གྲྭ་གཞོན་སྙན་ངག་འབྲི་མཁན་བདུན་གྱི་སྙན་ངག་ཆེད་སྒྲིག

8759






ད་ཐེངས་ «ལྷ་ཁང་ནང་གི་རྨི་ལམ» ཞེས་པའི་སྙན་དེབ་ཀྱི་རྩོམ་པ་པོ་གྲྭ་གཞོན་སྙན་ངག་འབྲི་མཁན་བདུན་གྱི་སྙན་ངག་ཆེད་འགོད་བྱས་ཡོད།


འབྲོག་རེ་ལྡེ། དངོས་མིང་ལ་འགག་ཚ་མགོན་ཚེ། ཕ་ཡུལ་གསེར་རྟ།   སྐྱེས་ལོ།1993
   2011ལོ་ནས་རྩོམ་ཡིག་འབྲི་བའི་ལམ་ཁར་ཞུགས་ཏེ་ད་བར་དུ་ཚིགས་བཅད་དང་རང་མོས་སོགས་བརྒྱ་ཕྲག་ཁ་ཤས་བྲིས་གྲུབ་ཅིང་།   འགའ་ཞིག་གཞུང་གཉེར་དུས་དེབ་ཁ་ཤས་དང «མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བ» སོགས་བོད་ཀྱི་དྲྭ་ཚིགས་ཁག་དུ་མར་བཀོད་མྱོང་།


          ༈ འཆི་བའི་འགྲེལ་བ།



འཆི་བ་ནི་འུར་ཟིང་ལ་བཀྱེད་པར་ཟེར་རོ།།
འཆི་བ་ནི་སུན་སྣང་མཚམས་བཅད་པར་ཟེར་རོ།།
འཆི་བ་ནི་ངལ་དུབ་ཀྱི་ཕོ་བྲང་བཤིག་པར་ཟེར་རོ།།
འཆི་བ་ནི་ངོས་སྙོམ་པའི་རོལ་དབྱངས་ལ་མཉན་པར་ཟེར་རོ།།
འཆི་བ་ནི་ཚུལ་འཆོས་ཀྱི་ཐ་གུ་གྲོལ་བར་ཟེར་རོ།།
འཆི་བ་ནི་ཟོལ་ཟོག་གི་རྡོག་ཁྲེས་ཕོགས་པར་ཟེར་རོ།།

ཆི་བ་ནི་མཛེས་སྡུག་གཅིག་ཏུ་བསྡོང་བ་ལ་ཟེར་རོ།།
འཆི་བ་ནི་རང་གི་གྲིབ་མ་རྙེད་པའི་དུས་ཚིགས་ལ་ཟེར་རོ།།
འཆི་བ་ནི་ཁེར་རྐྱང་དུ་བསྐྱོད་པའི་ཚུགས་ཀ་ཡག་པོ་ལ་ཟེར་རོ།།
འཆི་བ་ནི་རབ་ཏུ་འཇགས་པའི་བག་ཡངས་ཀྱི་སྐྱེད་ཚལ་ལ་ཟེར་རོ།།
འཆི་བ་ནི་ནད་ཀྱིས་མནར་བའི་གྲོང་ཁྱེར་ལས་རིང་དུ་གྱེས་པར་ཟེར་རོ།།
འཆི་བ་ནི་གཞན་ཁོ་ནར་མཛུབ་མོ་བཙུགས་རྒྱུ་མཚམས་བཞག་པར་ཟེར་རོ།།
འཆི་བ་ནི་མེས་པོའི་སྲ་མཁྲེགས་ཀྱི་རུས་པ་ཕྱིར་ལ་རྙེད་པར་ཟེར་རོ།།
འཆི་བ་ནི་སྙིང་ཉེ་བའི་མཆོད་མེ་ཁ་ཤས་གཟིམ་པ་ལ་ཟེར་རོ།།
འཆི་བ་ནི་མྱ་ངམ་གྱི་ལྗོན་པ་རྩད་ནས་བཅད་པར་ཟེར་རོ།།

