ང་རྒྱལ་གྱི་གངས་རི་ཞུ་བ།(ཞར་བཀོད་གཉིས)

5831



                      རྩོམ་པ་པོ། གྲོག་མ།


        ང་རྒྱལ་གྱི་གངས་རི་ཞུ་བ།


 

འབྲོང་གཡག་དར་མ་རོང་ལ་བབས་ནས་ལུང་ཆུ་རྔམ་འཐུང་བྱེད་ས་ནས།།
བྱང་ཐང་ཡངས་པོའི་གཏམ་རྒྱུད་བརྗེད་དེ་ཞེ་འུ་ཁྱི་དང་མཉམ་དུ་ཟ།།
ཕོ་བྲང་དམར་པོའི་གདུང་གླུ་རིང་མོ་ཡ་ཁོག་སྙིང་ནས་ལེན་པའི་ཚེ།།
ཁྱོད་ཀྱི་རང་མཐོང་རི་བོའི་རྩེ་མོ་གང་ནས་བོར་སོང་སྙན་ངག་པ།།
སེམས་སྐྱ་མོས་ས་མཐའ་བསྐོར་བསྐོར་ནས།།
རྩལ་གླག་རྒོད་འདྲ་བ་ཤི་ནས་འདུག།
བོད་ཟེར་བ་བྱེ་མའི་མཆོད་རྟེན་འདྲ།།
ད་བསྐོར་རྒྱུ་ཡིན་དང་བསྐྱུར་རྒྱུ་ཡིན།།
རྒན་པོའི་སྐྲ་ལོ་རླུང་གིས་སྐྱོད་བཞིན་མངའ་རིས་སྒྲ་སྙན་འཁྲོལ་ས་ནས།།
ཨ་ཁུ་པདྨའི་དབྱངས་རྟ་བརྗེད་དེ་གཡོན་མ་ཝ་དང་མཉམ་ཟུག་བྱེད།།
ཀ་ཁ་སུམ་བཅུའི་གངས་རི་ཉིལ་ནས་སྔོན་མོ་མཚོ་ལ་འཐིམ་པ་ན།།
རྒྱལ་མོ་རྔུལ་ཆུའི་རེ་བ་ཟེར་ན་སྟོང་བསམ་ཨེ་རེད་རྡུང་ལེན་པ།།
མཁར་ཁྲ་བོ་ཁ་བརྒྱ་མིག་སྟོང་མ།།
ཚེས་བཅོ་ལྔའི་དུང་ཟླ་མ་ཤར་ན།།
མོ་ཡུགས་སས་ཅི་ཞིག་སྒུག་པ་འདྲ།།
ད་ངུ་རྒྱུ་ཡིན་དང་དགོད་རྒྱུ་ཡིན།།
བདེན་པའི་གསང་བ་ལྐོག་ཏུ་སྦས་ཏེ་ཁ་ཆར་བུ་ཡུག་འཚུབ་ས་ནས།།
གསེར་མདོག་འབྲོང་མགོ་གཡོ་བའི་དར་ཆ་དོག་མོ་ས་ལ་ལྷུང་བའི་དུས།།
རྩལ་དགུ་འཛོམ་པའི་དམག་དཔོན་ཆེན་མོས་རྒྱང་ཕུད་ལམ་ནས་སྐྱོ་གཞས་ལེན།།
སྤྲེའུའི་ཚོགས་ཀྱི་ཡི་མུག་སྐྱ་བོ་ཇོ་མོ་གླང་མའི་གཏོས་དང་མཉམ།།
བུ་གཅེས་ཕྲུག་ས་རྡོ་མགོ་འཁོར་མ།།
ཕ་མེས་པོའི་བློ་ཁོག་མི་འདུག་ན།།
འབྲོང་དར་མའི་རྗེས་ཤུལ་གཡེར་ཆེ་མ།།
ད་འཚོལ་རྒྱུ་ཡིན་དང་གཡུག་རྒྱུ་ཡིན།།


