གྲིབ་མ་འཁྱག་པའི་ནང་གི་ང་།
བུམ་པའི་ནང་གི་མེ་ཏོག་རྙིད་ཚར་དུས། དགུན་ཟླ་སླེབས་ཤིང་། Mari ཁྱེད་རང་སོང་ཤུལ་ཏག་ཏག་རེད། སྐབས་དེར་བདག་གིས་སྡོང་རྩ་ཞིག་སྙེགས་ཤིང་། རང་ལུས་ཤོང་ཙམ་གྱི་སྐྱིབས་ཤིག་འཚོལ་བཞིན་ཡོད། སྡོང་མགོ་རུ་བྱིའུ་དག་གིས་ཀྱུར་ཀྱུར་གྱིས་སྐད་འབྱིན་པ་དེས། ང་ལ་ཞེ་སུན་བཟོས་ཏེ་ཡིད་མུག་པར་བྱས་ཀྱང་། བདག་གིས་ལག་པ་གཉིས་ཀར་ཤུགས་ཅུང་ཟད་བསྣན། མཚན་མོའི་གཙང་པོ་དེའང་ནག་ཤུར་ཤུར་གྱིས་བཞུར་བ་ཙམ་ལས། Mari ཁྱེད་ཀྱི་སྒྲུང་ཅི་ཡང་བཤད་མ་སོང་། སྐབས་དེར་གཙང་པོའི་ཁར་ལྟུང་བའི་སྐར་ཕྲན་རེ་གཉིས། བདག་གི་མིག་ལམ་དུ་མོག་མོག་པོར་གྱུར། ཉི་མ་དེའི་སང་ཉིན་ནི། Mari གྲིབ་མ་འཁྱག་པོ་ནང་གི་ང་རེད། ལྷ་སྒྲུང་ནང་གི་མི་སྣ་མང་པོ་ཞིག་རྨི་ལམ་དུ་བབས་ཤིང་། བྱིན་རླབས་ཀྱི་རྒྱ་སེ་མེ་ཏོག་དམར་ལ་འཇོལ་བ་རེ་འགའ། ཡུད་ཙམ་རིང་ངས་མཐོང་ཡང་། དེ་དག་ཀྱང་རེ་རེ་བཞིན་གཙང་པོར་ནུབ་སོང་། Mari ཁོག་ལྟིར་ནང་གི་འོ་ཇ་འཁྱགས་ཤིང་། དྲི་བསུང་ལ་འཁོར་བའི་བུང་བ་དག་ཀྱང་གཤོག་པའི་ཁུད་དུ་ཡིབ། Mari ཐག་པ་དེ་ཇེ་ཐུང་དུ་གྱུར་བ་ནས། སེམས་ཀྱི་འོད་ཟེར་དག་ཀྱང་དགུན་ལ་བྲོས་སོང་།
སེམས་ཀྱི་མདུད་སྣེ་མ་རྙེད་པ།
ཁྱེད་རང་གཙང་ལ་སྟོད་ནས་ཕེབས་པའི་བོང་བ་ཞིག སྐེ་དྲིལ་སིང་སིང་གིས་ངའི་རྣ་བ་ཀྲོང་ངེར་བྱས། ཁྱེད་རང་འོང་སའི་ལམ་དུ། ཚ་ཕོག་རྒྱག་སའི་བྲག་སྐྱིབས་དང་། གཙང་པོར་བགྲོད་བྱེད་ཀྱི་གྲུ་རྫིངས་རྟ་མགོ་མ། ལམ་གྲོགས་སུ་གྱུར་བའི་སྤྲང་མོ་པི་ཝང་ཐོགས་མཁན། ད་རུང་རྣ་དབང་གསོ་བའི་ཨ་ཁུ་པདྨ། རང་ལ་གཏན་དུ་ཁ་མི་འབྲལ་བའི་གྲིབ་མ་སོགས་ཡོད་ངེས། ཡིད་ལ་རྟོག་བཟོ་བྱས་པའི་ཉི་མ་ལྷ་ས། བར་སྐོར་ལམ་དང་གཙུག་ལག་ཁང་། སྟེང་ལ་རྫ་གཡམ་སྔོན་པོ་བརྒྱབ་པའི་གཡུ་ཐོག་ཟམ་པ། འཆར་ཡན་ཁྲོད་ཀྱི་མོན་