ཆི་བ་ནི་རང་ཉིད་སྟོར་བའི་རྗེས་སུ་རྙེད་པ་ལ་ཟེར་རོ།།
འཆི་བ་ནི་སྙན་ངག་བྲིས་ཤིང་གྱེར་བའི་ཆོ་ག་ལ་ཟེར་རོ།།
འཆི་བ་ནི་གོ་རིམ་འཆོལ་བའི་བྱ་བཞག་ཅིག་ལ་ཟེར་རོ།།
འཆི་བ་ནི་འདུ་འབྲལ་གྱི་རླུང་པོ་གཡོས་པར་ཟེར་རོ།།
འཆི་བ་ནི་ལས་འབྲས་ཀྱི་མེ་ཏོག་ཁ་གས་པར་ཟེར་རོ།།
འཆི་བ་ནི་ཡི་གེའི་རོལ་རྩེད་ཅིག་མཇུག་དྲིལ་བར་ཟེར་རོ།།
འཆི་བ་ནི་རང་ཉིད་བོར་བའི་སྤྱི་ཚོགས་ལས་བརྒལ་བར་ཟེར་རོ།།
འཆི་བ་ནི་འཐབ་རྩོད་ཀྱི་གྲུ་ག་ལས་བྱོལ་བར་ཟེར་རོ།།
འཆི་བ་ནི་ང་རྒྱལ་གྱི་བུམ་པ་བཅག་པར་ཟེར་རོ།།
འཆི་བ་ནི་འཁྲབ་སྟོན་རིང་མོ་ཞིག་རྫོགས་པར་ཟེར་རོ།།
འཆི་བ་ནི་རང་ཉིད་ཡོངས་སུ་མཐོང་བའི་མགོ་བརྩམས་པར་ཟེར་རོ།།
འཆི་བ་ནི་གྲལ་རིམ་གྱི་འདུ་ཤེས་ལས་བུད་པར་ཟེར་རོ།།
འཆི་བ་ནི་བཅོས་འཛུམ་གྱི་པདྨོ་སད་ཀྱིས་ཁྱེར་བར་ཟེར་རོ།།
འཆི་བ་ནི་ཐོབ་ཤོར་གྱི་མི་ཚེ་རྒྱབ་ཏུ་ལྷག་པར་ཟེར་རོ།།
འཆི་བ་ནི་ཚེ་རབས་གཅིག་གི་ཁ་དོག་བརྗེ་བ་ལ་ཟེར་རོ།།
འཆི་བ་ནི་དོན་སྙིང་མེད་པའི་འཚོ་བར་བྲལ་བ་ལ་ཟེར་རོ།།
འཆི་བ་ནི་དཔལ་འབྱོར་གྱིས་སྤྲད་པའི་གནོན་ཤུགས་ཆག་པར་ཟེར་རོ།།
འཆི་བ་ནི་སྤྲུལ་སྐུ་ལ་ཤས་གྱི་ཁྲི་འཕང་གི་རྩོད་གླེང་རྒྱབ་ཏུ་ལུས་པ་ལ་ཟེར་རོ།།
འཆི་བ་ནི་གཞན་གྱི་ཁ་མིག་ལ་ཐལ་བ་འདེབས་མཚམས་བཞག་པར་ཟེར་རོ།།

འཆི་བ་ནི་ལྷ་སྒྲུང་གི་བཟི་ཁ་ལས་ཐར་བ་ལ་ཟེར་རོ།།
འཆི་བ་ནི་ཕྱོགས་གཅིག་ཁོ་ནར་ལྟ་བའི་མིང་ཟུང་འཁྱོག་པོ་བཙུམ་པར་ཟེར་རོ།།
འཆི་བ་ནི་རང་ཉིད་འཆར་བར་མི་ནུས་པའི་མེ་ལོང་སྟོར་བར་ཟེར་རོ།།
འཆི་བ་ནི་སྐབས་དང་སྐབས་སུ་འགྲོ་བར་འདོད་སའི་འཇིག་རྟེན་ཞིག་ལའང་ཟེར་རོ།།