    ༈ རིག་བྱེད་ངག་གི་རོལ་རྩེད།



རིན་ཆེན་རྣམ་གསུམ་ཤེལ་གྱི་མེ་ལོང་ངོར།།
ཤར་བའི་ཡིད་འོང་ལྷ་ཡི་བླ་མ་ལ།།
དད་གུས་འོ་མའི་གཙང་ཆབ་མཆོད་པ་བཅས།།
དོན་ལྡན་ངག་གི་ཕྲེང་བ་འདྲེན་པར་བྱ།།
ཐོས་པ་འཕྲུལ་གྱི་ལྡེ་མིག་འོད་ཆེན་མ།།
ལག་ཏུ་བཟུང་ནས་ཏིང་འཛིན་སྒོམ་པའི་ཚེ།།
སྒྱུ་མའི་དར་ཡུག་ངོས་སུ་ཅི་ཡང་འཆར།།
སྨྲ་ལྕེས་སྟོང་གསུམ་ཁེབ་ཀྱང་ཤོད་པ་མིན།།
དེ་བས་སྣ་ཚོགས་ངག་གི་སྒོ་བསྡམས་ཏེ།།
དཀོན་མཆོག་དྲང་སྲོང་རྒན་པོ་དགྱེས་པའི་ཆེད།།
དྭངས་མ་རྫ་ཆབ་སྔོན་མོ་ཇི་ལྟར་འབབ།།
རིན་ཆེན་གཉིས་པའི་སིལ་སྙན་དེ་ལྟར་དཀྲོལ།།
ཨེ་མ་བསོད་ནམས་རྡོ་རྗེ་ཕ་ལམ་གྱི།།
ཟམ་པ་སྙིང་གི་དཀྱིལ་དུ་བསྐྲུན་པ་ན།།
གཉུག་སེམས་སེང་གེའི་ཁྲི་རུ་ངལ་གསོས་པའི།།
བཤེས་གཉེན་མཇལ་དུ་ཡོད་པའང་བདེན་པའི་ཚིག།
གཙང་མ་ཆུ་བོའི་རྒྱུན་ལ་སེམས་བཞག་སྟེ།།
ཁམས་དང་མོས་པའི་ངོ་ལ་ཚུར་བལྟས་པས།།
དད་པའི་བརྒྱ་ཕྱག་འཚལ་བའི་ཚོགས་རྟེན་དུ།།
ཆུ་ལ་ཟླ་གཟུགས་བཞིན་དུ་ཤར་ནས་བྱུང་།།
གང་ལ་འབྲེལ་ན་ཕྱིར་ལྡོག་མི་བྱེད་པའི།།
རང་བཞིན་སྣང་བ་མན་ངག་ལྷ་ཡི་ཆུ།།
སུ་དང་འཕྲད་ན་མུན་པའི་བསྐལ་པ་ཟད།།
སྟོབས་ཀྱིས་འགྱིང་བ་བླ་མ་སངས་རྒྱས་དངོས།།
ད་ནི་དྲན་པ་ཉེ་བར་འཇོག་པར་བྱ།།
ལྷག་མཐོང་ཞི་བ་ཆེན་པོའི་མཁའ་དབྱིངས་སུ།།
རང་རྩལ་ཚད་མེད་ངོམ་པའི་ཐང་དཀར་རྒོད།།
འདི་འདྲ་བསྐལ་པ་སྟོང་དུའང་འཕྲད་པར་དཀའ།།
སྲིད་པ་འཕྲུལ་གྱི་མེ་ལོང་ངོ་གཉིས་མ།།
ཆུ་ཤིང་གོས་སུ་གྱོན་པའི་གར་མ་བཞིན།།
སྙིང་པོ་མེད་པར་གཟིགས་ཤིང་གདམས་པར་མཛད།།
མི་རྟག་སྒྱུ་མ་ལྟ་བུར་གོམས་པར་བྱ།།
མཐོང་ཐོས་དྲན་རེག་རྣམ་གྲོལ་ལམ་དུ་བསྒྱུར།།
ངེས་པ་དོན་གྱི་པཎ་ཆེན་མཇལ་བའི་དུས།།
འདི་ནས་རིས་ཆད་མིག་ཟུང་ཕྱིར་བསྐུམས་ཏེ།།
ཕྱོགས་མེད་ཐོས་པའི་གཤོག་པ་རྐྱོང་བར་རིགས།།
ཡང་དག་སྤོང་བ་བཞི་ལྡན་བརྩོན་མཛད་པས།།
སྡིག་སེམས་རྩྭ་ཡི་ཕོན་པོ་འཇོམས་བྱེད་ཅིང་།།
དགེ་བའི་མེ་ཆེན་སྦར་བའི་ཞུགས་ལྕེ་སྟེ།།
བཤེས་གཉེན་རྡོ་རྗེའི་མེ་ཡི་ཆར་པ་འདྲ།།
