགས་ཚོགས་རེ་ཞིག་ཡལ།།
འོན་ཀྱང་དྭངས་མའི་གྲོགས་དང་མཛའ་བའི་གཉེན།།
བརྩེ་བའི་ཆུ་ཀློང་དུངས་པའི་སྤང་ལྗོངས་དང་།།
ལས་ཀྱིས་བྲལ་བའི་ཡ་ཆུང་གདུང་བའི་སྨག།།
སེལ་བའི་ཟླ་འོད་ལག་པས་ཟིན་ལགས་སམ།།

མདོ་འཛིན་པ་ན་རེ།


ཀུན་ནས་རྨོངས་ཤིང་སྐྱོ་བས་གཏམས་པའི་གདུང་སྨྲེ་ཡིས།།
བདག་གི་དབྱངས་ཀྱི་ནམ་མཁའ་གཙང་མ་སྦགས་ཉེན་པས།།
འདྲེན་པ་ཁྱེད་ཀྱི་ཤེས་རབ་སྣང་བའི་གློག་ཞགས་ཀྱིས།།
སོར་སྐྱེས་འདི་ཡི་ཆུ་བུར་མིག་ལ་རམ་འདེགས་མཛོད།།

སྐྱ་མི་ན་རེ།

རྫི་མོ་ཁྱོད་ཀྱི་མཆོག་ཏུ་དྭངས་པའི་སེམས་བསྐྱེད་ཀྱིས་ང་ཚོའི་མགོ་ཐོག་གི་སྐྱེ་རྒ་ན་འཆིའི་སྨུག་སྤྲིན་སྟུག་པོ་དལ་ཅིག་གསལ་པར་བྱས་ཤིང་།ཁྱོད་ཀྱི་ཕ་ཡུལ་ཨེ་ཡིན་སྙམ་པའི་བློས་བསླངས་ཤིག་གིས་ཇག་པ་བདག་གི་ཡིད་ཀྱི་ཞེ་སྡང་འཇགས་ཅིང་།མིག་གི་མུན་པ་ཞི་བའི་སྐལ་བཟང་ཤར།
[མཚམས་དེར་རྒྱབ་ཀྱི་གངས་རི་དཀར་པོ་དེ་སླར་ཡང་འཕྲུལ་ཆས་ཀྱི་སྒྲ་དང་རྫས་དུག་གི་དུ་བའི་གསེབ་ནས་མི་མངོན་པར་གྱུར།
འཁྲབ་ཡོལ་བརྒྱབ། 
འཁྲབ་ཚན་དེ་ཡིས་ལྟད་མོ་བའི་སེམས་ཀྱི་རེ་བ་བསྐང་མ་ཐུབ་པས།ཕན་ཚུན་ལ་ལེ་བདའ་དང་འཁང་རའི་གཏམ་ཤབ་ཤུབ་ཏུ་སྨྲ]

མ་རྫོགས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།