         མེ་སྤྲེལ་ཟླ་བ་དགུ་བའི་ཚེས་ཉེར་གཉིས་ཀྱི་མཚན་མོ་བྲིས།



གྲོག་མ། ཆབ་མདོ་རི་བོ་ཆེ་རུ་སྐྱེས་ཤིང་མིང་ལ་ལེགས་བཤད་བཟང་པོ་ཟེར། གྲྭ་པ་བྱས་ཏེ་རིམ་གྱིས་རྩོམ་ཡིག་འབྲི་མཁན་ཞིག་ཏུ་གྱུར། རྩོམ་སྟེགས་ཆེ་གྲས «མི་རིགས་ཀྱི་རྩོམ་རིག» དང «སྦྲང་ཆར» «གངས་རྒྱན་མེ་ཏོག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ»  «གངས་དཀར་རི་བོ» སོགས་དུས་དེབ་ཁག་དང་། «མཆོད་མེ་རྩོམ་རིག་དྲ་བ» དང «རྫ་ཆུའི་རླབས་སྒྲ» «བཙན་པོ་དྲ་བ» སོགས་དྲྭ་ལམ་ཁག་ཏུ་རྩོམ་ཡིག་མང་ཙམ་སྤེལ། ད་ལྟ་དཔེ་མཚམས་བྱས་ནས་ཡིག་ཚོགས་ཀྱི་རི་བོ་ཆེན་པོ་ཞིག་རྒལ་བཞིན་ཡོད།


           ༈ སྙན་ངག་པ།




གསོན་དང་སྙིང་སྡུག་ལགས
ངས་ཁྱེད་ཀྱི་སོར་གདུབ་སྟེང་ནས
རང་གི་བོར་ཟིན་པའི་བརྩེ་བ་ཕྱིར་ལ་རྙེད་ཐབས་མ་བྱུང
ཆར་པ་སིབ་སིབ་ཏུ་བབས་ཀྱང་མ་བབས་ཀྱང
རང་ཡུལ་ནི་མཚོ་གཏིང་གི་རྡོ་བཞིན་བརྗེད་པར་གྱུར

དཔེར་ན་ཀུ་ཤུ་རྡོག་པོ་ཞིག་གི་ཐོག་ནས
ངའི་བྱིས་དུས་ཀྱི་མཛེས་རྟོགས་སློང་ཐབས་བྲལ་འདུག
དེའི་སྟེང་ནས་ཨ་མའི་བྱམས་བརྩེ་ཡང་དྲན་པར་ག་ལ་ནུས
ཨུ་ཚུགས་ཆེན་པོས་སྙན་ཚིག་གི་དྭ་ཕྲུག་ཁ་ཤས་བསྐྲུན་དགོས་བྱུང

ཉི་མ་འདི་དག་གི་རིང་ལ
གཞན་གྱིས་གནང་བའི་ལེགས་སྐྱེས་མེད་བརླག་ཏུ་བཏང
ལྷ་ཁང་གི་ཞིག་རོའི་བར་ནས་སྐྱོ་བའི་གདུང་གླུ་བླངས
ཐ་སྙད་ཀྱི་གཤིན་པོ་རྣམས་ཡི་དྭགས་བཞིན་གང་སར་གཏོར
དུས་བཏབ་པ་དང་དམ་བཅས་པ་ཉི་མ་རེ་རེ་བཞིན་འཆོར

ངས་འབད་པ་ཆེན་པོས་ཕྱིར་དྲན་བྱས་ཀྱང
གསུང་རབ་རླུང་གིས་ཁུར་བའི་ཤོག་སྒྲ་ཞིག་ལས་ཅི་ཡང་མ་དྲན
གྲོགས་རྙིང་པ་དག་གི་མཉམ་པར་ཡོད་ཚད་དྲས་བཏུབ་བྱས
མགོ་དང་ཡན་ལག་ཚང་མ་གད་སྙིགས་སུ་དོར
དེ་ནས་ཉི་མ་ཇི་ལྟར་ནུབ་ཚུལ་ལ་ལྟ་བཞིན ་་་  ་་་