བདག་ཡིད་མུན་པའི་བཙོན་ར་སྟོང་པ་རུ།།
གསེར་ཀོང་མར་ཁུས་བཀང་བའི་སྒྲོན་མེ་ཞིག།
འདི་ནས་དུང་ཟླ་བཞིན་དུ་ཤར་བ་ན།།
སྐལ་ལྡན་ལས་ཀྱི་འཕྲོ་མ་ཡོངས་སུ་སད།།
འདུན་དང་བརྩོན་འགྲུས་རླུང་གི་འཁོར་ལོ་ཡིས།།
རྩེ་གཅིག་དཔྱོད་པས་དོན་རྣམས་རབ་ཏུ་འབྱེད།།
རྫུ་འཕྲུལ་རྐང་པ་ཐོབ་པའི་དགེ་བའི་བཤེས།།
མཇལ་བ་ཙམ་གྱིས་ཚོགས་ཆེན་རྫོགས་པར་བྱེད།།
བག་མེད་དར་ཡོལ་རྒྱབ་ནས་གླུ་ལེན་པའི།།
འདོད་ཡོན་བདུད་ཀྱི་བུ་མོ་སྦྲུལ་གདོང་མ།།
ཏིང་འཛིན་འཛབ་དབྱངས་སྙན་མོས་ཕྱིར་བཟློག་སྟེ།།
ཤེས་རབ་སྒོ་བརྒྱ་འབྱེད་ལ་སྙིང་ནས་གུས།།
དགའ་བ་གཡུང་དྲུང་རི་མོར་བྲིས་པ་ཡི།།
འགྱུར་མེད་རྡོ་རྗེའི་གདན་ལ་བཞུགས་ཙ་ན།།
མཐོང་གྲོལ་སྐུ་ཡི་ལང་ཚོས་འགྲོ་བ་འདུལ།།
ལུས་སེམས་ཤིན་ཏུ་སྦྱངས་པ་ཁྱེད་ལ་འདུད།།
རྗེས་ཆགས་བརྩེ་བའི་སྤྱན་ཟུང་དུང་གི་ཟླ།།
འགྲོ་བའི་ཚ་གདུང་འཇོམས་མཛད་སྨན་གྱི་ཆར།།
ཞེ་སྡང་བཙན་ལྷ་ཁྲོས་པའི་ཁྲག་མཚོ་ཡང་།།
ཞི་བསིལ་བདུད་རྩིའི་འོ་མཚོ་འཁྱིལ་བར་བྱེད།།
ལེ་ལོ་ཆང་གི་རོ་ལ་སྲེད་པའི་ཚེ།།
བདག་ཡིད་ཇོ་རུ་གཉིད་དུ་ཡོར་བ་འདྲ།།
མཁྱེན་ཡངས་ཚངས་པ་དཀར་པོའི་ལུང་བསྟན་གྱིས།།
ལྷ་དར་དགུང་ལ་སྒྲེང་བའི་སྤོབས་པ་བསྩལ།།
ཁྱེད་ཐུགས་མ་དྲོས་ཀླུ་ཡི་ཕོ་བྲང་དུ།།
ཟད་མེད་སྦྱངས་པའི་ཡོན་ཏན་གཏེར་གྱི་སྒྲོམ།།
ཤུགས་འབྱུང་ངག་གི་རོལ་མོས་སྒོ་ཕྱེས་ཏེ།།
རིག་བྱེད་ཚིག་གི་མེ་ཏོག་གཅལ་དུ་བཀྲམ།།
དམ་ཆོས་སྦྲང་རྩིའི་རོ་ལ་ཆགས་པ་ཅན།།
སྐལ་བཟང་བུང་བའི་ཚོགས་རྣམས་ཚང་བསྐྱུར་ཏེ།།
དད་དམ་གཙང་མའི་གོས་ཅན་མཆོད་ཡོན་མ།།
མི་ཕྱེད་སྙིང་གི་ཐལ་མོས་ཁྱེད་ལ་བཤམ།།
དམིགས་མེད་བརྩེ་བ་ཆེན་པོའི་ཞལ་སྒོ་ནས།།
རྗེས་འཛིན་ལྗགས་ཀྱི་དབང་པོ་འོད་ཟེར་ཅན།།
གདུལ་བྱའི་ཡིད་ཀྱི་ཡུལ་དུ་ཤར་བ་ན།།
སྐུ་གསུམ་འཇའ་ཡི་ཕོ་བྲང་སྟོན་པར་མཛོད།།
ལེགས་བྲིས་བསོད་ནམས་གསེར་གྱི་ཉི་མ་ཡིས།།
ངན་རྟོག་མཚན་མའི་སོ་འཁོར་ཕྱིར་བཤིག་སྟེ།།
བདེར་གཤེགས་དུས་མཁྱེན་རྒྱལ་པོའི་རྗེས་བཟུང་ནས།།
དཔལ་ལྡན་བླ་མའི་དགོངས་པ་རྟོགས་གྱུར་ཅིག།



