དུང་རུ་ཚེ་དབང་གི་བཅད་རྩོམ་ཆེད་འགོད།

11951



རྩོམ་པ་པོའི་ངོ་སྤྲོད།

དངོས་མིང་དུ་ཚེ་དབང་སྟོབས་རྒྱལ་དང་། པིར་མིང་ལ་དུང་རུ་ཚེ་དབང་དུ་འབོད། མདོ་ཁམས་ཆབ་མདོ་རི་བོ་ཆེ་ཡི་མི་ཡིན། ཆུང་དུས་དགོན་པའི་སློབ་གྲྭར་འགྲིམས་ཤིང་། ད་ལྟ་རྩོམ་རིག་ཚགས་པར་ཞིག་གི་རྩོམ་སྒྲིག་པ་དང་། ཁྲིན་ཏུའུར་དཔེ་རྙིང་དག་སྒྲིག་གི་བྱ་བ་གཉེར་གྱིན་ཡོད། སྔར<ཕྱེ་མ་ལེབ>རྩོམ་རིག་ཚགས་པར་དང་། <མི་རིགས་ཀྱི་རྩོམ་རིག><མཆོད་མེ་དྲ་བ><རྫ་ཆུའི་རླབས་སྒྲ>སོགས་སུ་རྩོམ་ཡིག་མང་དུ་བཀོད་ཡོད།


 འཕྲིན་མགུར།

 ཁྱེད་ཉིད་ཨ་ཅོག་རི་བོར་བཞུགས།།
དགྲ་གཉེན་སྐུད་པ་བཅད་དེ་བཞུགས།།
དཔེ་མང་ཞལ་ཕྱེས་དྲྭ་ཡང་ཉུལ།།
བྱ་མགུར་བྱེའུ་མགུར་མཚམས་རེར་ལེན།།
ནམ་མཁའ་དེ་ལ་ཁེབས་མེད་ཅིང་།།
རླུང་རྒྱུན་བསིལ་ལ་ཡང་བའི་ཁར།།
སྤྲིན་དཀར་ནམ་ཡང་བྱང་གི་ཕྱོགས།།
གཤོག་རྡང་སྦྲེལ་ནས་མཐོ་རུ་འཕུར།།
ཐུགས་སེམས་སྐྱོ་སྐབས་མར་ཕྱོགས་ཀྱི།།
གནས་ཆེན་བདེ་མཆོག་རི་ཟོམ་གྱི།།
དགོན་ཆེན་བསང་དུད་གཡོ་བར་ལྟོས།།
ཇེ་མཐོར་འགྲོ་བའི་ཚུལ་ལ་ལྟོས།།
དབྱི་ཆུ་དལ་གྱིས་འབབ་པར་ལྟོས།།
རྒྱུན་ཆད་མེད་པའི་ཚུལ་ལ་ལྟོས།།

ང་རང་ལ་མོའི་ཚུར་ནང་དེར།།
དགའ་སྡུག་འཁོར་བའི་ཆུ་རིས་འབྲི།།
རེ་དོགས་ཤ་བ་ཉིན་སྲིབ་འདེད།།
མཚམས་རེར་སྙིང་ཐུབ་བུ་མོ་ཞེས།།
རྨི་ལམ་ཚུན་ཆད་མེ་ཏོག་འཆང་།།
རྟག་འཛིན་སྒྱུ་མའི་གྲོག་ཚང་སློང་།།
དལ་མེད་མ་འོངས་འཚོ་བར་བྲེལ།།
དེ་བས་གསར་རྩོམ་དཔེ་ཀློག་ལ།།
རྟེན་འབྲེལ་ཆོ་ག་བགྱི་བ་ལས།།
རྒྱུན་མར་འཇུག་པ་དཀའ་འདུག་ལགས།།
འོན་ཏེ་རྩེད་གྲོགས་ལྷ་མོ་དེས།།
སྨལ་བའི་སྲད་བུ་ཕྲ་མོ་འདི།།
ཇི་ལྟར་བསྣར་བ་དེ་སྲིད་དུ།།
དབྱངས་ཆུང་འཆད་པ་མི་ཡོང་ལགས།།
              ཞེས་པ་འདིའང་གུས་པའི་གྲོགས་བཟང་ཞིག་གི་སྒྲུབ་གནས་དང་ཉེ་བར་གྱུར་སྐབས་དུང་རུ་ཚེ་དབང་དུ་འབོད་པས་བྲིས་པའོ།།