པ་ཚངས་དབྱངས་རྒྱ་མཚོ། ར་ཁུས་མྱོས་པའི་ཨ་མདོ་བ་དགེ་འདུན་ཆོས་འཕེལ། ད་དུང་དེའི་ཆང་ཕོར་ཁ་རུ་ཡོམ་པའི་ལྷ་སའི་ཟླ་བ། རེ་རེ་ནི་ཁྱེད་ཀྱི་སྙིང་ཁར་བླུགས་ཡོད། ཁྱེད་རང་གིས་རང་གི་གྲིབ་མའི་གཡས་སུ་བུད་དེ། གནའ་གཏམ་འཆད། ཁྱེད་རང་གིས་རང་གི་གྲིབ་མའི་གཡོན་དུ་བུད་དེ། སེམས་ཉིད་ངལ་གསོའི་མེ་ལོང་ལ་ལྟ། ཁྱེད་རང་གི་སེམས་སུ་འདུ་འཛིས་ཁེངས་པའི་གྲོང་ཁྱེར་ནི། གཙང་པོའི་ཀླུང་གི་གད་སྙིགས་སུ་འགྱུར་བཞིན་ཡོད། ལམ་འགྲམ་གཡས་གཡོན་གྱི་གློག་ཞུ་དག་ནི། མིའི་རིགས་ཀྱི་གྲིབ་མ་གསོད་མཁན་གྱི་གཤེད་མ་རུ་གྱུར་བཞིན་ཡོད། ཁྱེད་རང་ནི་གང་དུ་འགྲོ་འམ། ཁ་མི་གྲག་པའི་རི་བོའི་ཚོགས་ཀྱི་པང་དུ་ལོག་འདོད་དམ།
མཚན་མོ།
ཁྱེད་ལ་ལགས་སོ་ཞུ་མཁན། སྒོ་ཁྱིའི་ཟུག་སྐད་དེ་ཡིན་ནམ། ཁྱེད་ལ་མིག་ཟུར་གཡོ་མཁན། ལཱ་སྒྲོན་གྱི་དུ་བ་དེ་ཡིན་ནམ། མཚན་མོ་ནི་རྦབ་རླབས་ཤིག་དང་མཚུངས་པར། བར་མེད་དུ་རུམ་ཁར་བླུགས་འོང་དུས། བྱིའུ་ཆུང་ཆུང་དག་ཁྱེད་ཀྱི་རྨི་ལམ་ལས་འཕུར་སོང་། ཁ་བ་འབབ་ཤུགས་ཆེ་བའི་ཁྲོད་ཀྱི་རྐང་རྗེ་རེ་གཉིས་ཀྱང་། འཁྱག་རོམ་གྱི་སྦུབས་སུ་ཉལ། སྐབས་དེ་དུས། ཁྱེད་རང་དགུན་གྱི་ཕྱི་ནང་སློག་མཁན་གྱི་ར་བཟི་བ་དེ། དམར་རྗེན་རྗེན་གྱི་འགྲུལ་བཞུད་པ་མཐའ་མ་དེ།
ཟིལ་བ་ཆགས་པའི་རྨི་ལམ།
དེ་ནི་གྲོང་ཁྱེར་གྱི་དུ་བས་མ་སྦགས་པའི་ནམ་མཁའ། འོད་གསལ་གསལ་གྱིས་ངང་དུ་འཚོ། དེ་ནི་འུར་ཟིང་གིས་རྣ་བ་མ་སྨྱོས་པའི་ལུ་གུ། སྤང་རྩྭར་ཡན་ནས་འདུག ཉི་མ་རེ་རེ་སྐུད་པ་ལྟར་དཀྲི་གིན། སྟོན་ལྗོངས་ཤིག་གི་ཁྲོད་འཚང་པའི་ཕྱེ་མ་ལེབ། ཁྱེད་ཀྱི་མཛེས་སྡུག་གི་ཕྱིར་དུ། མིག་ཟུང་ཀེར་བ་དང་རྡོག་སྒྲ་གཏོང་བའི་ལས་ལ་རྔམ། ཁྱེད་ནི་སྤེན་མའི་གསེབ་ཏུ་ཟུག་པའི་ཉི་འོད་དེ། སུ་ཞིག་གི་ལུས་དང་གྲིབ་མ་སྲུང་མཁན་ཡིན།
