ལྷ་སའི་སྙན་ངག[སྙན་ཚོམ]

8138


                    རྩོམ་པ་པོ། འཕན་ཕྲུག་ཆོས་འཕེལ། (ལྷ་ས)

        ལྷ་སའི་གཞས་དབྱངས།


 
ལྷ་ས་ནི་མིའི་རིགས་ཀྱི་ས་ཁྲ་ཡིན།
རང་ཉིད་ལ་དབང་བའི་ལམ་ཁ་ཡོད་ཚད་འདི་ནས་བཙལ་འཚོལ་ཐུབ།
ལྷ་ས་ཤིན་ཏུ་ཆེ་ནའང་དོན་དུ་ལྷ་ས་ཧ་ཅང་ཆུང་།
ཆེ་ཡང་ནམ་མཁའ་ཙམ། ཆུང་ཡང་སྦར་མོ་གང་།
 
གནམ་ལ་འཁོར་ལོ་རྩིབས་བརྒྱད།
བར་ལ་བཀྲ་ཤིས་རྟགས་བརྒྱད།
ས་ལ་པདྨ་འདབ་བརྒྱད།

ལྷ་ས་ནི་རྡོ་བའི་གྲོང་ཞིག་མིན་པར་སྤང་དང་ན་ཁ་ཡིན།
ལྷ་ས་ནི་ལྷ་ཚོགས་ཀྱི་མཁར་རྫོང་མིན་པར།
མི་རབས་མང་པོའི་ཁྲག་དང་རྔུལ་ཆུ་ཡིན།
 

            ཕོ་བྲང་པོ་ཏ་ལ།



རྡོ་དང་ས་ཡིས་བཞེངས་པའི་ཕོ་བྲང་། ཕོ་བྲང་པོ་ཏ་ལ།
མཐོ་ཟེར་ན། ལྷ་ཚོགས་ལ་ཕུལ་བའི་གསེར་གྱི་མཎ་ཌལ་འདྲ།
དམའ་ཟེར་ན། ཀླུ་ཡི་ཞིང་ཁམས་འཇིགས་པའི་མཐོ་ལྕགས་བཞིན།
ལོ་དང་ཟླ་བའི་སྐྱིད་སྡུག་མ་ལུས་སྙིང་ཁར་སྒྲོན་ཏེ།
གཞས་ཆེན་དང་ལྷ་མོའི་དབྱངས་ཀྱིས་བཏེགས་པའི་ཞིང་ལ།
མཛའ་བཤེས་ཟབ་པའི་མིག་ཟུང་ཀེམ་ཀེམ་གཡོ།
 
གཡའ་དག་པའི་ནམ་མཁའ་དང་ས་གཞིའི་གཙུག་ཏུ།
དྲང་བདེན་གྱི་དོན་དུ་འཚོ་བའི་ལོ་རྒྱུས་ཀྱི་རྡོ་རིང་སྟེ།
ཕོ་བྲང་པོ་ཏ་ལ། ཁྱེད་ལ་ད་རུང་བཟོད་དཀའ་བའི་ན་ཟུག་ཇི་ཙམ་ཡོད།
བརྗེད་དཀའ་བའི་རྨ་ཁ་ཇི་ཙམ་ཡོད།
 

       ལྷ་ལྡན་གཙུག་ལག་ཁང་།



ཇོ་བོ་འཛུམ་དམུལ་དམུལ། ཆོས་སྒྲ་སྙན་ལྷང་ལྷང་།
བསང་དུད་ཀྱིས་དཀྲིགས་པའི་དགུང་དུ། ཉི་འོད་སྔར་བཞིན་འཇམ་ཅག་གེ།
ལྷ་སའི་བར་སྐོར་ནང་ལ།
མཇལ་སྐོར་བརྒྱ་འགྲོ་སྟོང་འགྲོ།
མུན་པ་ལྷོ་ལ་བགྲོད། ཉི་མ་བྱང་ལ་བགྲོད།
 
ལྗོངས་རྒྱུ་བའི་པར་མིག་ནང་གི་ཆོས་རྒྱལ་སྲོང་བཙན་དང་རྒྱ་བཟའ་བལ་བཟའ།
འབྲུག་པ་ཀུན་ལེགས་དང་རྒྱལ་བ་ཚངས་དབྱངས་པ།
ད་རུང་མིང་གིས་མ་ཟིན་པའི་སྐྱེས་བུ་དེ་ཚོ།
ཡང་ཡང་དྲན་བྱུང་།

      སེ་འབྲས་དགེ་གསུམ།


 
ཡུམ་ཤིང་བཟའ་ཨ་ཆོས། ཁྱོད་ད་རུང་བུ་ཆུང་དྲན་ནམ།
བུ་དང་བུ་མི་འདྲ་བའི་ལྷ་སྲས་དེ་དྲན་ནམ།
ཆོས་ཀྱི་སྦྲང་ཆར་ཉི་ལི་ལིར་ཕབ་པའི།
སེམས་ཀྱི་མ་རིག་ངང་གིས་དྭངས་འགྲོ་བའི།
ཐོས་ན་རྔ་དང་རྒྱ་གླིང་ལྟ་བུའི།
དྲན་ན་ཉི་མ་ཟླ་བ་ལྟ་བུའི། བུ་ཆུང་སྙིང་རུས་ཅན་དེ་དྲན་ནམ།
 