ཁྱེད་རང་བདེ་བར་ཕེབས་པ་ལེགས།

                      —སེམས་ཀྱི་ཁོང་ན་སྐྱོ་བ་བན་བུན་ཞིག་འཁྲིགས་སྟབས་གྲོགས་པོ་ཁོང་ཡང་དྲན་པོ་བྱུང་།

 ཁྱེད་རང་བདེ་བར་ཕེབས་པ་ལེགས།།
འཇིག་རྟེན་གནམ་ངོ་རྟོགས་པ་དཀའ།།
ལན་རེར་འཇའ་འོད་མེ་ཏོག་བཀྲ།།
མཚམས་རེར་མེ་དང་རྡོ་ཆར་འབབ།།

ང་ནི་ཁེར་བུར་གྲོང་མཐའ་ན།།
རྨི་ལམ་གཉིས་ཀྱི་མཐུད་མཚམས་ན།།
སྨག་དང་ཟླ་འོད་འཕྲད་མཚམས་ན།།
ལམ་སྣེ་ཕར་ཚུར་འབྲེལ་མཚམས་ན།།
ཆུ་དང་རྡོ་བ་དང་ཐུག་མཚམས་ན།།
འཁོར་འདས་གཉིས་ཀྱི་འདྲེས་མཚམས་ན།།
དགེ་སྡིག་ཆར་ལྭ་བརྗེ་ཞོར་དུ།།
བདེ་སྡུག་མངར་སྐྱུར་མྱོང་ཞོར་དུ།།
འཇིག་རྟེན་བུད་མེད་འཁྲིད་དང་ལྷན།།
མྱ་ངན་འདས་ལ་སྒོ་སྐེར་ལྟ།།

འོན་ཀྱང་གློག་དང་ཆར་གྱིས་ནི།།
བདག་ལ་གཙེ་བ་མཚམས་མི་ཆད།།
སྐབས་རེར་ལམ་དག་ཡང་ཡང་སྟོར།།
རྐྱེན་དེས་བདག་ནི་གྲོགས་བཟང་ཁྱེད།།
ཕེབས་པ་ལེགས་ཞེས་སྨོན་སེམས་ཤོར།།

བྱམས་པར་ཕུལ་བ།


 བྱེ་མའི་གྲོག་ཚང་བརྩེགས་པ་ཆར་པས་ཡང་ཡང་བཤལ།།
དུས་ཚོད་རྒྱུགས་ཆུར་འདྲེས་ཏེ་བྲེལ་བྲེལ་རྒྱང་ལ་བཞུར།།
སྟོན་ཟླའི་བསིལ་རླུང་གཡོས་པས་ལྕང་ལོ་འདར་ཤུམ་བྱེད།།
རྒྱང་རིང་བྱམས་པ་དྲན་དྲགས་སྡེ་མཐའི་རི་སྒང་སྟེང་།།
ཡང་དང་བསྐྱར་དུ་འོང་ཞིང་སྲོད་ཀྱི་ཟླ་བར་བལྟས།།

དྲན་པ།


 ལུག་ཁྱུ་དུམ་བུ་རྩྭ་ཁར་ཡན།།
སྤྲིན་དཀར་དུམ་བུ་བྱང་ཕྱོགས་འགྲོ།།
ང་ཡི་ཚོར་བའི་ལོགས་ཤིག་ཏུ།།
ཁྱོད་རང་སྒོ་རར་ཉི་མ་ལྡེ།།

འཁོར་བའི་གླུ།


འཁོར་བའི་རི་ཐང་འཇག་སྐྱ་གཡོ།།
བྱ་དང་བྱ་ཕྲན་རླུང་གིས་ཁྱེར།།
ང་ནི་ང་དང་ཁྱོད་ཀྱང་ཁྱོད།།
མི་ཚེ་མཚོ་ངོས་གྲུ་ཆུང་ནང་།།
འགྲམ་པ་སྐྱོར་བཞིན་ཤུ་རིང་འཐེན།།

འཇིག་རྟེན་རྒྱ་བྲག་འཐབ་པ་འདྲ།།
ཡང་ན་སྨིག་རྒྱུའི་བུད་མེད་འདྲ།།
དེ་མིན་སྤྲིན་དང་རྨི་ལམ་ཚུལ།།
རང་ཅག་ཐོ་ཡོར་རེ་རེ་སྟེ།།
ཆར་ཆུས་དྲས་ཤིང་དྲུབ་པ་ཉིད།།

ད་ལྟ་གསོན་ཡང་ཤི་བའི་ཚུལ།།
སང་ཉིན་ཅི་འདྲར་བསམ་མི་འདོད།།
རྒྱུ་རྐྱེན་མེད་པར་ནམ་མཁའ་ཀུན།།
སྐར་མའི་ཚོགས་ཀྱིས་ཡོངས་སུ་སྟོངས།།
ཟླ་བ་ཞུ་ནས་བྱེ་མར་ཟག།