༈ རྫོགས་ཆེན་རུ་དམ་ལུང་པའི་ངོ་མཚར་མཛེས་ལྗོངས་ལ་བསྔགས་པ་དང་བའི་དད་པའི་སྤྲིན་ཕུང་།

 དུས་གསུམ་གྱང་གི་རི་མོ་མ་བྲིས་སྔོན།།
མ་བཅོས་རང་བྱུང་འོད་ཀྱི་ཐིགས་པ་ཞིག།
པདྨའི་གུར་ཁྱིམ་ནང་དུ་ལྷུན་གྱིས་གྲུབ།།
གུ་རུ་ཡིད་བཞིན་ནོར་བུ་སྤྱི་བོར་མཆོད།།
མགྲིན་པ་གཡས་དཀྱུས་དུང་གི་བུམ་པ་རུ།།
རྟག་ཏུ་འཁྱིལ་བའི་ལྷ་མོ་བདུད་རྩི་མ།།
མཛེས་སྒེག་ངག་གི་བཅུད་ལ་རོལ་བཞིན་དུ།།
རྗེས་ཆགས་སྤྱན་གྱི་ཨུཏྤལ་བདག་ལ་གཟིགས།།
རྨད་བྱུང་ཚིག་གི་རོལ་རྩེད་ངོམ་ས་ནས།།
ཁྱེད་ཀྱིས་བརྩེ་དང་དུང་བའི་པི་ཝང་འཁྲོལ།།
དྲང་སྲོང་རིག་བྱེད་སྨྲ་བའི་དབང་པོ་དེས།།
ལྷ་མོ་དབྱངས་ལྡན་མ་ཞེས་མངའ་གསོལ་མཛད།།
ཁྱོད་ཀྱི་དམ་ཚིག་མི་འགྱུར་དར་གྱི་མདུད།།
ཕྱི་ཐག་གཙང་པོའི་རྒྱུན་ལས་རིང་ལགས་ན།།
དེ་རིང་བདག་བློའི་གཏེར་གྱི་ཁ་ཕྱེས་ལ།།
སྨྲ་བའི་སྤོབས་པ་སད་པར་མཛད་དུ་གསོལ།།
ཀརྨ་ཆགས་མེད་སྙིང་གི་གའུའི་ནང་།།
རིག་པ་ཚད་ཕེབས་རྙེད་པའི་འཁོར་ལོ་དེ།།
མདོ་ཁམས་སྨད་དུ་སྟོབས་ཀྱིས་རྒྱུ་བའི་གཏམ།།
སྲིད་རྩེའི་བར་དུ་སྙན་གྲགས་འབར་གྱུར་ཅིག།
གཡུང་དྲུང་དམུ་ཐག་རིང་མོ་ཆད་ཤུལ་ན།།
ལམ་དང་ཟམ་པ་མང་པོའི་རྒྱ་གྲམ་ཆགས།།
དེ་ཡི་སྣེ་མོ་ཐམས་ཅད་ཕར་བསྲིངས་ནས།།
བོད་ཀྱི་དགོན་ཆེན་བརྒྱ་ཡི་སྒོ་རུ་ཟུག།
རྟེན་འབྲེལ་མེ་ཏོག་སྣ་ཚོགས་བཀྲ་ན་ཡང་།།
དེ་ཡི་ནང་གི་པདྨ་དཀར་པོ་སྟེ།།
མདོ་ཁམས་སྡེ་དགེའི་རུ་དམ་ལུང་པ་ནི།།
རྨ་བྱས་སྒྲོ་གུར་ཕུབ་པ་ཇི་བཞིན་ཆགས།།
གསེར་གྱི་ས་གཞི་ཆེན་པོའི་སྒལ་གཞུང་དུ།།
མཛེས་པའི་རྒྱན་དང་བཀོད་པ་མ་བྱས་པར།།
རི་བྲག་ནགས་ཚལ་སྟོང་ཕྲག་གྱེན་དུ་ལངས།།
ཡུལ་དང་སྡེ་ཆེན་རང་བཞིན་ཤུགས་ཀྱིས་ཆགས།།
རྫོགས་ཆེན་རུ་དམ་ལྷ་ཡི་ལུང་པ་ནི།།