དགེ་འཕེལ་དབུ་རྩེའི་དར་ཤིང་དེ།
དད་ལྡན་ཅན་གྱི་སེམས་པའི་རྒྱབ་རི་ཡིན།
དགའ་ལྡན་དབང་པོ་རི་ཡི་རླུང་དར་དེ།
བསོད་ནམས་ཅན་གྱི་དངོས་གྲུབ་ཡིན།
སེ་ར་དབུ་རྩེའི་བསང་དུད་དེ།
མགོ་ནག་བོད་མིའི་རྨུ་ཐག་ཡིན།
 
དྲིལ་བུ། སྦུབ་ཆལ། འཁར་རྔ།
འདུ་ཁང་། ལྷ་སྐུ། མར་མེ།
དེ་དག་ཡོད་ཚད་ལྷག་བསམ་ཅན་གྱི་ཐོས་པའི་ཨ་ལོང་ཡིན།

        ལྷ་སའི་གླིང་བཞི།①



བལྟས་ན་ཕྱོགས་བཞི་འདྲ་བའི་གླིང་བཞི།
དྲན་ན་མཐུན་པ་སྤུན་བཞི་ལྟ་བུའི་གླིང་བཞི།
 
གླིང་བཞི་ནི་རྒྱལ་ཆེན་རིགས་བཞི་འདྲ།
གླིང་བཞི་ནི་ས་ཆུ་མེ་རླུང་འདྲ།
 
ལྷ་སའི་གླིང་བཞིས་ལྷ་སའི་སྐྱིད་སྡུག་དྲན།
ལྷ་སའི་གླིང་བཞི་མི་ཚོགས་དབུས་ན་ལུས།

①ཚེ་སྨོན་གླིང་།ཞི་བདེ་གླིང་།བསྟན་རྒྱས་གླིང་།ཀུན་བདེ་གླིང་།

         ལྷ་སའི་སྐྱིད་ཆུ།


 
 
ཤང་ཤང་ཤང་ལ་རྒྱུགས་པའི་ལྷ་སའི་སྐྱིད་ཆུ།
རྩེ་མོ་གངས་དང་རྫ་ལ་ཟུག་པའི།
རྩ་བ་རྒྱ་མཚོའི་ཟབ་སར་བསྲིངས་པའི་ལྷ་སའི་སྐྱིད་ཆུ།
ངའི་མཇུག་མཐའི་གཞས་དབྱངས་ལེན་ས།
ཁེར་རྐྱང་གི་ཡུལ་ནས་ཁེར་རྐྱང་གི་སེམས་གཤིས་ལ་ཆང་མངར་འདྲེན་ས།
 
དྲོ་སོབ་སོབ་ཀྱི་ཉི་འོད་འོག་ཏུ།
ཁྱེད་ཀྱི་མིག་ཟུང་ལས་ཞི་བདེ་བརྙེད།
རྦ་རླབས་ཆལ་ཆིལ་གྱི་བང་རིམ་ནས།
འཁོར་བའི་སྙིང་པོ་ཟེགས་མ་བཞིན་འཐོར།
 
སྐྱིད་ཆུ།སྐྱིད་ཆུ།
ངའི་བྱང་ཁོག་སྟོད་ཀྱི་ཡབ་གཞིས།
ངའི་བྱང་ཁོག་སྨད་ཀྱི་མཚེར་ས།
 

         ལྷ་སའི་མང་ཚོགས།



སྟོན་པ་བོད་ལ་བཞུགས།
དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་མིན་ཡང་།
གངས་ཀྱི་མེ་ཏོག་ཚོམ་བུར་བཞད་པའི་ཡུལ་ལ་བཞུགས།
 

སྔ་མོ། ལྷ་ས་བ་ཚོ་ཞི་ལྷོད་ཀྱི་འཚོ་བར་རོལ།
དད་པ་བཅོས་མ་མིན་པས་བསོད་ནམས་ཉི་མ་འདྲ།
སྟོན་པ་སྔར་བཞིན་བོད་ལ་བཞུགས།
 
སྔ་མོ། ལྷ་ས་བ་ཚོ་འདོད་ཆུང་ཆོག་ཤེས་མངའ་བས།
བདེ་སྐྱིད་ཟླ་བ་འདྲ།
སྟོན་པ་སྔར་བཞིན་བོད་ལ་བཞུགས།

སྔ་མོ། ལྷ་ས་བ་ཚོ་ད་ལྟ་དང་གཏན་ནས་མི་འདྲ་བས།
ཡོད་ཚད་ད་ལྟ་དང་གཅིག་པ་ག་ལ་ཡིན།
 
                   ༢༠༡༩ལོའི་ཟླ་བ༦པའི་ཚེས༣ནས༩བར།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།