ཐེའུ་རང་གི་གསར་བྲིས་བཅད་རྩོམ་ཁག་བཞི།

10355



           ནགས་མེ།



ཐག་ནག་མདུད་པ་སྐེ་ནས་མ་ཁྲོལ་ནས་གངས་ཀྱི་དབུ་འཕང་གཡང་ལ་དཔྱངས།
གདུག་སྦྲུལ་ལྕེ་རྩེའི་རླངས་པ་འཕྱུར་ཏེ་ས་ལའི་ལྗོངས་ཀྱི་རྩི་ཐོག་བཅོམ།།
སྐྱིད་ཆུའི་རབ་ཁ་འཁྱགས་པས་བསྡམས་པས་ཞབས་ཀྱི་འདབ་མ་བྱེས་སུ་ཐོར།།
རྡོ་རིང་ངོས་ཀྱི་ཡིག་འབྲུ་རེ་རེས་བསྐལ་བ་སྟོང་གི་རྨི་ལམ་བསྲེགས།།

ཡུལ་པོར་གྱུར་པའི་རི་དྭགས་རྣམས་ནི་གངས་སྐྱིབས་ཁས་ལམ་འགྲིམས་པའི་དུས།།
བརྩེ་གདུང་མེད་པའི་ས་རྡོ་དག་ཀྱང་ཞི་བའི་འགྲོས་ཀྱིས་ཡིད་མྱོས་ཤིང་།།
འཇིགས་བྲལ་རྡོག་པའི་མཉམ་སྒྲོག་དབྱངས་ལ་ཉམ་ང་མེད་པའི་ས་ལམ་ཕྱེས།།
གཡག་རོག་ཧུར་སྒྲ་སྒྲོག་ཐེངས་གཅིག་གིས་ཧི་མ་ལ་ཡི་མྱ་ངན་སངས།།

ཉི་ནུབ་ནང་གི་ལྕགས་པོ་རི་ནི་སྒྲོག་གིས་བཅིངས་པའི་རྟ་བོ་ཞིག།
བ་དན་རྩེ་ཡི་རལ་ནག་རྦ་རླབས་མི་རབས་བྱེ་བའི་རྨི་ལམ་བཞིན།།
ནམ་མཁར་བརྩན་པའི་བཙན་པོའི་ཕ་བོང་གནམ་ལྕགས་ཐོག་གིས་གཏོར་བའི་ཚེ།།
བར་སྐོར་ལམ་གྱི་རྐྱང་ཕྱག་རེ་རེས་མུན་པའི་གཙང་བོ་བརྒལ་ཞིང་འཕྱོ།།

ཉི་ཟླའི་རྣ་ལོང་སིལ་སིལ་འཐོར་དུས་དུང་གི་གླིང་བུ་ལྷང་ལྷང་བོས།།
ཕོ་བྲང་རྒྱ་ཕིབས་རླུང་གིས་སྒུལ་དུས་ཇོ་བོའི་སྤྱན་རྩ་མུན་པས་གཡོགས།།
སྙིང་གར་བརྒྱབ་པའི་དཔའ་བོའི་ཐེལ་ཚེ་རྒྱ་གྲམ་དམར་པོས་བསུབས་ནའང་།།
སྤྱི་གཙུག་ནམ་མཁའི་དཀྱིལ་འཁོར་ཡངས་མོར་བྱ་རྒོད་གཤོག་པ་འོད་ཀྱིས་བསྐྱོད།།

བྲག་དམར་ཐེམ་གྱི་རྒོད་ཚང་སྨུག་པོར་གླག་ནག་དང་རུ་ཆག་པ་དང་།།
དགའ་ལྡན་རི་ཡི་དུར་ཁྲོད་སྐྱ་བོར་ཉི་མའི་སྤྱན་ཆབ་བསིལ་ནའང་།།
ས་ནག་མཆིན་པར་ཁྲག་བཞིན་ཆགས་པའི་དབུ་ནག་བོད་ཀྱི་མགོ་ཁང་ལ།།
ཙན་དན་སྨུག་པོའི་དར་ཤིང་མཐོ་བས་གནམ་གྱི་མེ་ལོང་བཀྱགས་ནས་ཡོད།།