ངའི་བཟོ་ལྟ་འདི་མཐོང་རྗེས་སུ
རྒྱ་དང་སོག་པོའི་ཡུལ་གྱི་བྱིའུ་དག་ཀྱང་ངུ་བཞིན་འདུག
       



བཙན་ཞགས། དངོས་མིང་ལ་སྦྱིན་པ་རྒྱ་མཚོ། ཀན་ལྷོ་རྨ་ཆུའི་གོང་གསེར་ཁ་མདོ་རུ་སྐྱེས་ཤིང་། ༢༠༡༣ལོར་སྙན་དེབ«རྨ་འགྲམ་གྱི་རླུང་བུ»དཔར་དུ་བསྐྲུན། དགུ་བཅུའི་རྗེས་ནས་བོད་ཀྱི་སྙན་ངག་གི་སྟེགས་བུར་འགྲོགས་ནས་ཡོང་ཤིང་ད་ལྟའི་བར་དུ«གངས་རྒྱན་མེ་ཏོག»གཙོའི་དུས་དེབ་དང་དྲྭ་ཚིགས་སྣ་ཚོགས་སུ་སྙན་ངག་མང་ཙམ་བཀོད་མྱོང་ལ། དགའ་ཕྱོགས་ཀྱི་དབང་གིས་སློབ་གསེང་གི་བར་སྟོང་དག་ཏུ་ཁེར་རྐྱང་གི་སྣང་བ་སྙན་ངག་གི་ཀློང་དུ་སྟིམ་བཞིན་ཡོད།


        ༈ འབྲོག་མོ།



               

སྙིང་རྗེ་བའི་མིག་ཟུང་གིས་སྤྲིན་དཀར་གྱི་འདབ་མ་བཏེགས་ཏེ
ལང་ཚོ་རྩྭ་ཐང་གི་ཁ་རྒྱན་ལ་སྦྱིན
སྙི་དྲགས་པའི་སེམས་ལ་དུང་བའི་མེ་ཏོག་བསྐུངས་ཡང
གཤིས་ཀྱི་མིག་ཟུང་རྙི་ལས་མ་ཐར

གཉོམ་ཐག་ཆོད་པའི་ནང་སེམས་རི་གླུའི་འགྱུར་ཁུགས་ལ་བསྲེས་ཏེ
ཕོད་ཆུང་བའི་ལག་ཟུང་རུམ་ན་ཐུང
འཚོ་བའི་དཀའ་ངལ་གྱི་བྲག་རི་འཁུར་བའི་ཞོར་དུ
ཞེ་དུང་བའི་རི་མོ་སེམས་ལ་བྱོས

ལས་ཀྱིས་མ་བཏང་བའི་གནས་ཡུལ་ལ་སྨྲེང་བ་འཐོར་བཞིན
རི་དྭགས་རྨས་མ་བཞིན་སྐྱོ་དུང་དུང
མི་ཚེ་གཞན་པའི་སེམས་ནང་ནས་རྫོགས་པར་ཞེད་མོད
སྐྲ་ཡི་ཉག་མ་རེ་རེ་ནས་གཞན་ལ་སྟེར

ཆུ་ཕྲན་ལ་བཏབ་པའི་ལང་ཚོའི་མེ་ཏོག་སྤར་གང་གིས
འཁོར་བའི་རྩེད་ར་ལ་བཅུག
སྒོ་ཁྱི་དང་ལྷན་དུ་སྡུག་བསྔལ་གྱི་ཚེར་མ་ཁ་ཡིས་ལེན་དུས
ཟུངས་ཁྲག་གི་ཚབ་ཏུ་རྩྭ་སྤར་གང་མི་འདུག

ཤ་ཁྲག་གི་ལུས་པོ་དུམ་བུ་འགར་གས་རྗེས
ཁ་ཆུང་དབང་ཆུང་གི་འཇིག་རྟེན་ལ་མུན་པ་འཁོར་མགོ་བརྩམས
ཞེན་ཆགས་ཀྱི་ཐ་གུ་དྲུད་དེ
མི་ཚེ་སེམས་བསྐྱེད་མེད་པའི་གཞན་དོན་དུ་རྫོགས་སོང

                    2019.10.10




ཐོ་ཡོར།   དངོས་མིང་ལ་བསྟན་སྐྱོང་ཟེར།   1995ལོར་དབལ་ཤུལ་གསེར་རྟའི་འབུམ་ཤུལ་སྡེ་བར་སྐྱེས།   ད་བར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད།  2016ལོའི «མི་རིགས་ཀྱི་རྩོམ་རིག» དང2017ལོའི «ཟླ་ཟེར» ལོ་འཁོར་བྱ་དགའ་ཐོབ།


