ཞོགས་པའི་སྙན་ངག(ཞར་བཀོད་གསུམ།)

8934


                          རྩོམ་པ་པོ། གཡུ་ཆུང་།


ཞོགས་པའི་སྙན་ངག


 ཀྲོང་ངེར་འགྱིང་བ་སྟག་ལུང་རི་བོ།།
ལྷོད་ཀྱིས་འབབ་པ་རོང་བོ་དགུ་ཆུ།།
དད་པའི་ཀློང་གི་སྒྲོལ་མའི་ཐང་ཆེན།།
འཇིག་རྟེན་ཕྱི་ཡི་ལྟད་མོ་སྣ་ཚོགས།།

ཉི་ཟེར་འཐུ་བའི་རྒྱ་ཕེབས་སེར་པོ།།
ལྷིང་འཇགས་རུམ་པའི་གཡེལ་དྲིལ་སིང་སིང་།།
རྡོག་ཁྲེས་ཁུར་བའི་བན་ཆུང་ཁ་དྲོ།།
ཞོགས་པ་འདི་ཡི་སྙན་ངག་ཅིག་ཡིན།།

སྐྱ་རེངས་དུས་ཀྱི་བསང་དུད་སྔོན་མོ།།
ཆ་མེད་རྒྱུས་མེད་མཇལ་བ་ཁྲི་ཕྲག།
བརྗེད་དུ་མེད་པ་ལྷ་སའི་བུ་མོ།།
སྐོར་ལམ་འདི་ན་ཡོད་ཡོད་འདྲ་ཞིག།

མེས་པོ་གསེར་གྱི་གློ་གྲི་ཅན་ཞིག།
དམ་ཚིག་མ་ཉམས་ལྷིང་ངེར་བཞུགས་ཡོད།།
མོས་གུས་དུང་ཆེན་ཡང་གཅིག་བུས་ནས།།
ཡུན་རིང་བཞུགས་པའི་སྨོན་འདུན་ཞུས་སོང་།།

སྟོན་མཇུག་ཅིག་ལ་འདི་ནས་འཛོམས་ཡོད།།
སྟོན་མཇུག་ཅིག་ལ་འདི་ནས་བྲལ་སོང་།།
མཐོ་བ་ལྷ་ཡི་ཡུལ་ལ་མ་སྨོན།།
ལྷ་ཡུལ་ལས་ཀྱང་མི་ཡུལ་འདི་སྐྱིད།།

རིག་བྱེད་ཚིག་གི་བདུད་རྩི་འབབ་ས།།
རྣལ་འབྱོར་བླ་མས་དོ་ཧ་འགུག་ས།།
ང་ཡི་སྣང་སེམས་ཀུན་གཞིའི་ངོས་ཀྱི།།
བསུབ་ཏུ་མེད་པ་གསེར་མོ་ལྗོངས་འདི།།

རླུང་དང་སྤྲིན་པའི་འགྲོས་ལ་བྱོན་ནས།།
ཁྱེད་ཀྱི་སྤང་ལ་ཡང་ཡང་ལོག་དུས།།
ཚར་རྒྱུ་མེད་པའི་གཏམ་རྒྱུད་ཅིག་གིས།།
འབོད་པའི་གཡབ་མོ་ལན་མང་གནང་སོང་།།

ཞོགས་པ་འདི་ཡི་དག་གཙང་ཡོད་དགུ།།
ནག་ནོག་སེམས་ཀྱི་དྲི་མས་མ་གོས།།
དགེ་ལེགས་འཕེལ་བའི་རྟེན་དུ་མཆོད་ན།།
དགུ་ཆུ་སྔོན་མོས་བརྗེད་པ་མ་གནང་།།

          ༡/༡/༠༡༩ ཞོགས་པར་རྨ་ལྷོ་ནས་བྲིས།

ཡིད་འགྱུར།


 ལྷམ་ཆུང་གཡས་པ་དེ་གཏམ་རྒྱུད་ཅིག་རེད།།
ལྷམ་ཆུང་གཡོན་པ་དེ་རྨི་ལམ་ཞིག་རེད།།
མ་བརྩིགས་རང་འགྲུབ་ཀྱི་ཁང་ཆུང་གྲུ་བཞི།།
སྐྱེ་བ་ཚེ་གཅིག་གི་དྲན་ཤིང་ཉན་སོང་།།