ཤེ་མུན་འོབས་ཀྱི་ཕུ་ཐག་རིང་ཡང་བུ་རྟའི་ཐོང་གཤོལ་སྲ་ཞིང་རྣོ།།
ཁྲམ་ནག་དམུ་ཆུས་བྱང་ཁོག་སྦགས་ཀྱང་བག་ཆགས་རྫི་གསང་གསལ་ཞིང་ཐང་།།
རྒྱུག་གི་རྟ་བོ་ཆུ་ལ་འཕངས་པ་གོམ་ལག་མྱུར་བའི་གཉེན་པོ་དང་།།
བཙན་གྱི་སེང་གེ་རྙི་ལ་བཅུག་པ་ས་རྒོད་འཚིག་པའི་ནགས་མེའོ།།

          འཇིགས་བྲལ།


 ང་ནི་རླུང་གིས་ཁུར་བའི་ལོ་མ་དང་།
ཉི་ཟླ་གཞིས་སུ་ལྷུང་བའི་འཆོར་སྒེག་སྟེ། །
སྨུག་པ་རི་ལ་ཡན་པའི་འཕྲུལ་སྣང་གིས།།
ངང་བ་མཚོ་རུ་བགྲོད་པའི་རོལ་མོ་ལ།།
བརྩེ་བ་དར་གྱི་ལྡ་ལྡི་འཐེན་མཁན་ཡིན།།
སྨག་མཁར་གཏིང་རིང་ཁྲོ་ལྕགས་སྒོ་མོ་ཆེར།།
རྐང་ལག་འགུལ་པས་ཐོགས་རེག་མི་ནུས་ཤིང་།།
གདུག་ཚེར་མལ་དུ་འབྱུང་པོ་ལུས་པའི་ཚེ།།
རྩྭ་ཟིལ་ཁྲོམ་མེར་ཆགས་པའི་ཞོགས་པ་ནི།།
སྙིང་གི་བུ་མོ་དྲན་པས་གསོ་ཚུལ་ཡིན།།

ང་ནི་འདམ་དུ་བྱིང་བའི་རྡོ་བ་དང་།།
འབུ་ནག་གྱང་ལ་གོག་པའི་གོམ་འགྲོས་ཏེ།།
རྡོག་པའི་རྒྱུད་སྐུད་ཐག་སེ་ཆད་པ་དང་།།
འཇིགས་པའི་རྦབ་ཆེན་ཀླད་ནས་བསྒྲིལ་བ་ལ།།
ཕྲ་རགས་རིག་པའི་བཙན་རྫོང་བཟོ་མཁན་ཡིན།།
གནམ་ལྕགས་ཐོག་རྒོད་འབར་བའི་ཁྲོས་པ་དང་།།
ཁབ་ཆག་ས་འོག་གསང་བའི་ཟློས་གར་གྱིས།།
ལུས་ཀྱི་སྤུའང་ལྷག་མེད་ཚིག་པའི་དུས།།
ཡུམ་ཆེན་དྲུང་ན་བཞུགས་འདྲའི་འདུ་ཤེས་ནི།།
བྲང་གི་སྙིང་མཁར་བརྩིགས་པའི་ངལ་རྩོལ་ཡིན།།