          མི་ཚེའི་འགྲུལ་བཞུད།


 
ཁ་ཕྱོགས་དབྱེ་འབྱེད་དཀའ་བའི་ཐང་སྟོང་འདི་ནས
ཚ་ཕོག་བརྒྱབ་སྟེ་ངལ་གསོས
ཐང་སྟོང་འདིར་གྲིབ་ཆེན་ཁུག་ཟེར་བ་ཞིག་མི་འདུག
ས་སྲོད་ཀྱི་འཆར་ཡན་ཡང་མི་འདུག

འཁྱུག་ཙམ་གྱིས ཕྱོགས་བཞི་མུན་པས་བསྡམས་འདུག
ཉི་མ་འང་རྡོག་འོག་ནས་ཤར་ཡོང
མེ་ལྕེ་གཅིག་པུས་ངོ་གདོང་གསལ་ཙམ་གསལ་ཙམ་བྱེད

གཅིག་བྱས་ན་ཐང་ཆེན་འདིའི་མཐའ་ནི་འཆི་བར་ཐུག་ཡོད་ངེས
ཐང་ཆེན་འདི་བརྒྱུད་མྱོང་མཁན་གྱི་སྐྱེ་བོ་གཞན་གྱིས་ཀྱང
ཇ་སྐོལ་དུས་སམ་འགྲོ་དུས་ཉལ་དུས
ཡང་ན་དེ་ཚོ་མིན་པའི་དུས་སུ་དེ་ལྟར་བསམ་ཡོད་ངེས
ཤ་སྐྱི་འང་འདར་བར་བྱེད

གནམ་ངོ་རུབ་སོང ཆར་ཤག་ཅིག་ཡོང་རྒྱུ་ཡིན་པ་འདྲ
གཅིག་བྱས་ན་དེའི་རྗེས་སྨུག་པ་འཐིབ་སྲིད

ཐང་ཆེན་འདི་བརྒྱུད་ནས་འགྲོ་སྐབས
མི་འམ་གཅན་གཟན་གང་རུང་ཞིག་ལ

བར་མེད་དུ་གདོང་ཐུག་ཀྱང་བརྒྱབ་སྲིད
སྐྱེ་བོ་གཞན་ཡང་དེ་ལྟར་ཐེ་ཚོམ་ངང
དོགས་ཟོན་བྱས་ཏེ་ཆས་ཡོད་ངེས

རྐང་ཐང་དུ་ཐང་ཆེན་འདི་བརྒལ་དགོས
ངས་ད་ལྟ་ཁོ་ཚོའི་རྐང་རྗེས་ཀྱང་རྙེད་ཀྱིན་མི་འདུག
ཁོ་ཚོའི་ཤུལ་དུ་ཅི་ཡང་བསྐྱུར་མི་འདུག

ངས་ང་རང་ལམ་ཐག་ཅི་ཙམ་ལ་སོང་བ་འང་བརྗེད་འདུག
ལུས་པོ་རྒུར་རྐང་པ་འདར་ལག་གཉིས་འཁོབ
མིག་གིས་ཀྱང་མདུན་ཕྱོགས་རབ་རིབ་ལས་མི་སྣང
ཐང་ཆེན་འདིར་མཐའ་ཡོད་མེད་ཀྱང་ཅི་ཆ

   2018.8.19


དམར་སྨུག ཁེར་རྐྱང་གི་འགྲུལ་བ་ཞིག་སྟེ། མི་ཚེའི་འགྲུལ་བཞུད་ཁྲོད་ནས་ལོ་ཉི་ཤུ་སོང་། ཉག་རོང་ཇ་བཟི་ལུང་པ་རུ་སྐྱེས། 2011 ལོར་མི་ཉག་ལྷ་སྒང་ནང་བསྟན་སློབ་གླིང་འགྲིམས་ཤིང་རིམ་བཞིན་ནང་བསྟན་གྱི་རིག་གཞུང་ལ་བསླབས་ནས་ལོ་བདུན་ལྷག་སོང་། 2019ལོར་སྙན་དེབ«དྲན་པ་སྨྲེང་བ»པར་དུ་བསྐྲུན།