སྒྱུ་འཕྲུལ་གྱི་ཕོ་བྲང་། ཡུལ་ནམ་མཁའ་ལྡིང་།
པ་སངས་ལགས། ཡུལ་ནམ་མཁའ་ལྡིང་(༡)རྙེད་ནས་མི་ལོ་ག་ཙམ་ཕྱིན། ཡུལ་ནམ་མཁའ་ལྡིང་ན། སྡུག་བསྔལ་མེད། ཅ་ཅོ་མེད། ཟང་ཟིང་མེད། སྒྲིབ་པ་སྦྱངས་ཟིན་པ་དག་ཁོ་ན་ཐར་ས་ཞིག་རེད་ཟེར་བ་བདེན་ནམ། སྡིག་སྒྲིབ་ཅན་གྱི་ངེད་ཚོ། ཉོན་མོངས་ཅན་གྱི་རི་ལུང་དང་ནགས་ཚལ་དག གཏན་ནས་གནས་དེར་ཐར་བ་མེད་པ་བདེན་ནམ། པ་སངས་ལགས་(༢)དེད་དེད་མཐར། ཡུལ་ནམ་མཁའ་ལྡིང་ནི་གངས་རིས་བསྐོར་ཅིང་། མཚོ་མོས་བསྲུངས་པ། སྤྲིན་དཀར་གྱིས་བཏུམས་ཤིང་། ཤེས་རབ་ཀྱི་རལ་གྲིའི་རྩེ་རུ་འཁྲིལ་བ་ཞིག་རེད་དམ། ཚངས་དབྱངས་རྒྱ་མཚོས་མཐོང་བའི་གངས་ཀྱི་སེང་གེ་དང་། དགེ་ཆོས་རྙེད་པའི་ལོ་རྒྱུས་ཀྱི་གླེགས་བམ་དག་ནི། ཡུལ་ནམ་མཁའ་ལྡིང་ནས་བསྐྲུན་པའི་གྲུ་ཆུང་དེ་རུ་བླུགས་ནས། སེམས་ཅན་སྐོམ་གདུང་གིས་མནར་བའི། ཧྥེ་གླིང་གི་བྱང་ཕྱོགས་ཀྱི་ས་ཧ་ར་བྱེ་ཐང་གི་སེམས་ཅན་གྱི་ཆེད་དུ། ཡང་ན། དེ་ལས་ཁ་གཞན་དུ་ཕྱོགས་ནས། གྲང་ངར་གྱིས་གཅུན་པའི་པཱ་ཐ་ཀི་ཉེ་ཡ་ཐང་ཆེན་གྱི་གནམ་སའི་ཆེད་དུ། བདུད་རྩི་རུ་སྤྲུལ་ནས། ཡི་གེ་རུ་སྤྲུལ་ནས་འོང་བ་རེད་དམ། པ་སངས་ལགས། ཡུལ་ནམ་མཁའ་ལྡིང་ནི། རྐང་བས་བརྟོལ་ས་དང་མིག་གིས་ཟིན་ས་ཞིག་ཡིན་ནམ། བསྒོམས་ནས་རྙེད་རྒྱུ་ཞིག་དང་། ཞིག་ནས་འཐོབ་རྒྱུ་ཞིག་རེད་དམ། པ་སངས་ལགས། ཁྱེད་གངས་འདབས་སུ་ཉལ་ནས། མི་ལ་རས་པ་ལྟ་བུའི་སྤྱོད་པར་ཞུགས་ནས། ཁྱེད་གང་སར་འཁྱམས་ནས། འབྲུག་པ་ཀུན་ལེགས་བཞིན་སྨྱོན་པར་བརྫུས་ནས། ཡུལ་ནམ་མཁའ་ལྡིང་ནི་གནས་གང་ཞིག་ནས་མཐོང་སོང་། པ་སངས་ལགས། ངས་ཡི་གེ་དག་ལས། ཡུལ་ནམ་མཁའ་ལྡིང་ནི་རྩོམ་པ་པོའི་གྲིབ་མའི་ཁྲོད་བཙལ་འདོད། སྨྲ་རའི་ཁྲོད་བཙལ་འདོད། མིག་ཟུང་གི་འོད་ལས་བཙལ་འདོད།