མཚོ་དང་རྦབ་ཆུ་སྤོས་ཤིང་མེ་ཏོག་སོགས།།
རི་མོ་མཁན་གྱིས་རིས་སུ་བྲིས་པ་འམ།།
བྱེད་པོའི་བློ་ཡིས་བཞེངས་པའི་སྐྱེད་ཚལ་འདྲ།།
སྔོན་ཚེ་གྲུབ་དབང་པདྨ་རིག་འཛིན་ལ།།
ས་འདི་ཆོས་སྐྱོང་སྲུང་མས་སྐྱེས་ཕུལ་ཞིང་།།
འོ་མ་དྲག་ཏུ་འཕྱུར་བའི་རྟེན་འབྲེལ་གྱིས།།
གདན་ས་རྫོགས་ཆེན་ཆགས་ཞེས་གཏམ་དུ་གྲགས།།
དེ་ནས་བཟུང་སྟེ་བསྐལ་པ་ད་ལྟའི་བར།།
མཁས་གྲུབ་གསེར་རིའི་ཕྲེང་བ་མ་ཆད་པར།།
ལུང་རྟོགས་ཆོས་ཀྱི་དགའ་སྟོན་རྒྱུན་བསྐྱངས་ཏེ།།
འཛམ་གླིང་ཁྱོན་དུ་གྲག་ཅིང་འབར་བ་ལགས།།
རྒྱལ་བསྟན་མ་དྲོས་མཚོ་ལས་བབས་པ་ཡི།།
སྔ་འགྱུར་ཆུ་བོ་གངྒའི་རྒྱུན་བཟང་ལ།།
སྔ་དར་ཕྱི་དར་ཡང་དར་རྣམ་གསུམ་གྱི།།
ཆོས་ཀྱི་བྱུང་བའི་ཆེ་བ་གླེང་ས་ན།།
སྔ་དར་རིག་འཛིན་གྲུབ་ཐོབ་ཀུན་ཀྱི་ཁྱིམ།།
དཔལ་གྱི་བསམ་ཡས་མཆིམས་ཕུ་ཡིན་ལགས་ན།།
ཕྱི་དར་མཁས་དང་གྲུབ་ཐོབ་རྣམས་ཀྱི་ཡུམ།།
རྫོགས་ཆེན་རུ་དམ་ལུང་པ་མ་ལགས་སམ།།
སྟེང་ཕྱོགས་ནམ་མཁའ་རྫོང་ནི་ཡངས་ཤིང་ཆེ།།
ཁ་བ་ལྷབ་ལྷུབ་འབབ་ཅིང་གྲང་ངར་རྒོད།།
རྩ་རླུང་རང་དབང་འབྱོར་བའི་སྒོམ་ཆེན་གྱིས།།
ཏིང་འཛིན་ཡེང་མེད་སྐྱོང་བའི་གནས་མཆོག་ཟེར།།
འོག་ཕྱོགས་ཚེ་རིང་ལྗོངས་ནི་བག་རེ་གྲོ།།
སྦྲང་ཆར་སིབ་སིབ་འབབ་ཅིང་སྨན་བསུང་འཐུལ།།
སྐལ་ལྡན་དོན་གཉེར་ཅན་གྱི་སློབ་མ་ཡིས།།
མན་ངག་སེང་གེའི་འོ་མ་འཇོ་ས་ཟེར།།
མཁའ་ནས་ཉི་ཟླ་འཛུམ་བཞིན་འཛུམ་བཞིན་འགྲོ།།
ས་ནས་གངས་ཆབ་སྔོན་མོས་གཏམ་བཟང་སྒྲོག།
ཐོད་བརྒལ་ལམ་གྱི་སྣང་བཞི་མཐར་ཕྱིན་ཏེ།།
ཕུང་ལྔ་འོད་སྐུར་གྲུབ་པའི་གནས་མཆོག་ལགས།།
པདྨ་རིག་འཛིན་ཕུག་དང་གཤིན་རྗེ་ཕུག།
མི་ཕམ་སྒྲུབ་ཕུག་དཔལ་སྤྲུལ་ཕུག་པ་སོགས།།
གྲུབ་མཆོག་རིག་འཛིན་སྟོང་གི་གཤེགས་ཤུལ་ནི།།