ཞོགས་པའི་ཉི་འོད་ཁོང་ཁ་དྲོ་ཞུས་ཡོད།།
སྲོད་ཀྱི་མཚམས་སྤྲིན་ཡང་བདེ་བར་ཕེབས་ཆོག།
འཇིག་རྟེན་ཐོབ་ཤོར་གྱི་སྒང་གཤོང་འདི་ན།།
དགོས་འདོད་ནོར་བུ་དེ་ཡོད་ས་མ་རེད།།

སེམས་ནི་སྤྲིན་དཀར་གྱི་འགྱུ་བག་ཇི་བཞིན།།
ཁྱོད་ཀྱི་བསིལ་རླུང་གི་འགྲོས་ཀྱིས་བུད་འགྲོ།།
གཡོ་མེད་བསམ་གཏན་གྱི་རི་བོ་ཇི་བཞིན།།
རྟག་བརྟན་འགྱུར་མེད་ཅིག་ཡོང་དུས་མི་འདུག།

ཐང་ཆེན་ཐང་ཆུང་གི་ལམ་འགྲོ་རྒྱུས་མེད།།
གཉེན་དང་ཤ་རུས་ཀྱི་འབྲེལ་ཐག་མེད་ཀྱང་།།
སོང་ས་བསྡད་ས་ནས་མིག་ལ་ཐོགས་ཡོང་།།
བདག་དང་ཉེ་ཉེ་ཞིག་ཡིན་ཡིན་འདྲ་ཞིག།

དག་དང་མ་དག་གི་སྒྲོལ་མའི་ཚོགས་ཞིང་།།
གཙང་བོའི་ཕ་རོལ་གྱི་སྨིག་རྒྱུའི་གསེབ་ན།།
མདུན་གྱི་གཙང་བོ་དེ་ཆེ་རྒྱུ་མེད་རུང་།།
དགོས་པའི་ཀོ་གྲུ་དེ་བདག་ལ་མ་ཡོད།།

སེམས་ཀྱི་གཞས་ཆུང་དེ་མཚོན་པའི་ཐབས་སུ།།
གཟུགས་དང་གཟུགས་མེད་ཀྱི་རྒྱུད་སྐུད་སྟེང་ལ།།
གཡུ་ཡི་རྣ་ལོང་གི་རྒྱན་ཆ་འདྲ་བའི།།
མ་བྲིས་རི་མོ་བཞིན་འབུར་གྱིས་བྲིས་ཡོད།།

བདག་མེད་བྱིའུ་ཆུང་གི་འཕུར་སྟངས་རེ་ལ།།
ཡིད་འགྱུར་ཁྲི་ཕྲག་གི་སྨུག་པ་ལང་ལོང་།།
འཛིན་མེད་ཟིན་མེད་ཀྱི་ཚོར་བའི་སྤྲིན་ཕུང་།།
ཚིག་གི་རོལ་རྩེད་ཀྱིས་མཚོན་པར་མི་ནུས།།

          ༠༡༩/༤/༡༨ཉིན་ཕ་ཡུལ་ནས།

ངག་གི་ལྡ་ལྡི།


 སྐྱེས་ཡག་སྨན་ཆུང་གིས་བསླུ་བྲིད་ཐེབས་འདྲའི།།
མི་ཤིགས་བརྩེ་བ་ཡིས་རྒྱང་ནས་བསྐྱུར་འདྲའི།།
མཁའ་འགྲོའི་ཕྱི་མིག་གི་མཚོ་ཆུང་ཁ་ནས།།
ངང་མོ་ཁྱུ་ཚོགས་ཤིག་ཡང་ཡང་འཕུར་སོང་།།


བཟུང་ན་འཇའ་ཚོན་བཞིན་རྒྱང་ནས་འགྲོ་ཞིང་།།
བསྐྱུར་ན་གྲིབ་མ་བཞིན་འགྲོགས་ནས་ཡོང་བའི།།
བཟུང་འཛིན་གང་ཡིན་ཞིག་བསྙད་དུ་མེད་འདྲའི།།
ཕྱི་ནང་སྐྱེ་མཆེད་ཀྱི་གཟུགས་སྒྲའི་ཚོགས་དག།