ང་ནི་འོད་ལ་བཏབ་པའི་ས་བོན་དང་།།
དཀའ་སྡུག་རྡོ་རུ་འཐག་པའི་རུས་པ་སྟེ།།
རྩ་གནས་གངས་དང་བསྡེབས་པའི་ལས་དབང་གིས།།
བྱ་རྒོད་བྲག་ལ་སྐྱེས་པའི་སྒྲུང་རབས་སུ།།
འཁྱག་པ་དར་གྱི་མེ་ཁ་གསོ་མཁན་ཡིན།།
འདུན་མ་གདངས་སུ་གྱེར་བའི་དད་མོས་དང་།།
རྒྱུ་འབྲས་སེམས་སུ་བསྙལ་བའི་བག་ཆགས་ཀྱིས།།
རོ་ཟན་སྲིན་པོའི་ཁ་རླངས་རྔུབ་པའི་དུས།།
ཞི་བ་ཆོས་ཀྱི་བྱབས་ཁྲུས་བསིལ་བསིལ་ནི།།
རྣམ་ཤེས་གསལ་རིག་ཐང་བའི་མཆོད་པ་ཡིན།།

ང་ནི་མཁའ་ལམ་སྤྲིན་པ་ཁེར་རྐྱང་དང་།།
ཆར་ཆུ་ཐང་མར་ཟགས་པའི་མྱ་ངན་ཏེེ།།
དབྱངས་གསལ་སོར་མོས་དྲས་པའི་གཙག་དྲུབ་ཀྱིས།།
སེམས་གཤིས་ཆུ་ལ་བྲན་པའི་བར་སྣང་དུ།།
འཆར་སྣང་འཇའ་ཡི་ཞལ་ཐང་བཟོ་མཁན་ཡིན།།
གཏུམ་གདུག་སྤུ་གྲིའི་ལོ་མ་འཛིངས་པ་ལས།།
རྣམ་དཔྱོད་གསེར་གྱི་སྙེ་མ་འབྲེག་པ་དང་།།
ཁོག་དཔུང་རྡོ་ཡི་ཕ་བོང་འགད་པའི་ཚེ།།
ཕ་སྐད་གསེར་གྱི་སྙན་ངག་འོད་པོ་ཆེ།།
འཇིགས་པ་རང་སར་ཞི་བའི་སྟོབས་ཤུགས་ཡིན།།

ང་ནི་གཅེས་ཕྲུག་དམར་འབྱར་གོམ་རྩེ་དང་།།
བརྒྱད་བཅུའི་རྒན་པོ་འཛུམ་པའི་ཞལ་རས་ཏེ།།
ཆུ་ལ་འཇགས་པའི་རྡུལ་ཕྲན་གསེད་པ་དང་།།
རི་ལ་བཙུགས་པའི་མདུང་མོ་ཤན་པ་སྟེ།།
སེང་ལྡེང་རྨི་ལམ་སྐྱབས་སུ་རེ་མཁན་ཡིན།།
ཉི་ཟླའི་བར་ཐག་བསྒྲིབས་པའི་གདུང་སྤྲིན་ལས།།
ཆིབས་པ་གཞིས་སུ་བཅིབས་པའི་ལོག་ཕེབས་ལ།།
དད་དང་སྨོན་པའི་ཆར་ཟིལ་འཇོ་བ་དང་།།
ལས་འབྲས་མེ་ཏོག་དཀར་པོ་སྨིན་པའི་ཚེ།།
གཞིས་ཀྱི་བསྔོ་ཡིག་ལྷ་ལ་འབུལ་མཁན་ཡིན།།

      འཁྲུལ་བ་གཅོད་པའི་གླུ།


 
ཁྱོད་ནི་ཞོགས་པ་སྔ་མོའི་ལོ་མའི་ཟིལ།།
ལྕེ་རྩེར་བླངས་ན་དབང་བོ་གྲོལ་བའི་རྩི།།
འདོད་པའི་མེ་ལ་སྲེག་པའི་ལུས་ཀྱི་རྩ།།
ཚ་ཚ་ཚག་ཚག་སྙིང་གི་ཐབ་ཀར་འབར།།

ཚེ་དང་བླ་ཡང་སྐོམ་པའི་ཆུ་རུ་སྣང་།།
ཁྱོད་ཀྱི་ཟུར་མིག་འོད་དང་ཕྲད་པའི་དུས།།
ལག་པའི་སོར་མོ་འདི་ཡང་རྩྭ་ལྗང་བཞིན།།
བྲང་གི་ན་སྤང་ནེམ་པོར་སྐྱེ་ཞིང་འཁྲིལ།།