དང་བའི་བ་སྤུ་ཟིང་ཞིང་གཡོ་བ་ཡོད།།
རང་བྱུང་ལྷུན་གྱིས་གྲུབ་པའི་ཀེའུ་ཚང་དུ།།
དཀྱིལ་དཀྲུང་ཡུད་ཙམ་བྱས་པའི་ལྷིང་འཇགས་ཀྱིས།།
ཟང་ཟིང་འདོད་ཡོན་མེ་ཡི་ཚ་ངར་ལ།།
སྲེད་ཅིང་རྨོངས་པའི་གདུང་བ་ཞི་བར་བྱེད།།
མཚོ་དང་ལྟེང་ཀ་གཡས་སུ་འཁྱིལ་བའི་འགྲམ།།
སྐལ་བཟང་ལྷོད་བག་ཨེན་ཙམ་བསྟེན་ན་ཡང་།།
འཇིག་རྟེན་འཁོར་བ་སྒྱུ་མའི་གར་སྟབས་ལ།།
ཞེན་ཅིང་ཆགས་པའི་བློ་སྣ་བསྟུང་བར་ནུས།།
རྡོ་རྗེ་འཆང་དབང་དཔལ་སྤྲུལ་འཇིགས་མེད་པས།།
བྱང་ཆུབ་སེམས་ཀྱི་ཉམས་ལེན་མཐར་ཕྱིན་ཏེ།།
སྤྱོད་འཇུག་ཆེན་མོའི་མེ་ཏོག་བཀྲ་བའི་གནས།།
ཡུལ་འདི་ཡ་མཚན་ཤིན་ཏུ་ཆེ་བ་ལགས།།
ཐང་དཀར་རྒོད་ཀྱི་གཤོག་རྩལ་ངལ་བ་ཡི།།
གངས་རིའི་དབུ་རྩེ་ཤིན་ཏུ་མཐོ་བའི་གནས།།
ལྷག་མཐོང་ནམ་མཁའ་ཅོག་གེར་འཇོག་ས་སྟེ།།
ཚེ་དབང་རིག་འཛིན་མཁའ་སྤྱོད་གྲུབ་པའི་ཡུལ།།
རྫ་ཆུ་སིལ་མ་སྐད་སྙན་ལྷུང་ལྷུང་འབབ།།
ནགས་ཀྱི་གཡུ་ལོ་ལྡེམ་བཞིན་ལྡེམ་བཞིན་གཡོ།།
དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ཡིས།།
སྙན་ངག་དྲི་ཟའི་རྒྱུད་མང་འདི་ནས་དཀྲོལ།།
ཡལ་འདབ་ཤིག་ཤིག་གཡོ་བའི་ལྗོན་རྩེ་ནས།།
བྱ་དང་ཁུ་བྱུག་གསུང་སྙན་ལྷང་ལྷང་གྲག།
གནས་ལྔ་སྨྲ་བའི་པཎ་ཆེན་མི་ཕམ་པས།།
རིག་འཕྲུལ་སྟོང་གི་བསྟན་བཅོས་འདི་ནས་བརྩམས།།
སྤང་ཐང་ཡངས་ཤིང་མེ་ཏོག་ཕང་ཕུང་བཞད།།
བུང་བ་རྣམས་ཀྱང་འཕུར་ལྡིང་གར་ལ་རོལ།།
བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ཡིས།།
གཞུང་ཆེན་སྦྲང་རྩི་འཐུང་བའི་ལྡུམ་ར་ཡིན།།
གཡང་གཟར་བྲག་ལས་ཕུ་ཆུ་དྲག་ཏུ་འབབ།།
དུང་ཆེན་བུས་པའི་སྐད་སྙན་ཤུགས་ཀྱིས་འབྱུང་།།
རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་པས།།
