གཡུང་མོའི་མགུར་རྩོམ་ཚན་པ་དྲུག

18028

རས་པ་ཞིག་གི་ཕྱི་ནང་། (༢)

                                                         
   ___ཀུན་བཟང་ཡེ་ཤེས་སྙིང་པོར་ཕུལ་བ།


 བྲག་ཐེམ་པའི་སྟེང་གི་འཇག་སྐྱ་ལ།།
རླུང་བསེར་བུ་ཕོག་པའི་སྦྱུགས་གླུ་དེས།།
རྫ་རང་བྱུང་ཁང་པའི་སྒོ་དྲུང་དུ།།
ལན་དུ་མར་ཕེབས་དགོས་ཨེ་བྱུང་ལགས།།

ལམ་གྱ་གྱུར་འཐེན་པའི་ཕ་རོལ་ཀྱི།།
སྤྲིན་ལང་ལོང་རྒྱུ་བའི་ཐད་འོག་གི།།
འབྲུ་ནས་སྔོན་སྙེ་མའི་རླབས་ངོགས་ཀྱི།།
གནས་པདྨ་ལྷ་རིའི་ཡར་ནང་གི།།

སེམས་སྙི་མོ་ཆུ་ཡི་གཞོང་པ་རུ།།
བུ་ཟླ་ཆུང་ཐོགས་པའི་དྲིན་པོ་ཆེ།།
ཡུལ་ཕ་མ་དྲན་པའི་ཞེན་ཆགས་ཀྱིས།།
མིག་མཆི་མས་བརླན་དགོས་ཨེ་བྱུང་ལགས།།

                          ༢༠༡༨.༡༡.༡༢

བུང་བ་ཞིག་ལ་བླངས་པའི་མགུར།


ཤིང་གྲོ་གའི་མཛེས་པའི་ཡལ་ག་ལ།།
ཡིད་གདུང་བའི་འཕྲིན་ཡིག་མི་གསལ་ཡང།།
བྱེའུ་འཇོལ་མོས་སྨྲེང་བའི་ངང་ཚུལ་གྱིས།།
སྐད་ཀྱ་ཀྱུར་སྒྲོག་པ་ཅི་ཞིག་ལགས།།

ཆུ་སྔོན་མོ་འབབ་པའི་གྲམ་བརྒྱུད་དུ།།
ནོར་རིན་ཆེན་བོར་བ་མ་ཡིན་ཡང་།།
བྱ་ངུར་བས་འཚབ་པའི་རྟུལ་ཞུགས་ཀྱིས།།
སྐོར་ཡང་ཡང་རྒྱག་པ་ཅི་ཞིག་ལགས།།

སྤྲིན་དཀར་ནག་འཐབ་པའི་ནུབ་མཐའ་རུ།།
ཞེ་འདྲེས་པའི་ཟླ་བ་མི་བདོག་ཀྱང་།།
དགུང་ཉི་མས་གོམ་ཆེན་གོམ་ཆུང་གིས།།
ཉིན་མཚན་ལ་གཏུགས་པ་ཅི་ཞིག་ལགས།།

… … …

རྩི་མེ་ཏོག་སྟེང་གི་བུང་བ་ཁྱོས།།
ངའི་བརྩེ་བའི་གཏིང་མཐའ་མི་དཔོག་ཀྱང་།།
རོགས་དྲན་པའི་མགུར་ཆུང་ལྕགས་ཐག་མ།།
སྐྱེམས་སྟབས་བདེ་ཞིག་གི་ཚབ་ཏུ་བཞེས།།

               ༢༠༡༩/༥/༢༦

བསྟོད་མགུར་རྫ་ཆབ་སྔོན་མོ།

                     ––– རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་ལ་ཕུལ་བ།

ཡིད་དད་པའི་ཟླ་ཟེར་ཕོག་རྐྱེན་གྱིས།།
ལག་སོར་ཆུང་པདྨ་ཁ་ཟུམ་དེ།།
བྲང་ན་མོའི་རྒྱན་དུ་འཛིན་པ་ཡིས།།
རྗེ་ཁྱེད་ཀྱི་སྐུ་ལ་མཇལ་ཙ་ན།།
བྱམས་སྙིང་རྗེའི་ཁ་བ་འབབ་སྙམ་བྱེད།།
ལྷ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་འོད།།
མགོན་ཁྱེད་ཀྱི་སྐུ་ལ་ཐིམ་ནས་ཡོད།།

ངག་ད་དིག་སྨྲ་བའི་ནགས་ཀླུང་དུ།།
དུས་རིང་ནས་འཁྱམས་པའི་ཡི་ཆད་དེས།།
ཚིག་བདུད་རྩིའི་རོ་ལ་མྱོང་འདོད་ཀྱིས།།
རྗེ་ཁྱེད་ཀྱི་གསུང་ལ་ཉན་ཙ་ན།།
བརྡ་རིན་ཆེན་གཏེར་མཛོད་རྡོལ་སྙམ་བྱེད།།
མ་དབྱངས་ཅན་ལྷ་མོའི་ཡེ་ཤེས་འཕྲུལ།།
མགོན་ཁྱེད་ཀྱི་གསུང་ལ་འདྲེས་ནས་ཡོད།།