ཟུར་བཤད། གར་སྟབས་བསྒྱུར་བའི(དམུ་རྡོ)ཞེས་པའི་ཤོག་ངོས་བརྒྱ་ལྷག་ཟིན་པའི་སྙན་ངག་རིང་མོ་འདི་རྩོམ་མཁན་ནི་སྙན་ངག་པ་གཉན་ཡིན་ཞིང་། ད་སྔར་སྤྱི་ཚོགས་སུ་བཀྲམ་མི་འདུག སྙན་ངག་པ་ཁོང་འབྲོག་དགོན་པ་ཞིག་ཏུ་སོང་ནས་ཟླ་གཅིག་ཙམ་ལ་མཚམས་སུ་བསྡད་དེ་མཇུག་གྲུབ་པར་བཤད།
མཆན། ༡ ཡུལ་ནམ་མཁའ་ལྡིང་ནི་སྙན་ངག་རིང་མོ་ཞིག་གི་བློས་བསླངས་ཁྲོད་ཀྱི་གནས་ཤིག ༢ པ་སངས་ནི་སྙན་ངག་རིང་མོ་ཞིག་གི་བློས་བསླངས་ཁྲོད་ཀྱི་མི་སྣ་ཞིག།
རྣམ་རྟོག་གི་ཕུག་པ།
རྨི་ལམ་དེ་དྭངས་ཤུལ་དུ། ཁྱེད་ནི་བྱང་ཐང་གི་ཕ་རོལ་ན། སྲིན་འབུ་ཆུང་ཆུང་ཞིག མྱ་ངམ་ཐང་གི་སྡུག་བསྔལ་གྱིས་ཟིན་པའི་ཉི་རྒས་ལ། ཁྱེད་ནི་གྲིབ་མ་གྱོན་པའི་བྱེའུ་ཞིག མགྲིན་པ་འགགས་ནས་སྐོམ་ལ་བསྒུགས་ཤིང་། ཁ་བའི་ཁྲོད་ཀྱི་རླུང་ལ་ཐིམ། ཁྱེད་ནི། ཉི་འོད་རེ་རེས་བོར་ཚར་བའི་སྒེའུ་ཁུང་འགྲམ་གྱི་མི་སྐྱ་བོ། འཁྲུལ་སྣང་ལ་འཆར་བའི་བར་སྐོར་གླིང་གི་ནང་མ་ཁང་། འུར་འུར་ཟང་ཟིང་གིས་བཟུང་བའི་ཁྲུང་ཞུ་བ་དག སོ་སོ་རང་མལ་དུ་ལོག་དུས། ཁྱེད་ཀྱི་དུས་ཚོད་ནི་སྒོ་ལྕགས་བརྒྱབ་པའི་ཁྲོམ་ར་ཞིག འགྲེ་ལྡོག་རྒྱག་པའི་སྐམ་སའི་ཉ་མོ། རྡོ་ལེབ་ཚ་བོའི་སྟེང་གི་གྲོག་མ་བགྲེས་པོ། ཕ་གིའི་གྱང་རྩར་བསྙེས་པའི་ཁྱེད་ཀྱི་ལོ་ཟླ། རེ་རེ་བཞིན་གཙང་བོའི་ཀློང་ལ་འབྱིང་དུས། དུས་ཚོད་མི་འདུག སྣང་བ་མི་འདུག རྨི་ལམ་མི་འདུག ཁྱེད་ནི། རླུང་གཡོ་བ་བཞིན་རླུང་ལ་ཐིམ། ཆུ་འཕྱོ་བ་བཞིན་ཆུ་ཡིས་ཁྱེར། མེ་འབར་བ་བཞིན་ཚ་བས་གདུང་། ནམ་མཁའ་སྟོང་བ་བཞིན་སྟོང་བར་གྱུར། སྐབས་དེ་དུས་ཀྱི་ཁྱེད། དབྱངས་གཉིད་པའི་གླུ་བ། ཚིག་གིས་ཕོངས་པའི་འཆད་འཁྲིད་པ། ཉིང་ཏིག་གང་ལའང་བླ་འཁྱམས་པ་དེའོ།།
8
མེ་ལོང་། རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག་ཚན་པ་དྲུག
རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།
འབྲེལ་ཡོད་རྩོམ་ཡིག