        ༈ མུན་པའི་མིག་ཟུང་།



རྨི་ལམ་དུ་འཕྲད་བྱུང་བའི་མི་དེ
སུ་ཞིག་ཡིན་ནམ

ང་ཡི་སྨྲ་བ་འགགས་པའི་རྣམ་འགྱུར་དེས
ང་རང་གཉིད་ལས་སད་པར་བྱས
མི་རྟག་པའི་གོམ་འགྲོས་འཁྱར་འཁྱོར་དེས
དགུན་ཁ་ནི
སྡོད་ཁང་འཁྱག་པ་ཞིག་ལྟར་བཟོས

ཁྱེད་ཀྱི་ལག་པ་ཆུང་ངུ་དེས
གླིང་ཕྲན་གང་ཞིག་གི་མིག་ཆུ་འབྱིད་ཐུབ་བམ
སྨག་རུམ་ཁྲོད་ཀྱི་སྐར་མ་ཐར་ཐོར་དེས
རང་གི་རྒྱབ་གཟུགས་ཀྱང་བོར་ནས་འགྲོ་བཞིན་འདུག

ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་རྗེས
ངག་མི་སྨྲ་བའི་ཁེར་རྐྱང་ཟླ་བ་དེས
ཁྱེད་ཀྱི་གྲིབ་མ་མཐོང་ཐུབ་བམ་སྙམ
YZHཡི་སྐྱོ་གདུང་ཁྲོད་དུ་ལུས་པའི་སེམས་གཅོང་དེ
སྔར་བཞིན་ཁུ་སིམ་མེར་སྡོད་ཐབས་བྲལ

  8.10.2019





ཀླུ་པད་བཟང་།  ཁམས་ཉག་རོང་དུ་སྐྱེས།   སྙན་ངག་ཐར་ཐོར་འགའ་རེ།《གངས་རྒྱན་མེ་ཏོག》《གངས་དཀར་རི་བོ》《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》 སོགས་དུས་དེབ་དང་ཚགས་པར་དྲྭ་ཚུགས་ཁག་ཏུ་སྤེལ་ཡོད། 2017ལོའི《གངས་དཀར་རི་བོ》ཡི་ལོ་མཇུག་རྩོམ་རིག་བྱ་དགའ་ཐོབ།
  2018ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭར་ཞུགས།


         ༈ ཡུལ་ལ་ལོག་དུས། 



ལོ་རྒྱུས་ཀྱི་སྨུག་པ་རི་རྒྱལ་ལ་དམ་དུ་དཀྲིས་རྗེས
སྦྲ་ཡི་ཁ་ཚུབ་ན་ཆེམ་ཆེམ་དུ་འཕྲོ་བའི་ཉི་འོད་དེ
ང་ཡི་ལུས་སྟེང་གི་དྲོད་སྣང་དང་ལྷན་གཅིག་ནར་སོན
དུས་ཚོད་ཉིད་ཀྱང་ཨ་མའི་ལན་བུ་དང་འདྲ་བར་རིང་པོ་ཞིག

སྤང་ལྗོངས་འདིའི་བདག་པོ་རལ་བ་ཅན
གཉིད་ལས་སད་རྗེས་ཀྱི་མིག་ཟུང་ནམ་མཁའ་དང་འདྲ་བ་དེ
ཧི་མ་ལ་ཡ་ཟེར་བའི་རི་བོ་མཐོ་ས་དེ་ནས
བདག་གི་རྟ་ཕོ་དང་ཁྱོད་ཀྱི་ལུ་གུ་དག་གི་རྗེས་སུ་བསྙེགས་སོང

མཚན་མོའི་མེ་ཕུང་སྐོར་བྲོ་རྡུང་མཁན་གྱི་མི་རྣམས
དལ་བྲེལ་མེད་པར་རང་རང་གི་མལ་དུ་འཛུལ་རྗེས
རྨི་ལམ་ནས་མཆེད་པའི་རུས་པ་དཀར་པོ་དེ
དབུས་ལམ་གྱི་ཉི་མ་ཁོ་ནས་བདག་གིར་བྱས

