སྙིམ་པར་ལྷུང་བའི་ཟླ་བ།(ཞར་བཀོད་གཉིས།)

8093


                                 རྩོམ་པ་པོ། འབྲོག་སྨྱུག

སྙིམ་པར་ལྷུང་བའི་ཟླ་བ།


སྙིམ་པར་ལྷུང་བའི་ཟླ་འོད་ཟ་ཟི་དེ།
སིལ་བར་བཅག་སྟེ། བར་སྣང་སྟོང་བར་བཏབ།

ཆུ་དང་ཆར་བའི་ཚུལ་དུ།
རླུང་དང་རོལ་མོའི་གསེབ་ཏུ།
མི་ཡུལ་དག་ཞིང་དུ་ལྷབ་ལྷུབ་འཐོར་ཡོང་།

ནམ་མཁའ་དང་ས་གཞི།
རི་རབ་དང་གཙང་བོ།
ལྷ་དང་དཀོན་མཆོག
མི་དང་མིའི་བར་དུ་ལྷབ་ལྷུབ་འཐོར་ཡོང་།
སྙིམ་པར་ལྷུང་བའི་ཟླ་འོད་ཟ་ཟི་དེ།
སིལ་བར་བཅག་སྟེ། བར་སྣང་སྟོང་བར་བཏབ།

ཚ་ཞིང་སྲེག་པ།
ཡང་ཞིང་གཡོ་བ།
གོང་བུ་གཅིག་ཏུ་འདྲིལ་ནས།
འཚོ་བ་དང་རྨི་ལམ།
དགའ་སྐྱོ་སྡུག་གསུམ།
མི་ཚེ་དང་དུས་ཚོད་ཀྱི་བར་གསེང་དུ་བཞུར།

མཐའ་དབུས་མེད་པར།
ན་བུན་ལྟ་བུའི།
སེམས་ཀྱི་དེ་ཉིད།
མི་ཚོགས་ཀྱི་གསེབ་ལ་ལྷུང་།
མི་གཅིག་གི་རྒྱབ་ཏུ་འཁྱུད།

         ༢༠༡༩ / ༧ / ༢༢

མཚོ་མཐའི་སྣང་སྟོང་།


 
ཉི་མའི་ཕྱེད་ཀ་མཚོ་ངོས་སུ་ལྷག་དུས།
གཡོར་གྲུ་ཞིག་ག་ལེར་རྒྱང་ལ་བཞུད།
སྐབས་རེ་ཉི་མའི་འོད་ངོས་སུ་གར་མ་ཞིག་ལྟར་མངོན།

ཉི་འོད་མ་ལུས་མཚོ་ངོགས་སུ་ནུབ་དུས།
ང་ཡི་མིག་ཟུང་ལས།
ནག་ཐིག་ཞིག་ལྟར་མི་སྣང་བར་གྱུར།

མུན་པའི་རས་ཡོལ་རླབས་ཀྱིས་རྗེས་སུ་ཁྲིད་ཡོང་དུས།
གཙང་འགྲམ་གྱི་ལྗོན་པའི་འོག་ཏུ།
གློག་འོད་ཅིག་ག་ལེར་མངོན་ཡོང་།
ཕྱེ་མ་ལེབ་འགས།
བར་སྣང་དུ་སྒོར་བྲོ་རྒྱག་གིན་འདུག

རྡེའུ་ཞིག་མཚོ་གཏིང་དུ་གཡུག་པས།
ཆུ་ཐིགས་ཤིག་གནམ་མཁར་འཕྱོ་བཞིན།
ཕྱིར་འཐིམ་གྱིན་པ་དེ།
ཚེ་སྲོག་ཅིག་གི་ངོ་བོ་དང་མཚུངས།

རླབས་གཉེར་ཞིག་ཡུན་ཀྱིས་འཇགས་ཚུལ་ནི།
མི་ཚེ་ཡི་གོ་རིམ་ཞིག་དང་འདྲ་ན།
མཚོ་རླུང་གིས་སྐྲ་ལོ་བསྒུལ་ཙམ་བྱས་པས།
ང་ལ་བསམ་གཞིག་ལྷག་མ་ཞིག་སྤྲད་བྱུང་།

                       ༢༠༡༩ —༨-༢༩ཉིན།

ཟླ་འོད་འཚེར་འཚེར་གྱི་ཕ་ཡུལ།


 
ཕ་ཡུལ་ལགས། ང་ཡི།
ཚེ་སྲོག་དང་ལང་ཚོ་ཁྱེད་ཀྱི་པང་དུ་ཐོར་བ་ནས་བཟུང་།
ཉིན་བཞིན་འཚོ་བའི་དགའ་སྐྱོ་རེ་རེ།
ཁྱེད་ཀྱི་རུམ་ཁོང་དང་མཁའ་དབྱིངས་སུ་ཐིམ།

ང་ཁྱེད་ཀྱི་སྙིང་ཁར་འགྲེང་དུས།
རང་བྱུང་གི་སྣང་ཚུལ་མཐའ་དག་གིས་ང་ལ་ཤེས་རབ་བསྩལ།
ཆུ་དང་ཆར་བའི་ཚོགས་ཀྱིས་ང་ལ་སྤོབས་པ་གནང་།

ངའི་གཏམ་རྒྱུད་དང་འཚོ་བའི་རི་མོ།
དགའ་སྐྱོ་སྡུག་གསུམ་གྱི་རྨི་ལམ་རིང་མོ།
འཇམ་ཐིང་ཐིང་གི་རི་གྲོང་ལ་ཞོ་ལྟར་ཆགས་ཡོད།

རུས་རྐང་ལ་བརྐོས་པའི་ཡིག་འབྲུ་གཉིས་ནི།
ཕ་ཡུལ་ཞེ་པའི་ཡིག་འབྲུ་འདི་གཉིས་རེད་པས།
མཇུག་མཐར་རུས་པ་དང་ལྷན་དུ་ཕ་ཡུལ་ལ་བསྟིམ་དགོས།

ཕ་ཡུལ་བོར་མཁན་དག་ལ་ཡུལ་གྱུར་བ་ཞེས་བརྗོད།
ཡུལ་གྱུར་བའི་སྙན་ངག་ཏུ།
ཕ་ཡུལ་ནི་བྱམས་བརྩེ་ལྡན་པའི་ཨ་མ་དང་མཚུངས་ཟེར།

ཕ་ཡུལ་བོར་བའི་མི་རྣམས་ཀྱིས།
མིག་ཟུང་འདི་ག་ལེར་བཙུམ་ཐུབ་རུང་།
སེམས་པའི་གཏིང་གི་ཕ་ཡུལ་འཇགས་མི་སྲིད་ཟེར།

ཟླ་འོད་འཚེར་འཚེར་གྱི་ཕ་ཡུལ།
སྐར་འོད་ལམ་ལམ་གྱི་ཕ་ཡུལ།
ང་ཁྱེད་ཀྱི་པང་དུ་གནས་པ་ནི་ཇི་འདྲའི་བསོད་ནམས་ཆེ་བ་ལ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།