ཡི་དམ་གཤིན་རྗེ་གྲུབ་ཅིང་ཞལ་གཟིགས་ཐོབ།།
རྒན་པའི་མིག་ལས་དད་པའི་འོད་མདངས་མཐོང་།།
གཞོན་རབས་རྣམས་ཀྱི་བློ་གྲོས་གློག་ལས་མྱུར།།
རྒྱལ་སྲས་གཞན་ཕན་མཐའ་ཡས་ཐུགས་འཕྲོག་སྟེ།།
ཤྲཱི་སེང་ཧའི་ཆོས་གྲྭ་ཆེན་མོ་བཏབ།།
འགྲོ་དོན་ནམ་མཁའ་ཤིན་ཏུ་ཁོད་ཡངས་ཤིང་།།
འཕྲིན་ལས་རླུང་གི་རྒྱུ་བ་རྟག་ཏུ་འོང་།།
མཁན་ཆེན་གཞན་དགའ་ཆོས་ཀྱི་སྣང་བ་དེས།།
བཅུ་གསུམ་གྲངས་ལྡན་གཞུང་གི་དར་ཆེན་བསྒྲེངས།།
ཕུ་ན་དཔངས་མཐོའི་གངས་རི་འགྱུར་བ་མེད།།
མདའ་ན་ཕྱུག་ཆེན་ལྷ་སྡེ་གཡང་དུ་ཆགས།།
ངག་ཆུང་སེང་གེ་དཀར་མོའི་ཕྲུ་གུ་ལ།།
མཁས་མཛངས་གཡུ་རལ་རྒྱས་སའང་འདི་ན་ཡིན།།
བསྟན་པའི་སྦྱིན་བདག་མངའ་ཐང་ཆེ་བ་དང་།།
བསྟན་འཛིན་སྐྱེས་བུ་སྐུ་ཚེ་བརྟན་བཞིན་དུ།།
དར་མའི་ལུས་ལ་རྒྱན་ཆས་སྤྲས་པ་བཞིན།།
རྫོགས་ཆེན་དགོན་པའི་འཕྲིན་ལས་མཁའ་དང་མཉམ།།
ཁང་བཟངས་གསེར་གྱི་པ་ཏྲ་འཁྱིལ་བའི་དབུས།།
མཉམ་བཞག་ཆུ་བོའི་རྒྱུན་བཟང་སྐྱོང་མཁས་པ།།
མདོ་ཁམས་ཡུལ་གྱི་ངག་རིག་སྨྲ་བའི་དཔལ།།
པདྨ་སྐལ་བཟང་གནས་འདིའི་རྒྱན་དུ་བཞུགས།།
དེ་ནི་ཁམ་པ་དངུལ་གྱི་དབུ་རྒྱན་ལ།།
རིན་ཆེན་གཟི་དང་བྱུ་རུ་མ་བཏགས་པར།།
ཕ་ལམ་རང་འོད་ཤིན་དུ་འཚེར་བ་ཞིག།
བསམ་བཞིན་ཕྲ་རུ་བཀོད་དང་ཡང་དག་མཚུངས།།
དེ་ལྟར་རྫོགས་ཆེན་རུ་དམ་ངོ་མཚར་ལྗོངས།།
ཕྱི་ཡི་བཀོད་པ་ནང་གི་སྙིང་པོ་སོགས།།
བཤད་པས་མི་ཚར་བརྗོད་ཀྱིས་མི་ལང་བས།།
སྙན་ངག་སྨྲ་བའི་ལྕེ་ཡང་ངལ་བར་གྱུར།།

0

One Response to ང་རྒྱལ་གྱི་གངས་རི་ཞུ་བ།(ཞར་བཀོད་གཉིས)

  1. ཐ་ལ་ལ། ལགས་ཀྱིས:

    སྲོལ་རྒྱུན་སྙན་རྩོམ་འབྲི་བར་ཤུགས་སྣོན་རྒྱོབས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།