སྡེ་འདབས་ནས་གླུ་ཆུང་སིང་སིང་གཏོང་བའི་བུ་མོ་དེ
ཁ་སང་གྲོང་ཁྱེར་དུ་སོང་ཤུལ་ནས་ཕྱིར་ལོག་མ་བྱུང
སྤང་ལས་སྐྱེས་པའི་མལ་སྟན་འཇམ་པོ་དག
ད་ནི་དུས་ཚོད་ཀྱི་མེ་ཡིས་འཚིག་གིན་པ་ཐག་གིས་ཆོད

ལོ་རྒྱུས་ཀྱི་སྨུག་པ་རླུང་གིས་ཡང་ཡང་བསེད་རྗེས
འུར་རྡོའི་ལྕག་སྐད་ཅིག་གིས
བར་སྣང་ལ་ཁུར་སོང་བའི་བདག་གི་རྟ་ཕོ
གྲང་ཤུར་ཤུར་གྱི་སྤྲིན་པར་ཞོན་ནས་གང་དུ་བུད་སོང་ངམ།

          2019. 8. 2



གཡུ་རྔོག་ལུང་རྟོགས། 2014ལོ་ནས་གསར་རྩོམ་གྱི་ལས་སུ་ཞུགས། «གངས་རྒྱན་མེ་ཏོག»དང«མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»སོགས་སུ་སྙན་ངག་གཙོའི་རྩོམ་ཡིག་བཅུ་ཕྲག་ཁ་ཤས་བཀོད།  2018ལོར་སྙན་ངག་གཅེས་བཏུས་དེབ«ཚིག་ལ་བོར་བའི་མདུད་པ»ཞེས་པ་པར་དུ་བསྐྲུན།


༈ “རང་ཉིད་གཞན་པ”དེར་ཕུལ་བ།



ཁྱོད་ཀྱིས་རང་ཉིད་ཀྱི་དྲན་པས་བཟོས་པའི
ཡིད་འོང་གི་སྐྱེད་ཚལ་ཞིག་དུ
ང་རང་བྱེའུ་ཆུང་ནང་བཞིན་འཕུར་ཤོག་ཟེར
ཡིན་ནའང
ངས་ནམ་ཞིག་སྐྱེད་ཚལ་དེར་ཚེར་མ་སྐྱེས་ཡོང་བསམ་ན
ང་རང་འགལ་འདུའི་ནགས་ཚལ་འདི་ལས་ཐར་མ་བྱུང

ཁྱོད་ཀྱིས་རང་གི་མིག་ཟུང་ལས་སྐྱེས་པའི
དྭངས་གསལ་གྱི་མཚོ་ཆུང་དེ་རུ
ང་རང་གསེར་ཉ་ནང་བཞིན་རྐྱོལ་ཤོག་ཟེར
ཡིན་ནའང
ངས་ནམ་ཞིག་མཚོ་མོར་དར་ཁ་འགྲིག་ཡོང་བསམ་ན
ང་ཡིས་སྙིང་ཆུང་འདིའི་འཕར་སྒྲར་ཉན་ནས་འདུག་དགོས་བྱུང

ཁྱོད་ཀྱིས་འཆར་ཡན་གྱིས་བྲིས་པའི
མཐའ་ཡས་པའི་རྩྭ་ཐང་དེ་རུ
ང་རང་རྟ་ཕོ་ནང་བཞིན་རྒྱུག་ཤོག་ཟེར
ཡིན་ནའང
ངས་ནམ་ཞིག་རྩྭ་ཐང་དེར་རྣོ་ལྕགས་ཀྱི་དྲྭ་མིག་ཕབ་ཡོང་བསམ་ན
ང་ཡིས་རྒྱ་ཡན་གྱི་ཁེར་རྐྱང་འདི་བློས་གཏོང་བྱ་ཐབས་བྲལ

        ༢༠༡༩ལོའི་ཟླ༢པའི་ཚེས༡ཉིན།

_____

0

One Response to གྲྭ་གཞོན་སྙན་ངག་འབྲི་མཁན་བདུན་གྱི་སྙན་ངག་ཆེད་སྒྲིག

  1. དང་པོ། ལགས་ཀྱིས:

    གྲྭ་གཞོན་རྣམས་ཤུགས་རྒྱོབ

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།