མཚམས་རེར་ཁོང་ནས་གད་མོ་འོང་།།
ལན་ལེར་འཆི་བར་བློ་ཡང་འཁོར།།
མེ་ཏོག་འབྲས་བུ་བྲལ་བ་ཡི།།
སྡོང་གོག་འདི་ལ་འགྱེལ་བ་མེད།།
ཡལ་ག་འདི་ལ་རྫོགས་པ་མེད།།
          — རྒྱུ་མེད་རྐྱེན་མེད་དུ་སྨྲེང་ཞིང་སྐྱོ་བའི་ཚུལ་འདི། དུས་རབས་ཆེས་ཕྱི་མའི་འཇིག་རྟེན་གྱི་བཀྲེས་སྐོམ་དང་ནད་རིགས་འགོས་མཆེད་རྗེས་ཀྱི་ནམ་མཁའ་དེ་ལས་ཀྱང་སྐྱ་ལང་ལོང་དུ་འདུག

རླུང་།


                 (1)
དགུན་ཞོགས་ཁ་བའི་ནང་དུ་རྐང་རྗེས་ཆ་ཞིག་མངོན།།
དེ་ནི་ཡིད་འོང་འདྲ་ལ་ལས་ཀྱི་རི་མོ་འདྲ།།
དེ་ནི་གློ་བུར་འདྲ་ལ་མིག་ཆུའི་ཤུལ་དང་འདྲ།།
དེ་ཡི་ཕྱོགས་དང་ཕྱོགས་ན་རྩྭ་རྐང་རེ་ཟུང་ལངས།།
ཡང་དེའི་མཐའ་དང་མཚམས་ན་གངས་སྨུག་ཐབ་ཐིབ་འཁྲིགས།།
གློག་ཞུ་སྦར་ནས་བལྟས་ཀྱང་ཕ་རོལ་ག་ལ་མཐོང་།།

           (2)
ཆར་པ་དག་ནི་ལན་རེ་ཙམ།།
མེ་ཏོག་འཚར་བ་སྐབས་རེ་ཙམ།།
འཁོར་བའི་ཐལ་འཚུབ་འཇག་པ་མེད།།
ཨ་མའི་མིག་མཐའ་སྐམས་དུས་མེད།།

                 (3)
སེམས་ནི་རླུང་བུ་འདྲ་སྟེ་གཏད་སོ་མེད།།
ལུས་ནི་རས་དར་འདྲ་སྟེ་གཡབ་གཡུག་བྱེད།།
ནམ་ཞིག་རླུང་འདི་རང་སར་ཞི་བ་ན།།
རས་དར་འདི་ཡང་ལྷན་དུ་ཞིག་པར་ངེས།།
མི་མཐུན་ཆོས་ཀྱི་སྟོན་པ་སོ་སོ་ཡང་།།
དེ་ན་དགྱེས་བཞིན་བརྩེ་བ་གླེང་བར་ངེས།།
ཁོང་ཚོའི་གདུལ་བྱ་སྐྱོང་བའི་ཉ་མ་ཡང་།།
བསིལ་ཁང་ཕུབ་ནས་མེ་ཏོག་གསོ་བར་ངེས།།
འོན་ཀྱང་བདག་ནི་ཚིག་ནག་འཛིང་པའི་གསེང་།།
སྐར་འོད་ཉག་མ་ཙམ་ཡང་འཚོལ་བར་སྤྲོ།།

             (4)
དཔྱིད་ཀ་འདི་འདྲའི་རིང་བ།།
མི་རྐྱང་མལ་ས་གྲང་བ།།
ཐབས་ཤེས་ཅི་འདྲ་བསྐོལ་ཡང་།།
སྐྱབས་འཇུག་ག་འདྲ་ཞུས་ཀྱང་།།
འཚོ་བའི་རྫ་གསེང་འདི་ནས།།
ལྷ་མོ་འབྱོན་པ་མི་འདུག།
རླུང་ཆེན་རླུང་ཆུང་རེ་རེས།།
སྤྲིན་དཀར་རི་རྒྱབ་དེད་སོང་།།
ཡིན་ཡང་ཐབས་ཤེས་ཅི་ཡོད།།
ང་ནི་གནམ་ལ་ལྟ་གིན།།
ཨག་སྟོང་རེ་གཉིས་བརྒྱབ་ཡོད།།
ད་ནི དེ་དག་མི་གླེང་།།
གླེང་ཡང་ས་གོ་མི་ཕིག།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།