གནམ་ལ་ཟུག་པའི་ཁང་རྩེག་བང་རིམ་དང་།།
ལམ་ལ་འཚངས་པའི་མི་ཚོགས་བྱེ་མའི་རྡུལ།།
སྒྱུ་མིག་འཁྲུལ་བའི་ན་བུན་སྟུག་ན་ཡང་།།
ཞེ་ཐག་སྐྱ་རེངས་ཁྱོད་མཚན་བགྲོད་པའི་ལམ།།

ལྭ་བ་ཁམ་སྨུག་གོང་ཆུང་རི་མོའི་དྲུབ།།
སྙིང་གི་ཚེམ་བུར་ཚིག་གི་ལྷན་པ་བཞིན།།
ད་རུང་མ་ཁྲོལ་ནང་གི་རྡོ་རྗེའི་མདུད།།
སྐ་རགས་སྔོ་སྐྱའི་སྣེ་བཞིན་གྲོལ་ཐབས་ཅི།།

        གཙང་བོར་བཅོལ་བ།


 
མཚན་གྱི་དུས་ཆད་སེམས་ཀྱིས་བཅགས་ནས།།
སེམས་ཀྱི་གོམ་ཁ་དེ་རུ་ཕྱོགས་ན།།
ཆུ་ལ་ཆགས་པ་དར་གྱི་གདན་དུ།།
ཞེ་ལ་ཆགས་པ་སུ་ཡིས་བསྒུག་ཡོད།།
རྨི་ལམ་གཙང་བོ་ག་ལེར་བཞུར་ཡོང་།།

རླུང་གི་ལག་པ་གཡུག་གཡུག་ལན་ལ།།
བྱེ་མ་རྡུལ་གྱི་ན་བུན་འཐིབ་ཡོང་།།
སྒང་གི་དར་ལྕོག་ལྷབ་ལྷུབ་གཡོ་བ།།
སྙིང་གི་ལུག་ཆུང་ལྡེམ་པ་འདྲ་བྱུང་།།
སེམས་ཀྱི་མེ་ཏོག་གྲང་གྲང་བྱུང་ངམ།།

གྲིབ་མ་ཆ་འགྲོས་ཐང་ལ་ཉལ་དུས།།
སྤྲིན་པའི་ལུག་ཁྱུ་མཁའ་ལ་ཡན་བྱུང་།།
བྲང་གི་མེ་ལྕེ་རུས་པར་མཆེད་ཚེ།།
དགུན་གྱི་བ་མོ་ཐང་ནས་ཞུ་ཞིང་།།
ནེ་ལེ་འཕུར་བ་གཤོག་འགྲོས་གློད་སོང་།།

ཆུ་ཁར་བཀྲམ་པའི་རྡེའུ་བཏུས་ནས།།
སེམས་ཀྱི་ཕ་བོང་དེ་ལ་གནང་ཡོད།།
ཕྱི་མིག་མཐུད་པའི་མཚམས་སྤྲིན་ཀློང་ནས།།
དགུང་གི་ཉི་མ་སྲོད་ལ་བསྐྱལ་ཡོད།།
ད་རུང་འཁྱུག་ཙམ་སྡོད་རྒྱུ་བྱུང་ན།།

འཛུམ་གྱི་དཔལ་ལ་མིག་གི་འོད་ཆགས།།
མིག་གི་མདངས་ལ་སེམས་ཀྱི་དྲོད་ཆགས།།
ཕ་གིའི་འབྲོག་སྡེར་བདག་གི་བློ་ཆགས།།
ཚུར་རུའི་གྲོང་སྡེར་ཁྱོད་ཀྱང་ཞེ་ཆགས།།
ཕར་ཚུར་བར་ཐག་ཉི་ཟླའི་འདང་ཆགས།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།