                     ༢༠༡༩.༢.༡༢




དྲན་མགུར་ལག་བཅང་མ།


ཆབ་ཆུ་བོ་བཞུར་བའི་རླབས་ངོགས་སུ།།
བྱ་ངང་བའི་བརྩེ་གླུ་དར་དིར་སྒྲོག།
ཞེ་སྣང་བ་འདྲེས་པའི་ཉམས་འགྱུར་ལ།།
དུས་རྟག་པར་བལྟས་ཀྱང་སུན་པ་མེད།།


ས་གོ་ལ་གོ་ཁ་གྲུ་བཞི་ནས།།
སེམས་འཁྲི་ས་ཁྱོད་དང་ང་རང་གཉིས།།
རིགས་ལང་ཚོའི་མཆོག་དམན་མི་གླེང་ཞིང་།།
རྒྱུ་འབྱོར་བའི་ཐོབ་ཤོར་མི་རྩོད་པའི།།
བྱ་འདི་དག་ཡིན་ན་ཨ་རེ་དགའ།།

ལམ་ཟུར་གྱི་གཙང་ངོགས་སུ་འཇུག་པའི་ངང་པ་ཆ་གཅིག་མཐོང་བའི་རྐྱེན་བྱས་ཏེ། ༢༠༡༨.༢.༢༠ལ་ཤུགས་འབྱུང་དུ་བྲིས་པའོ།།

འཁོར་བའི་ཀློང་གི་བདག་ཉིད་མཐོང་བ།


གནམ་སྐར་ཆེན་སྐར་ཆུང་བརྩིས་ནས་སུ།།
ལོ་ཉེར་གྲངས་ཕྱིན་པའི་འཁོས་ཆུང་ང་།།

སེམས་བརྩེ་བའི་མེ་ཏོག་ར་བ་ན།།
འབུ་སྦྲང་མའི་ཚུལ་དུ་ཅིས་མི་སྡོད།།
ལས་གཙང་ཆེན་བཞུར་བའི་གཏིང་རུམ་ན།།
ལྡེའུའི་དཀར་ནག་ཚུལ་དུ་ཅིས་མི་སྡོད།།

རྒྱུ་ཚིལ་རྙིང་ང་ཡིས་མི་འཆུམ་མོ།།
ཐོབ་སྦ་ལྕག་ང་ཡིས་མི་ཟིན་ནོ།།
གཤིན་རོ་དམ་ང་ཡིས་མི་ཐེག་གོ།

༢༠༡༩.༤.༢༩

ལམ་གླུ་བདག་མེད་མ།


ལུས་ཤོག་སྐྱ་ཐེད་ན་ཆེ་རྒྱུ་མེད།།
ཚེ་བལ་སྐུད་ཆད་ན་ཕངས་རྒྱུ་མེད།།
ལས་རྒྱ་མཚོའི་གཏིང་གི་ནོར་བུ་ལ།།
གོད་ཆག་རེ་ཤོར་ན་སུ་མི་འགྱོད།།

སེམས་རྒྱ་མཐོངས་ནང་གི་ཟླ་ཆུང་དེ།།
སྤྲིན་བན་བུན་ཞིག་གི་དོལ་དུ་ཚུད།།
རླུང་དྲག་ཙམ་ལྡང་བའི་དུས་ཚིགས་ལ།།
ཞིང་ཆུ་མ་དགུ་ཡི་རིན་ཐང་ཡོད།།

བྱེའུ་ཆུང་གི་གཉིད་ལྕོག་ལོས་རྒྱག་རེད།།
གཡེར་དྲིལ་ལ་སིལ་སྒྲ་མི་འདུག་གོ།
མཚན་ལམ་དུ་གཡེང་བའི་ལུ་གུ་ངས།།
གནས་ཡུལ་གྱི་མགྲོན་བྲང་མི་རྙེད་དོ།།

མུ་ཏིག་གི་དོ་ཤལ་མི་བདོག་ཀྱང་།།
དད་གུས་ཀྱི་མེ་ཏོག་སིལ་མས་མཆོད།།
ཐུགས་བྱམས་བརྩེའི་མཛོད་འཆང་རྗེ་བཙུན་མ།།
སྡུག་བསྔལ་གྱི་གངས་སྐྱོན་སེལ་བར་མཛོད།།

༢༠༡༩.༢.༡༨

0

One Response to གཡུང་མོའི་མགུར་རྩོམ་ཚན་པ་དྲུག

  1. *མཚེའུ། ལགས་ཀྱིས:

    *ཞིབ་ཀྱིས་བཀླགས་ཤིང་ཚོར་བས་གྲུབ་སོང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།