ཡོལ་བའི་ཕ་རོལ་གྱི་རྒྱུད་མངས་སྔོན་མོ།།
བྱམས་པའི་ཕྱག་སོར་གྱིས་ཡང་གཅིག་ཁྲོལ་དང་།།
སྡེ་ཆེན་ཁྲོམ་པ་ནས་ཞབས་རྗེས་བོར་བའི།།
དབུས་འགྲོ་བན་ཆུང་དེ་ས་ཕྱོགས་གང་ན།།

སེམས་ཀྱི་རི་དྭགས་ཁོང་བྲོས་པའི་ཤུལ་དུ།།
ལྕང་ལོ་ཤིག་ཤིག་གི་གཡོ་སྟངས་འགྱུར་སོང་།།
བྱིའུ་ཆུང་ཅག་ཅག་གི་འཕུར་སྟངས་ནོག་སོང་།།
ཁྲེལ་མེད་ཁྲམ་པ་ཞིག་ངས་ཀྱང་མ་བྱས།།

མ་ངེས་སྐྱིད་སྡུག་གི་སྒང་གཤོང་མང་པོར།།
ངལ་བའི་ལྷམ་ཆུང་དེ་ག་ལེར་འཕུར་ཉིན།།
ཟུར་གསུམ་སྙིང་དབུས་ཀྱི་སྒྲོལ་མ་ཉེར་གཅིག།
ང་ཡི་དུས་གསུམ་ན་མཛེས་པས་སྒེག་འདུག།

སྐྱིད་པའི་ལྷན་འཛོམས་ཀྱི་སྐལ་ཞིག་མ་རྙེད།།
སྣང་སྲིད་ནགས་ཀློང་ནས་གཅིག་པུར་ལུས་སོང་།།
བཟོད་མེད་གྱེས་གདུང་ཡང་མྱོང་དགོས་མ་རེད།།
རྒྱལ་བུ་དོན་གྲུབ་ཀྱང་འདི་ནས་ཕེབས་སོང་།།

ངས་ནི་མེ་ལོང་གི་མདུན་ནས་ལངས་ཏེ།།
ཡིད་འགྱུར་གླིང་བུ་དེ་རང་ལ་བུས་ཡོད།།
ཚོར་འདུའི་སྤྲིན་ཕུང་ལ་རླུང་གིས་རེག་ན།།
ངག་གི་དབྱངས་ཅན་ཁོང་བཞུགས་ཚོད་མ་རེད།།

               ༢༡/༡༢/༠༡༨ ཁྲིན་ཏུའུ་ནས།

རྨི་ལམ་ཡག


 མ་བྲིས་རང་བྱུང་དར་གྱི་ཤམ་བུ།།
ཚེ་རབས་གཅིག་གི་རྨི་ལམ་ཡིན་ཤག།
རྨི་ལམ་དེ་ལ་དྲན་པ་དགུ་བརྩེགས།།
དགུང་སྔོན་དབྱིངས་ཀྱི་སྤྲིན་པ་ཡིན་སོང་།།
ཁམ་སྡོང་རྩེ་ཡི་བྱིའུ་ཆུང་ཡིན་སོང་།།
ཕྱི་མིག་ཀློང་གི་མིག་ཆུ་ཡིན་སོང་།།

སྨུག་སྤྲིན་གསེབ་ཀྱི་ཟིལ་བ་ཙམ་ཞིག།
ནས་ཆང་ཡིན་ན་བདུད་རྩི་ཡིན་འོས།།
ཁམ་བུ་ཡིན་ན་སེམས་ཀྱིས་འཐུ་འོས།།
མགར་མཁན་ལགས་ཀྱི་བཟོ་ལས་ཐོན་པའི།།
རྣ་ལོང་ཡིན་ན་སུ་ཡིས་འདོགས་འོས།།

ཡར་སོང་རླུང་གིས་སྔུན་ནས་ཁྲིད་ཐལ།།
མར་ཡོང་གཙང་བོས་རྒྱབ་ནས་སྐྱོར་ཐལ།།
ཚངས་དབྱངས་མགུར་མ་ལན་གཅིག་མཇལ་དུས།།
ཁྲོམ་གཟིགས་སྒང་གི་སྔོན་མོ་གཡུ་དེ།།
བཙོང་མཁན་རང་ཡིན་ཉོ་མཁན་རང་ཡིན།།

                    ༠༡༩/༩/༡༠ཉིན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།